མདོ་ལུགས་བརྒྱུད་པའི་པཎ་གྲུབ་རྣམས་ལ་བསྟོད་པ།

༈ འཇིག་རྟེན་མཆོད་འོས་ཡོངས་ཀྱི་བླ་མ་ནི། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་གྲགས་པའི་གཞི། །ཐེག་གསུམ་འཁོར་ལོས་སྒྱུར་བ་ཟས་གཙང་སྲས། །བསྐལ་པ་བཟང་པོའི་སྒྲོན་མ་བཞི་པར་འདུད། །གང་ཞིག་ཕན་བདེ་ཐམས་ཅད་འབྱུང་བའི་ཁུངས། །བསྟན་པ་རིན་ཆེན་ཕྱག་ཏུ་གཏད་པ་དེ། །ཆོས་བཞིན་བྱི་དོར་མཛད་པའི་དགྲ་བཅོམ་པ། །གནས་བརྟན་རྒྱལ་ཚབ་ཆེན་པོ་རྣམས་ལ་འདུད། །ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཞེང༌། །ནམ་ཡང་མཐའ་གཉིས་གནས་ལ་གནས་བྲལ་བས། །བདེ་བ་ཅན་ནས་མཐར་གྱིས་དང་བའི་འོད། །འཚང་རྒྱའི་བར་དུ་བརྡལ་བ་དེ་ལ་འདུད། །ཐུབ་པར་སྨོན་ལམ་བཏབ་གྲུབ་འཕགས་པའི་ལྷ། །པདྨའི་སྦུབས་འཁྲུངས་མཁས་བསླབས་ན་ལནྡར། །མ་ཁོལ་བཏུལ་བའི་སྒྲ་སྐད་ད་ལྟའི་བར། །དབྱར་སྐྱེས་རྔ་བོ་ཆེ་ལྟར་གྲགས་ལ་འདུད། །བྱམས་མགོན་བཅུ་གཉིས་ལོར་བསྙེན་ནངས་ཀྱི་མཐར། །དངོས་ཀྱིས་རྗེས་བཟུང་ཐུབ་པའི་མདོ་ཀུན་ལ། །ཐོགས་མེད་འདོན་འདྲི་རྩོད་མཁན་ཀུན་གྱི་དཔང༌། །འོད་བྱེད་ས་ལ་གནས་པའི་ཞབས་ལ་འདུད། །སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་འདིར། །གཅེན་གྱི་དྲིན་ལས་ཕྱིར་མི་ལྡོག་ཐོབ་པ། །གཞུང་ལུགས་འབུམ་སྡེ་གོ་དགུའི་གླེགས་བམ་ཆེ། །དབྱིག་གཉེན་སངས་རྒྱས་གཉིས་པར་གྲགས་ལ་འདུད། །འཇམ་པའི་དབྱངས་ཀྱིས་རྗེས་བཟུང་དྲི་མེད་བློ། །ཀུན་བཏུས་རལ་གྲི་རེངས་པ་སྣར་བཅངས་ནས། །རྩོད་པའི་མདུན་སར་མུ་སྟེགས་ཁ་བཏགས་ཤིང༌། །རྒྱལ་བསྟན་བཏེག་པའི་ཕྱོགས་ཀྱི་གླང་པོར་འདུད། །དམ་པའི་རྣ་བར་ལྷུང་འོས་སྡེ་བདུན་གྱིས། །རྒོལ་བ་ཚར་གཅད་ཆོས་ཀྱི་སྒྲ་གྲགས་པས། །སྨྲ་བ་རྣམས་ཀྱི་གཙུག་ལག་སྟེགས་བཅས་ཏེ། །མཁའ་སྤྱོད་ཆེན་པོར་བགྲོད་པ་དེ་ལ་འདུད། །རང་གཞན་གྲུབ་མཐའ་རྒྱ་མཚོ་ཕར་བརྒལ་ནས། །བསླབ་གསུམ་རིན་ཆེན་གཅེས་པས་མཛོད་བཀང་ཞིང༌། །ལུགས་བཞིན་མདོར་ཕྱུང་རིས་མེད་སློང་བ་ལ། །བགོ་བཤར་མཛད་པ་ཡོན་ཏན་འོད་ལ་འདུད། །ཤཱཀྱའི་རིང་ལུགས་ཉིན་མོར་བྱེད་པའི་འོད། །འབུམ་ཕྲག་གང་གི་ཕྲག་པར་ལྡན་པ་ནས། །མི་ཤེས་མུན་པའི་འཇུག་པ་རྒྱང་བསྲིངས་ཞེས། །ཀུན་གྱིས་ཡང་ཡང་བསྔགས་པ་དེ་ལ་འདུད། །གཞན་ཡང་རྒྱལ་བའི་བསྟན་ལ་མཛད་པའི་ཕུལ། །སྟོན་པ་ཉིད་བཞིན་འཕྱུར་བ་རྒྱ་གར་གྱི། །པཎྜི་ཏ་དང་གངས་ཅན་འདིར་བྱོན་པའི། །འཇིག་རྟེན་མིག་གྱུར་རྣམས་ལ་གུས་པས་འདུད། །ཇི་ལྟར་བདག་གིས་གུས་པས་གསོལ་བཏབ་པས། །དེ་ལྟར་ཡོན་གནས་རྣམས་ཀྱིས་མཐུ་བསྐྱེད་ནས། །ཡངས་པའི་ས་རྣམས་ཀུན་ཏུ་ཐུབ་པའི་བསྟན། །རྙེད་དང་བཀུར་སྟིར་བཅས་ཏེ་རྒྱས་གྱུར་ཅིག
།པདྨ་དཀར་པོས་སོ།།
0 Comments
ཐུགས་འཆར་བཀོད་གནང་།