༈ དགའ་ལྡན་གནས་སུ་འདུས་པ་དམ་པའི་མདུན། །ལེགས་བཤད་ཏོག་ཏུ་འཐོན་པའི་རབ་དཀར་ཆོས། །ཡུན་རིང་བསྟན་ནས་རྒྱལ་ཚབ་མ་ཕམ་པར། །བསྐོས་མཁས་སེམས་དཔའ་ཆེན་པོར་གསོལ་བ་འདེབས། །མཐོ་རིས་གྱེན་དུ་འདེགས་པའི་གླང་ཆེན་དེ། །མར་མེ་མཛད་ཀྱི་ལུང་བསྟན་དུས་བབ་པར། །སྐུལ་བྱེད་ལྕགས་ཀྱུ་ལན་མང་བཏབ་པའི་མཐུས། །སྒྱུ་འཕྲུལ་ལྷུམས་སུ་ཞུགས་ལ༴
།དེ་ལྷུམས་དཔེ་བྲལ་གཞལ་མེད་ཁང་པའི་ནང༌། །ངོ་མཚར་རི་མོར་བྲིས་པས་མ་ཚིམས་ནས། །ལུམྦི་ནཱི་ཚལ་རྩིབས་ལོགས་གཡས་བརྟོལ་ཏེ། །དགེ་ལེགས་ཕྱོགས་བཅུར་བཀྱེ་ལ༴
།མཁས་ཀུན་དགའ་བ་སྐྱེད་པའི་རོལ་མོ་མཁན། །རིག་པའི་གནས་ཀྱི་ངང་མོའི་ཚོགས་ཐམས་ཅད། །སྐྱེ་བར་འགྲོགས་པའི་སྲེད་པས་ཅིག་ཅར་དུ། །གང་ཐུགས་པད་མཚོར་འདུས་པར༴
།རིགས་ལས་འོངས་པའི་རྩལ་གྱི་སྲེད་མེད་བུ། །ཞུམ་པར་བྱས་འདིས་སྦྱངས་ཤུགས་འགྲན་བཟོད་པ། །འགར་ཡང་མེད་མཉམ་རྩེ་དགའི་འཁྲི་ཤིང་མ། །དྲུག་ཁྲི་ལེགས་སོར་ལོན་དེར༴
།སྐྱེ་རྒ་ན་འཆིའི་སྐྱོན་གཟིགས་གྱིས་བསྲུབས་པ། །ཁྱིམ་གྱི་ཆུ་གཏེར་ཆེན་པོ་ལས་འཐོན་ཏེ། །རབ་ཞི་མཁའ་ལ་དལ་གྱིས་རྒྱུ་བ་ཅན། །སྨྲ་བའི་ཟླ་ཚེས་དེ་ལ༴
།ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་ཀྱི། །ཆོམ་པོས་གང་སྐུའི་མཛེས་པ་ཕྲོགས་པ་ལ། །མ་བཟོད་དེ་བཞིན་གཤེགས་པའི་ཚོགས་འདུས་ནས། །བདེ་བར་དབུགས་འབྱིན་མཛད་དེར༴
།ཞིང་པའི་བུ་མོའི་འོ་ཐུག་སྦྲང་རྩི་ཅན། །འཐུང་པའི་མོད་ལ་མཚན་དཔེའི་དཔལ་རྒྱས་པའི། །མཐུ་སྟོབས་གཞན་གྱིས་ཐེག་པར་མ་གྱུར་ཚེ། །རྡོ་རྗེ་གདན་དུ་གཤེགས་པར༴
།སྲོད་ལ་ས་འདི་དཔང་པོར་བཞག་ནས་སུ། །བདུད་སྡེ་མི་བཟད་ཁྲོས་པའི་དཔུང་བཅོམ་པས། །རྒྱལ་བ་རྒྱལ་བ་ཞེས་བྱར་ལྷ་བཅས་ཀྱིས། །བསྔགས་པའི་མེ་ཏོག་འཐོར་ལ༴
།དགུང་ལ་བསམ་གཏན་རྫིངས་བཅས་ཐུན་མཐའ་མར། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་བརྒལ་ཏེ། །ཐམས་ཅད་མཁྱེན་པའི་རིན་ཆེན་གླིང་སོན་ལ། །འགྲོ་བའི་དེད་དཔོན་མཆོག་དེར༴
།གསེར་གྱི་རྩིབས་སྟོང་འབུལ་བའི་གདོང་བཞིའི་ངོར། །ཝཱ་རཱ་ཎ་སཱིར་བདེན་བཞི་གཞན་དུ་ཡང༌། །ཕར་ཕྱིན་རྡོ་རྗེ་ཐེག་པ་མ་ལུས་པའི། །སྒྲོན་མ་ཅི་དགར་སྦར་བར༴
།འགྲོ་ལ་ཕན་བདེ་འབྱུང་བའི་བསྟན་པ་ནི། །མ་ཉམས་སློབ་མའི་ཚོགས་ཀྱིས་ཟིན་དགོངས་ཏེ། །སཱ་ལའི་ཚལ་དུ་མྱ་ངན་འདས་བསྟན་ནས། །སྐུ་གདུང་རྒྱས་པར་གྱུར་དེར༴
།སྙིགས་མ་ལྔ་ཞིང་གདུལ་དཀའ་འདི་འདུལ་ལ། །སངས་རྒྱས་གཞན་རྣམས་སྤྲོ་བ་ཞན་པའི་ཚེ། །མགོན་པོ་ཁྱོད་ཀྱི་ཐུགས་རྗེས་བདག་ཅག་ལ། །ལྷག་པར་གྱུར་སྙམ་སྙིང་ནས་གསོལ་བ་འདེབས། །བཀའ་དྲིན་ལན་གླན་བདག་ལ་མཐུ་མེད་ཀྱང༌། །ལུས་ངག་ཡིད་གསུམ་གང་གི་འབངས་སྦྱར་ནས། །ཚུལ་གནས་ཐོས་བསམ་སྒོམ་ལ་འབད་པ་ཡིས། །ཁྱོད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག
།དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ན་བདག་སོགས་འགྱུར་བར་ཤོག
།པདྨ་དཀར་པོས་སྦྱར་བའོ།།
- Home-icon
- ལོ་རྒྱུས།
- བློ་སྦྱོང་བསླབ་བྱའི་རིགས།
- རྩོམ་རིགས།
- _དཔྱད་རྩོམ།
- གསུང་འབུམ།
- _ཀུན་མཁྱེན་གསུང་འབུམ།
- _༧སྐྱབས་རྗེ་དགེ་རིན་པའི་གསུང་འབུམ།
- _༧སྐྱབས་རྗེ་༧༠མཆོག་གི་གསུང་འབུམ།
- ཞལ་འདོན་གྱི་རིགས།
- __གསོས་འདེབས་ཀྱི་རིགས།
- __གེགས་སེལ་རིམ་གྲོའི་འདོན་ཆ།
- __སྒྲུབ་ཐབས་ཀྱི་རིགས།
- __མཛད་སྒོ་སྐབས་ཀྱི་ཉེར་མཁོ།
- __བསྔོ་སྨོན་གྱི་རིམ་པ།
- __ཞབས་བརྟན་གསོལ་འདེབས།
- མཛད་རྣམ་གྱི་རིགས།
- _མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་མཛད་རྣམ།
- _སྐྱབས་རྗེ་དགེ་རིན་པའི་མཛད་རྣམ།
- གཞུང་ཆེན་གྱི་རྩ་འགྲེལ།
- _རྩ་བ།
- __འདུལ་བ།
- __དབུ་མ།
- __ཚད་མ།
- __ཤེར་ཕྱིན།
- __མངོན་པ།
- _འགྲེལ་པ།
- __དབུ་མའི་འགྲེལ་པ།
- དཀྱིལ་ཆོག
- _འབྲུག་པའི་གར་འཆམ་གྱི་ངོ་སྤྲོད།
- _གཏོར་མའི་སྐོར།
- _དཀྱིལ་ཆོག་དཔེ་ཆ་སྣ་ཚོགས།
- _གདངས་དབྱངས།
- གློག་བརྙན་གྱི་རིགས།
0 Comments
ཐུགས་འཆར་བཀོད་གནང་།