
ལྷོ་ཕྱོགས་དཔལ་གྱི་དུམ་བུའི་ནགས་ལྗོངས་འདིར། །ཆོས་སྲིད་གདུགས་དཀར་གཅིག་གི་ད་ལྟའི་བར། །
ཕན་བདེའི་གྲིབ་བསིལ་སྦྱིན་པའི་བཀའ་དྲིན་ཅན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
སྤྲུལ་གཞི་ཕུན་སུམ་ཚོགས་པའི་སྐུ་འཕྲེང་།
དེ་ཡང་བདག་ཅག་གི་སྐྱབས་མགོན་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་འདི་ནི་གནས་ཚུལ་གྱི་དབང་དུ་བྱས་ན། གདོད་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཅན་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་པར་ཞུགས་པ་ཞིག་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་གསུངས་པ་ལྟར།།སྣང་ཚུལ་གཟུགས་སྐུའི་དབང་དུ་བྱས་ནའང་། དག་དང་མ་དག་པའི་ཞིང་ཁམས་རྒྱ་མཚོར་སྒྱུ་འཕྲུལ་སྣ་ཚོགས་པའི་གཟུགས་བརྙན་རྣ མ་པ་ཐམས་ཅད་པར་འཆར་བ་ཞིག་སྟེ། ཀུན་མཁྱེན་ཆེན་པོས། ཆུ་ཀླུང་ཀུན་ན་ཅིག་ཅར་ཟླ་གཟུགས་བཞིན། །འགྲོ་མང་འདུལ་ལ་སྤྲུལ་པའི་སྐུ་དེ་ལྟར།།ཞེས་སོ། །དེ་ལྟ་ན་རང་གདུལ་བྱ་ཕྱོགས་གཅིག་གི་ཁམས་དབང་བསམ་པའི་མེ་ལོང་དང་མཚམས་པའི་བརྙན་པོ་ཉིད་དུ་ཞལ་གྱིས་བཞེས་པའི་ཚུལ་འཁྲུངས་རབས་ཕུན་སུམ་ཚོགས་པ་ལྟར་བརྗོད་ན། །བདེ་ལྡན་སྣང་མཐའི་སྤྱན་སྔར་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཤམྦྷ་ལའི་སེང་ཁྲིར་རིགས་ལྡན་པདྨ་དཀར་པོ། ལྷ་ལྡན་ཡུལ་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ། ཟ་ཧོར་ཡུལ་དུ་མཁན་ཆེན་ཞི་བ་འཚོ། ཁ་ཆེའི་ཡུལ་ན་པཎ་ཆེན་ནཱ་རོ་ཏ་པ། གཉལ་སྨད་སྙི་བའི་རིགས་སུ་ཆོས་རྗེ་དྭགས་པོ་ལྷ་རྗེ། མྱང་སྟོད་རྒྱའི་གྲོང་ན་འགྲོ་མགོན་ཡེ་ཤེས་རྡོ་རྗེ། མངོན་དགའི་ཞིང་དུ་སྣང་བ་རྡུལ་བྲལ་སེམས་དཔའ། གངས་ཅན་ཕུལླ་ཧ་རིར་རྒྱལ་དབང་ཀུན་དགའ་དཔལ་འབྱོར། བྱ་ཡུལ་གོང་མའི་སྲས་སུ་འཇམ་དབྱངས་ཆོས་ཀྱི་གྲགས་པ། ཤར་ཕྱོགས་ཀོང་པོའི་ཡུལ་དུ་ཀུན་མཁྱེན་པདྨ་དཀར་པོ་བཅས་སྐུ་ཕྲེང་ནོར་བུ་བསྟར་ལ་བརྒྱུས་པ་བཞིན་བྱོན་པའི་མཐར། ཆོས་སྲིད་ལུགས་གཉིས་ཀྱི་མངའ་བདག་ཆོས་ཀྱི་རྒྱལ་པོ་འདི་ཉིད་འབྱོན་འགྱུར་དུ། ཀུན་མཁྱེན་ཞབས་ཀྱིས། སྔོན་བྱོན་རྒྱལ་བ་ཀུན་གྱི་སྤྲུལ་པའི་གཞི་སོགས་ནས། ཆོས་ཀྱི་རྒྱལ་པོ་ཞེས་གསུངས་པའི་ལུང་གིས་གསལ་བ་ལྟར་དང་།
སྐུ་འཁྲུངས་ཚུལ།
ཤིང་ས་ལའི་རྒྱལ་པོ་ལྟར་སྲིད་ན་མཐོ་བའི་གདུང་བརྒྱུད་ཀྱང་གོང་སྨོས་བཞིན་དུ་དཔལ་ལྡན་འབྲུག་པའི་གདུང་རབས་དྲི་མ་མེད་པ་ལས་བྱོན་པའི་ཡབ་ཟླ་བའི་ཐོད་ཅན་མི་ཕམ་བསྟན་པའི་ཉིན་བྱེད་དང་། ཡུམ་རྡོ་རྗེ་བཙུན་མོ་བསོད་ནམས་དཔལ་གྱི་མཚན་ཅན་གང་ལས། རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའི་སྐུ་གང་ཞིག་གནས་གང་དུ་བལྟམས་པའི་ཡུལ་གྱི་ངེས་པའང་། བོད་ཡུལ་ཆོལ་ཁ་གསུམ་གྱི་ནང་ཚན་དབུས་གཙང་དམ་པའི་ཆོས་ཀྱི་ཆོལ་ཁའི་ཆར་གནམ་འབྲུག་བྱང་ཆུབ་གླིང་གི་གཞིས་ཀ་མགར་གྲོང་དུ། གང་གི་ཚེ་བལྟམས་པའི་དུས་ཚིགས་ཀྱི་ངེས་པའང་། སྟོན་པའི་འདས་ལོ་ཉིས་སྟོང་བཞི་བརྒྱ་བདུན་ཅུ་དོན་ལྔ་དང་། སྤྱི་ལོ་ཆིག་སྟོང་ལྔ་བརྒྱ་དགུ་བཅུ་གོ་བཞི་པ་རབ་བྱུང་བཅུ་པའི་རྒྱལ་བ་ཤིང་རྟའི་མཆུ་ཟླ་དཀར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཉིན། ཇི་ལྟར་བལྟམས་པའི་ཚུལ་ཡང་། འདབ་བརྒྱ་པ་དང་མཛའ་བའི་འོད་ཀྱིས་འཛིན་མའི་བཞིན་རས་གསལ་བ་དང་ལྷན་ཅིག མཚན་དཔེའི་མེ་ཏོག་སྦུབས་རྒྱ་གྲོལ་ཏེ་དགེ་མཚན་དུ་མའི་ལྟས་དང་བཅས་ཆོས་ཉིད་རྣམ་དག་གིས་གསུང་སྔགས་སྒྲོག་བཞིན་དུ་འཁྲུངས། ངོ་མཚར་གྲགས་པའི་དཔལ་ཡང་། དེའི་མོད་ལ་སྙན་པའི་དྲི་བསུང་ཕྱོགས་བརྒྱར་འཐུལ་བས་སྐྱེ་བོ་ཀུན་གྱི་ཚོགས་དྲུག་གི་བུང་བ་ཐམས་ཅད་མིག་གི་དོ་རར་ཁུག་སྟེ་འདུས་པ་རྣམས་ལ། འོད་ཡངས་ཚ་བོའི་མཛོད་ལས་བླངས་པ་ལྟ་བུའི་འཁྲུངས་སྟོན་གྱི་ཟིལ་དངར་བཀྱེ་བར་མཛད། །
མཚན་གསོལ་དང་སྐུ་ཡོན་གསན་བཞེས།
ཞལ་གྱི་ཟླ་ཚེས་མཇལ་བ་ཙམ་གྱིས་དད་པའི་ཆུ་མཚོ་སྤེལ་བར་ནུས་པའི་རྒྱལ་སྲས་གཞོན་ནུ་གང་ལ་ཡབ་མེས་ཀྱི་མཚན་ལས་གྲས་ཏེ་མི་ཕམ་བསྟན་འཛིན་རྡོ་རྗེ་ཞེས་མཚན་གསོལ། དེ་ཡང་ཉིན་རིམ་བཞིན་ཚེས་པའི་ཟླ་བ་ཆ་ཤས་རྫོགས་ཏེ་ཐ་ན་སྤྱན་གྱི་གཟིགས་སྟངས་ཚུན་ཆད་ཀྱང་བྱིས་པའི་སྤྱོད་ཚུལ་མི་མངའ་བར་ཞི་དུལ་དེས་པའི་རང་བཞིན་གྱིས་དམ་པའི་ཚུལ་ལ་གནས། དགུང་གྲངས་བཞི་ལྔ་ཙམ་ནས་བྲི་ཀློག་མཁྱེན་པ་མ་ཟད་ཐུགས་དམ་ལྗགས་བཟླས་ཀྱང་ནར་མར་མཛད། མཚན་མོ་མཁའ་འགྲོ་ཆོས་སྐྱོང་གིས་ཕུལ་བའི་འབྲས་དཀར་མོའི་རུ་མ་ལྗགས་འོག་ནས་ཐོན་པ་ཡང་ཡང་བྱུང་བས་འབྲས་ཡུལ་གདུལ་བྱར་བབ་པའི་རྟེན་འབྲེལ་མངོན་ང་གསྐབས་ཤིག་དུད་སོལ་མའི་གཏོར་འབུལ་གནང་དུས་གཏོར་མ་ལས་མེ་ཕྲོམ་ཕྲོམ་མཆེད་པ་སོགས་དྲུང་ན་གནས་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་རྟགས་ཀྱང་མང་དུ་བྱུང་།
དགེ་བསྙེན་སྡོམ་པ་དང་གདམས་པ་བཞེས་ཚུལ།
དགུང་གྲངས་བརྒྱད་ལ་མི་ཕམ་ཆོས་རྒྱལ་གྱི་སྤྱན་སྔར་གཙུག་ཕུད་ཕུལ་ཏེ་དགེ་བསྙེན་གྱི་སྡོམ་པ་བཞེས། ཀུན་མཁྱེན་འབྲུག་པའི་ལུང་གིས་བསྔགས་པ་བཞིན་ངག་གི་དབང་པོ་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་གྱི་ཅོད་པན་བརྗིད་པར་བཅིངས། དེ་ནས་བཟུང་ཡབ་མེས་གཉིས་དང་ ཡོངས་འཛིན་ལྷའི་མཚན་ཅན་ལ་སོགས་པའི་ཞབས་ནས། ཐུན་མོང་ཐུན་མིན་མདོ་སྔགས་རིག་གནས་དང་བཅས་པའི་བཤད་པ་དང་སྨིན་གྲོལ་གདམས་པའི་བདུད་རྩི་བཞེས། ཁྱད་པར་ཤིན་ཏུ་ཐུན་མིན་གྱི་སྐོར། ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་བསྲེ་འཕོ་ཆོས་དྲུག སྤྱོད་པ་རོ་སྙོམས་སྐོར་དྲུག འབྲས་བུ་རྟེན་འབྲེལ་རབབས་བདུན། ཀུན་ལ་གཅེས་པ་བླ་སྒྲུབ་སྟེ་གདམས་པའི་གཞུང་ཤིང་ཆེན་པོ་ལྔ་དང་། དེ་ལས་ཡལ་གའི་ཚུལ་དུ་གྱེས་པའི་གདམས་ཟབ་དཔག་ཏུ་མེད་པ་རྣམས་གསན་ལོ་ཙམ་མ་ཡིན་པར་ཐུགས་ཐོག་ཏུ་རྡོ་རུས་འཕྲོད་པར་བཞེས་ནས་རྒྱལ་དབང་པདྨ་དཀར་པོའི་བག་ཆགས་རྡུལ་དང་བྲལ་བར་སད་དེ་མཁྱེན་རབ་ཀྱི་པདྨོ་རྒྱས།
གདན་ཁྲིར་མངའ་གསོལ་བ།
དགུང་གྲངས་བཅུ་གསུམ་བཞེས་པའི་མེ་རྟ་ལ་གདན་ས་ར་ལུང་དུ་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་འཕངས་མཐོན་པོར་ཞབས་པད་བཀོད་དེ་མངའ་གསོལ་མཛད། དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་བསྟན་འཛིན་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པའི་སྡེ་ཞེས་མཚན་གྱི་དར་དཔྱངས་ལྷག་པར་གསོལ་བའི་སྐབས། གངས་ཅན་གྱི་བླ་ཆེན་ཁག་དང་ས་སྐྱོང་ཆེ་རྒུ་ཡོངས་ཀྱིས་ལེགས་འབུལ་དགུང་དུ་བརྩེགས་ཏེ་ཞབས་ནས་བཏེགས། དེ་རྣམས་ལ་སོ་སོའི་མོས་བློ་དང་འཚམས་པའི་ཆོས་སྦྱིན་གྱི་ཟིལ་དངར་ཅི་དགར་འགྱེད། དེ་དག་གི་སྨྲ་སྒོར་ཆགས་པའི་རྫི་ཕྱོགས་ནས་མཁས་པའི་སྙན་དྲིས་བོད་ཁམས་ཡོངས་ལ་ཁྱབ། དེ་ནས་སྒོམ་པའི་ཟིལ་དངར་བཅུད་དུ་བསྒྲིལ་ཏེ་ཉམས་སུ་བཞེས་པར་མཛད་པས། ལྟ་བ་ལུང་རིགས་ལ་རྨ་ལྟོས། སྒོམ་པ་སེམས་འཛིན་ལ་མ་ལྟོས། སྤྱོད་པ་གནང་བཀག་ལ་མ་ལྟོས། འབྲས་བུ་དུས་རྟགས་ལ་མ་ལྟོས་པར་ལྟ་སྒོམ་སྤྱོད་འབྲས་ཆིག་ཆོད་དུ་གྱུར་ནས་རྟོགས་པ་དོན་གྱི་ཡེ་ཤེས་ཅར་ཕོག་ཏུ་གཟིགས་ཏེ་གྲུབ་པའི་རྒྱལ་ཐབས་རང་དབང་དུ་བསྒྱུར།
གདུལ་བྱའི་ལུང་བསྟན་དུས་ལ་བབས་པ།
དེ་ལྟར་མཁས་དང་གྲུབ་པའི་གྲགས་སྙན་སྤྲིན་གྱི་རྔ་གསང་རིང་དུ་བསྒྲགས་པས་གཞན་སྡེའི་ཁེངས་པ་ཅིག་ཅར་དུ་གཞོམ་ནས་སྙིང་ལས་ནང་དུ་ཆུམ་པའི་ཟུག་རྔུ་ལ་སྦྱར་བའི་སྐབས། ལྟར་སྣང་འབྲུག་པ་ནང་ཚན་གྱི་རྩོད་གཞི་དང་གཙང་པའི་སྡེ་གཟར་ལྟར་དུ་སྣང་མོད་ཀྱི། དོན་དུ་ཡེ་ཤེས་མགོན་པོས་ཁ་བཞི་ལྷོའི་རྒྱལ་ཁབ་གདུལ་བྱའི་ཞིང་དུ་ཕུལ་བའི་ཉེར་ལེན་དང༌། ཨོ་རྒྱན་ཐམས་ཅད་མཁྱེན་པའི་བཀའ་ལུང་སྟེ། སྟག་ཤམ་དགོངས་འདུས་ཁོག་དབུབ་ལས། ནམ་མཁའི་སྙིང་པོ་རང་འོད་འབྲུག་གིས་མཚན༔ ངག་གི་མིང་ཅན་ལྷོ་རོང་ཕྱོགས་སུ་འབྱུང་༔ ཞེས་དང་། ངག་གི་མིང་ཅན་དྲག་སྔགས་གྲུབ་པ་འདིས༔ མོན་ཁ་བཟུང་ནས་བོད་འབྲུག་གསོས་སུ་འགྱུར༔ ཞེས་དང༌། བདུད་འདུལ་གཏེར་ལུང་ལས། ནཱ་རོའི་སྤྲུལ་པ་ངག་གི་མིང་ཅན་འབྱུང་༔ ཕྱག་རྒྱ་ཆེན་པོས་འགྲོ་རྣམས་སྨིན་པར་བྱེད༔ཅེས་སོགས་གཏེར་ལུང་རྣམས་ལས་ལན་ཅིག་མིན་པར་ཡང་ནས་ཡང་དུ་བསྔགས་པའི་ལུང་དང་། ཆོས་རྗེ་གཙང་པའི་ཞལ་ཆེམས་ལུང་བསྟན་རྣམས་རྟེན་འབྱུང་ཚོགས་ཤིང་དུས་ལ་བབ་པ་ལས། གདུལ་བྱའི་ཕྲིན་ལས་དུས་ལས་མི་ཡོལ་བར་དམ་ཅན་སྲུང་མ་རྣམས་ཀྱིས་ཕྲིན་ལས་ཀྱི་སྟོངས་གྲོགས་མཛད་དེ་དགོན་བླ་མ་འོབས་མཚོ་པས་སྤྱན་འདྲེན་པའི་ཞུ་ནན་འབྱོར།
ཆིབས་ཁ་ལྷོར་བསྒོར་བ་དང་གཙང་དམག་དང་པོ།
དགུང་གྲངས་ཉེར་གསུམ་བཞེས་པའི་མེ་འབྲུག་ལ་འོབས་མཚོ་པའི་དཔུང་གིས་བསུས་ཏེ་ཡུལ་ལ་དགེ་བ་བཅུ་དང་ལྡན་པ་ཁ་བཞི་ལྷོའི་རྒྱལ་ཁབ་ཙནྡན་ནགས་མོའི་ལྗོངས་སུ་ཆིབས་ཁ་བསྒྱུར། ཐོག་མར་མགར་ས་དང་དེ་ལས་གང་བུ་གངས་དང་སྨན་རྩེ་འབྲོག་ཡུལ་བརྒྱུད་དེ་སྤང་རི་ཟམ་པར་བྱོན། བདེ་ཆེན་ཕུར་མདུང་དམར་འཛིན་པ་ལ་བཀའ་བཏད་མཛད་དེ་ཚལ་ལུང་ནས་བརྒྱད་སྤ་གྲོར་བྱོན། གོང་མའི་གདན་ས་འབྲུག་ཆོས་སྡིངས་སུ་བཞུགས་སྒར་ཕབ་སྟེ་སྐུ་ངལ་བརྟེན་སྐབས་གཙང་པའི་དམག་དཔུང་བྱུང༌། དེར་བླ་མའི་རྫུ་འཕྲུལ་དང་ཆོས་སྐྱོང་གི་མཐུས་ཕ་རོལ་པའི་མིག་སྔར་མཐོང་མྱང་མི་འདྲ་བ་མང་དུ་བྱུང་ནས་དཔུང་རྣམས་རྟབ་རྟབ་པོར་གྱུར་ཏེ་རེ་ཞིག་སྲན་ཕུང་ལ་རྡོ་ཕོག་པ་ལྟར་ཕྲུ་མ་རང་འཐོར་དུ་སོང་། དེ་ནས་ཝང་དམག་གིས་བསུས་ཏེ་སླར་སྤང་རི་ཟམ་པ་དང་ཞག་ཤུལ་དགོན་པ་ཝ་ཅན་རྫོང་རྣམས་སུ་རེ་ཞིག་བཞུགས།
རྟ་མགོར་བྱོན་ཏེ་སྡེ་སྲིད་གཙང་པ་བསྒྲལ་བ།
དེ་ལས་དཀར་སྤེ་མཐུ་ལུང་སྒང་ནས་བརྒྱུད་དེ་མི་འགྱུར་རྡོར་གདན་དུ་བྱོན། དེ་སྐབས་ཕ་ཇོའི་ཡང་སྲིད་ཚེ་དབང་བསྟན་འཛིན་དང་སྨོན་ལམ་དབང་གིས་བླ་སློབ་ཞལ་འཛོམས། རྟ་མགོའི་གདན་ས་གྲྭ་འབངས་དང་བཅས་པ་ལྟོས་མེད་དུ་ཕུལ་བའི་སྣ་ལེན་བཟང་པོས་གདན་འདྲེན་ནས་རྟ་མགོར་བྱོན། དེར་བྲག་རྟ་མགྲིན་རང་བྱོན་གྱི་ཁོང་གསེང་དུ་གཟིམས་ཁང་མཛད་དེ་མགོན་པོའི་དྲག་སྒྲུབ་ཐོད་ནག་ལ་བརྟེན་པའི་མངོན་སྤྱོད་ལས་ཀྱིས་སྐུ་དགྲ་སྡེ་སྲིད་གཙང་པ་བཙུན་མོ་དང་བཅས་པ་ཟླ་གཅིག་གི་ཁོངས་སུ་བསྒྲལ། དེ་སྐབས་བདུད་གྱི་གཡུལ་ལས་རྒྱལ་བའི་རུ་ཚོན་བསྒྲེང་ནས་སྲུང་མའི་ཚོགས་ལ་གཏང་རག་གི་དགའ་སྟོན་རྒྱས་པར་གནང་བའི་ཚེ། ལུགས་གཉིས་འཁོར་ལོ་སྒྱུར་བ་ང་། །ང་ནི་ཀུན་གྱི་སྐྱབས་སུ་བཟང་། །ཞེས་སོགས་བཀའ་ཐམ་ང་ཡིག་བཅུ་དྲུག་མར་གྲགས་པའི་སེང་གེའི་ང་རོ་བསྒྲགས་པས་ས་ཆེན་ཁྱབ། དེའི་དབང་གིས་གཟིམས་ཕུག་དེའང་བདུད་འདུལ་ཕུག་མོ་ཆེར་གྲགས། རྗེ་བླ་མའང་བདུད་འཇོམས་རྡོ་རྗེ་ཞེས་གྲགས་པ་དོན་ལ་གནས་པ་མ་ཟད་ལུང་གིས་ཀྱང་གྲུབ་སྟེ། མགོན་པོ་དངོས་གྲུབ་འབྱུང་བ་ལས། འཁོར་བའི་བདུད་རྣམས་འཇོམས་པ་པོ། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །ཞེས་དང་། ཨོ་རྒྱན་ཆེན་པོས། བདུད་འཇོམས་རྡོ་རྗེ་ཞེས་བྱ་བ༔ གསང་སྔགས་བསྟན་པའི་བདག་པོ་འབྱུང་༔ ཞེས་སོགས་རྩོད་མེད་ལུང་གིས་བསྔགས་པའི་ཕྱིར་རོ། །དེ་ནས་སླར་ཡང་གཟིམས་ཕུག་དེ་ཉིད་དུ་བཅད་རྒྱར་བཞུགས་པའི་སྐབས་ཤིག་ལྷ་འདྲེའི་ཆོ་འཕྲུལ་གྱིས་བྲག་རི་བསྙིལ་ཡང་རྡོ་རྗེ་ལྷུན་པོ་ལྟར་གཡོ་མེད་དུ་བཞུགས་པས། ཕ་བོང་གཡག་ཤས་ཙམ་ཞིག་དབུ་ཐོག་ཏུ་ལྷང་བ་བླ་རེས་འདེགས་པའི་ངོ་མཚར་སྔོན། དེ་ལྟ་བུའི་ལྷོངས་ཚད་ཀྱང་ཚར་ཚད་དུ་བསྒྱུར་ནས་བདུད་ཀྱིས་མི་བརྫི་བའི་སྟོབས་བརྙེས།
ཡབ་ཀྱི་སྐུ་གདུང་གདན་འདྲེན་པ་དང་ལྕགས་རིའི་གཙུག་ལག་ཁང་བཏབ་སྟེ་དགེ་འདུན་གྱི་སྡེ་
བཙུགས་པ།
དེ་ནས་དགུང་གྲངས་ཉེར་དྲུག་བཞེས་པའི་ས་ལུག་ལ་ཡབ་རྗེ་གྲུབ་པའི་དབང་ཕྱུག་ཉིན་མོར་བྱེད་པའི་དཀྱིལ་འཁོར་དེ་ཡང་། དཔལ་ར་ལུང་མེ་ཏོག་མདངས་འཕྲོག་གི་ཁྲི་འཕངས་མཐོན་པོ་ལས་བཞེངས་ཏེ་ཆུ་ལྷའི་དབྱིངས་སུ་གཟིམས་པའི་ཚུལ་གསན། སྐུ་གདུང་རིང་བསྲེལ་གྱི་གོང་བུ་གསང་ཐབས་སུ་གདན་དྲངས་ནས་བྲག་རྟ་མགྲིན་རང་བྱོན་གྱི་ཁོང་གསེང་བར་མའི་ནང་དུ་ཞུགས་འབུལ་མཛད། གདུང་རྟེན་བཞུགས་པའི་གཙུག་ལག་ཁང་བཞེངས་པར་དགོངས་ཏེ། དགུང་གྲངས་ཉེར་བདུན་བཞེས་པའི་ལྕགས་སྤྲེལ་ལ་ལྕགས་རིར་ཆོས་ཀྱི་གཡེའི་དགོན་པ་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོ་གསར་དུ་བཏབ་སྟེ་ལོ་ཕྱེད་དང་གཉིས་ལ་གྲུབ། བལ་ཡུལ་ནས་བཟོ་བོ་ཁ་ཤས་བཀུག་སྟེ་བཟོ་གྲྭ་བཙུགས། བདུད་འདུལ་མཆོད་རྟེན་ཐོག་ཚད་གཉིས་མ་བཞེངས། དགུང་གྲགས་ཉེར་བརྒྱད་པ་ལྕགས་བྱ་ལ་གདུང་རྟེན་དངུལ་འབུམ་ཆེན་མོ་གྲུབ་པའི་དགའ་སྟོན་དུ་དགེ་འདུན་སུམ་ཅུའི་ཆོས་གྲྭ་བཙུགས་ཏེ་ཆོས་སྲིད་བསྟན་པའི་དབུ་ཚུགས།
མཁས་གྲུབ་ལྷ་དབང་བློ་གྲོས་གདན་འདྲེན་པ་དང་ལོ་གསུམ་མའི་ཐུགས་དམ།
དེ་སྐབས་ཡོངས་འཛིན་མཁས་གྲུབ་ཆེན་པོ་ལྷའི་མཚན་ཅན་ཡང་སྤྱན་དྲངས་ཏེ་ལྕགས་རིའི་གདན་སར་བཞུགས་སུ་གསོལ་བ་ལས་དགེ་འདུན་གྱི་སྡེ་ཡང་ཉིན་རིམ་བཞིན་དུ་ཆེ་ཆེར་རྒྱས། དགུང་གྲངས་སུམ་ཅུར་སོན་པའི་ཆུ་ཕག་ལ་ལྕགས་རིའི་ཡང་དབེན་བདུད་འདུལ་ཕུག་པར་སྤོང་བའི་བརྟུལ་ཞུགས་བཟུང་ནས། མེ་ཏོག་གི་བཅུད་ལེན་ལ་བརྟེན་ནས་ཐུགས་དམ་འོད་གསལ་གྱི་ངང་དུ་འདག་སྦྱར་ལོ་གསུམ་བཞུགས་ནས་བསྲེ་འཕོ་སོགས་ལས་གསུངས་པའི་རྟགས་བཅུ་ཡོན་ཏན་བརྒྱད་སོགས་གཟིགས་པ་ཚད་དུ་ཕྱིན་པའི་མཐར། བླ་མ་ལྷ་དང་སྲུང་མའི་ལུང་གིས་བསྐུལ་ཏེ་ཐུགས་དམ་ལས་བཞེངས། དགེ་འདུན་ཚོགས་པ་རྣམས་ཀྱིས་གསེར་སྦྲེང་གིས་བསུས་ཏེ་ཆོས་ཀྱི་ཁྲི་ཆེན་པོར་ཞབས་པད་བཀོད། ལྷོ་མོན་གྱི་སྐྱེ་བོ་འདུས་ཤིང་ཚོགས་པ་རྣམས་ལ་ཞལ་མཇལ་དང་དབང་ཆོས་ཀྱི་དགའ་སྟོན་དཔག་ཏུ་མེད་པར་འགྱེད། །
བཀའ་རྒྱ་བསྒྲགས་ཏེ་སྒར་བསྐོར་ལ་བྱོན་པ་དང་གསང་སྔགས་ཟབ་དོན་ཕོ་བྲང་བཞེངས་ཏེ་སྲས་
བསྐྲུན་པ།
དེ་ནས་དགུང་གྲངས་སོ་བཞི་པ་རབ་བྱུང་བཅུ་གཅིག་པ་ཚེས་པའི་མེ་ཡོས་ལ་ལུགས་གཉིས་གསེར་གྱི་འཁོར་ལོས་བསྒྱུར་བར་བཞེད་ནས། ལྗོངས་འདིའི་ལྷ་སྲིན་སྡེ་བརྒྱད་ཡོངས་ལ་རྡོ་རྗེ་གསུང་གིས་བདེན་ཚིག་བདར་ནས་བཀའ་རྒྱ་སྤྲིངས། དགུང་གྲངས་སོ་ལྔ་པས་འབྲུག་ལ་འགྲོ་དོན་རྟེན་འབྲེལ་དུ་དགོངས་ནས་ཤར་ཝང་སྤར་གསུམ་ལ་སོགས་པའི་ཡུལ་ལྗོངས་མཐའ་དག་ཞབས་ཀྱིས་བཅགས། ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་བསྡུས་ཏེ་དད་ལྡན་ཡོངས་ལ་ཐར་པའི་ས་བོན་འདེབས། །དེ་ནས་དགུང་གྲངས་སོ་དྲུག་པ་ས་སྦྲུལ་ལ་སྲིན་ མོ་རྡོ་ཁར་གསང་སྔགས་ཟབ་དོན་གྱི་ཕོ་བྲང་ཆེན་པོའི་རྨང་བཏིང་ནས་ཆོས་སྲིད་སེང་གེའི་ང་རོ་ཆེར་བསགས་པས། སྔར་ནས་ནགས་མོའི་ལྗོངས་ཀྱི་རི་སུལ་རྣམས་སུ་ཚང་མལ་སིལ་མར་ཆགས་ཏེ་གནས་པའི་དྲེགས་རློམས་གླང་ཆེན་ཁག་ལྔ་ཕྲག་དོག་ཆང་གིས་རབ་ཏུ་མྱོས་ནས། ངོ་རྒོལ་ཨུང་གི་ང་རོ་སྒྲོག་ཅིང་ཞེ་སྡང་གི་སྣ་ཞགས་རིང་དུ་བརྐྱངས་ཏེ་མཚོན་ཆའི་འཕྲུལ་ཐབས་དྲངས་ཀྱང་། འཇིགས་དང་བག་ཚ་མི་མངའ་བར་རི་དབང་ལར་བཞུགས་དུས་གཞན་སྡེ་རང་གཤེད་རང་ཐོག་ཏུ་བྱུང་ནས་གླགས་མ་རྙེད་པར་གྱེས། དགུང་གྲངས་སོ་བརྒྱད་པ་ལྕགས་ལུག་ལ་གདན་ས་གེགས་མེད་དུ་གྲུབ་པའི་དགའ་སྟོན་དང་གདུང་སྲས་འཇམ་དཔལ་རྡོ་རྗེ་འཁྲུངས་པའི་བཙས་སྟོན་མཛད། །
བསྙེན་རྫོགས་བཞེས་ཤིང་གཙང་དམག་ཐེངས་གཉིས་པ་ལས་རྒྱལ་ཁ་ཐོབ་པ།
དགུང་གྲངས་བཞི་བཅུའི་ཆུ་བྱ་ལ་ལྕགས་རིའི་གདན་སར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་ཡོངས་འཛིན་ལྷ་བློའི་དྲུང་ནས་དམ་ཆོས་འདུལ་བའི་བསླབ་ཚིགས་ཆིག་རྫོགས་སུ་བཞེས། ལོ་དེར་ཡོངས་འཛིདགུང་གྲངས་གྱ་བཞི་པར་ཕེབས་ཐོག་ཞིང་ཁམས་གཞན་དུ་གཤེགས་པའི་དགོངས་རྫོགས་རྒྱ་ཆེར་གནང་། །དགུང་གྲངས་ཞེ་གཅིག་པ་ཤིང་ཁྱི་ལ་ལྷ་གནས་ཤིང་རྟ་འབྱའ་ལྕགས་ཁག་ལྔ་པོ་རྡོག་རྩ་གཅིག་སྒྲིལ་གྱིས་གཙང་སྲས་བསྐུལ་ཏེ་བོད་དམག་དཔུང་ཆེན་བྱུང་། རེ་ཞིག་གསང་ཟབ་གཞན་སྡེའི་ལག་ཏུ་ཚུད་པ་ལྟར་གྱུར་ཀྱང་བླ་མ་དང་སྲུང་མའི་མཐུས་རྫོང་ལ་མེ་ཆར་བབ་སྟེ་ཤི་གསོན་འདྲེས་མར་གྱུར་པས་ལྷོ་ལ་གླགས་མ་རྙེད།
གདན་ས་སྤུངས་ཐང་བདེ་ཆེན་ཕོ་བྲང་བཞེངས་ཏེ་ལུགས་གཉིས་གསེར་གྱི་འཁོར་ལོ་ཕྱག་ཏུ་
བཞེས་པ།
དེ་ནས་ཨོ་རྒྱན་ཆེན་པོའི་ལུང་ལས། རི་བོ་གླང་ཆེན་འགྱིང་འདྲའི་སྣ་སྟེང་ན༔ སྐྱེས་བུ་རྣམ་རྒྱལ་ཞེས་བྱའི་མཚན་ཅན་འབྱོན༔ ཞེས་གསུངས་པའི་ལུང་དོན་ཐོག་ཏུ་བབ་སྟེ། དགུང་གྲངས་ཞེ་བཞི་པ་དབང་ཕྱུག་མེ་གླང་གི་ལོར་ཐེད་གཞུང་ཆུ་བོ་ཐབས་ཤེས་འཛོམས་པའི་སྣར་དཔལ་ལྡན་འབྲུག་པའི་སྲོག་མཁར། ནགས་མོའི་ལྗོངས་ཀྱི་མེ་ཏོག་མདངས་འཕྲོག་གྲུ་འཛིན་གཉིས་པ་དཔལ་སྤུངས་ཐང་བདེ་བ་ཆེན་པོ་དྷརྨ་གནྡྷོ་ལའི་རྨང་བཏིང༌། ཡུལ་དེའི་གཞི་བདག་རྣམས་ཀྱིས་ཤིང་དང་རྡོའི་གཏེར་ཕུལ་ཞིང་ལྷ་འདྲེ་མི་གསུམ་ཐམས་ཅད་ལས་ལ་བཀོལ་ཏེ་ལོ་ཕྱེད་དང་གཉིས་ལ་གེགས་མེད་དུ་གྲུབ། ནང་རྟེན་རང་བྱོན་ཁརྨ་པ་ཎིས་གཙོས་རྟེན་གསུམ་ཁྱད་པར་ཅན་རྣམས་དང་། བསྟན་པའི་གཞི་མ་ཚངས་སྤྱོད་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས། སྐྱེ་དགུའི་སྙིང་ལ་དགེ་ལགས་ཀྱི་དཔལ་སྦྱིན་པའི་ངོ་མཚར་བསོད་ནམས་ཀྱི་ཞིང་མཆོག་མི་ཐི་ལ་ཡི་མཆོད་སྡོང་ཆེན་པོར་གྱུར་ཏེ་ལྷག་གནས་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད། ལུགས་གཉིས་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་ནས་ཆོས་དང་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་སྟེ་མངའ་ཐང་དབྱར་མཚོ་ལ་འགྲན་པ་ལྟ་བུར་གྱུར། ཆོས་སྲིད་གདུགས་དཀར་གཅིག་གིས་ད་ལྟའི་བར་དུ་ཕན་བདེའི་གྲིབ་བསིལ་དགུང་ལས་མ་ཡོལ་བར་འགྲོ་རྣམས་བདེ་བར་འཚོ་བའི་བཀའ་དྲིན་མཛད།
དབང་འདུས་ཕོ་བྲང་བཞེངས་པ་དང་གཙང་དམག་ཐེངས་གསུམ་པ་མཇུག་བསྡུས་ཏེ་མཐུན་
ཆིངས་བཟོ་གནང་བ།
དེ་ནས་དགུང་གྲངས་ཞེ་ལྔ་པ་ས་སྟག་ལ་དཔལ་ངག་དབང་ཆོས་ཀྱི་རྒྱལ་པོའི་གདན་ས་ཆོས་སྐྱོང་ཕོ་བྲང་དུ་བྱོན་དུས་ཡེ་ཤེས་མགོན་པོས་ལུང་བསྟན་ཏེ། ཐེད་དྭངས་ཆུ་བོ་གཉིས་འདུས་ཀྱི་བྲག་གི་སྤོ་ལ་བྱར་གདོང་སྡེ་བཞི་འཕུར་ལྡིང་བྱེད་པའི་སར་བྱོན། རྫོང་གི་ཐོ་བརྩིགས་ཏེ་རྨང་བཏིང་བའི་རྟེན་འབྲེལ་མཛད་སྐབས་ར་མོའི་ཕྱུག་པོས་ལྕགས་ཟམ་བཅད་དེ་ཕྱག་ཏུ་ཕུལ་བས་ཁ་བཞི་དབང་དུ་འདུས་པའི་རྟེན་འབྲེལ་ལ་དགོངས་ནས་གདན་ས་དབང་འདུས་ཕོ་བྲང་ཞེས་མཚན་གསོལ། དེའང་རིམ་གྱིས་གྲུབ་སྟེ་ནང་རྟེན་དུ་དཔལ་གྲྭ་ལོས་དུར་ཁྲོད་བསིལ་བའི་ཚལ་ནས་སྤྱན་དྲངས་པའི་རྡོ་ནག་གི་མགོན་པོ་རང་བྱོན་གྱིས་གཙོས་རྟེན་རྙིང་བྱིན་ཅན་མང་དུ་བཙུགས་ཏེ་རབ་གནས་བྱིན་ཆགས་པར་མཛད། དགུང་གྲངས་ཞེ་དྲུག་བཞེས་པའི་ས་ཡོས་ལ་སླར་ཡང་བླ་མ་ཁག་ལྔའི་ཡིད་ཀྱི་བརྣག་པ་མ་རྫོགས་པར་ནན་བསྐལ་གྱི་ངོ་སོ་མ་ལྡོག་ཙམ་དུ་གཙང་དམག་གཅན་གཟན་གསོབ་ཙམ་བྱུང་བའི་རྗེས་ཐོག་ཏུ། གཙང་སྲས་སྡེ་སྲིད་གཞོན་ནུ་ཀུན་རབ་དང་། དེ་བཞིན་ཞབས་དྲུང་དཔག་བསམ་དབང་པོ། གཙང་པའི་བླ་མཆོད་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་སོགས་ནས་འཁོན་གཅུགས་སྦྱངས་ཚུལ་གྱི་ཞུ་རྟེན་རིམ་པར་འབྱོར་བས་ནང་དབྱེན་གཞི་མེད་དུ་བཟླུམས་པའི་མཐུན་ལམ་བསྩལ།།
རྡོ་སྔོན་རྫོང་ཕྱག་ལ་འབྱོར་ཞིང་དགེ་སོག་གི་དམག་ཐེངས་དང་པོ་ལས་རྒྱལ་བ།
ཡང་ཞེ་བརྒྱད་བཞེས་པའི་ལྕགས་སྦྲུལ་ལ་ལྷ་པའི་གདན་ས་རྡོ་སྔོན་རྫོང་ཕྱག་ཏུ་འབྱོར་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་བགེགས་བསྐྲད་རབ་གནས་མཛད་དེ་གདན་སར་བསྒར། བཀྲ་ཤིས་ཆོས་ཀྱི་ཕོ་བྲང་ཞེས་མཚན་གསོལ་ནས་གདན་སའི་གཙོ་བོ་ཕན་ཚུན་གཉིས་སུ་བཀར། དེ་བཞིན་གོང་གསལ་བླ་མ་ཁག་ལྔའི་གདན་ས་མ་ལག་དང་བཅས་པ་ཕལ་ཆེར་ཕྱག་ཏུ་སོན། དགུང་གྲངས་ཞེ་དགུ་བཞེས་པའི་ཆུ་རྟ་ལ་ནང་སོ་ཨ་འུས་བོད་དུ་སོག་དམག་དྲངས་ཏེ་གཙང་སྲས་སྡེར་བཅས་ཆམ་ལ་ཕབ་པ་ནས་སྔ་དགྲ་ལག་བདར་གཙང་པའི་ཆབ་སྲིད་རྫོགས། ཡང་ང་གཅིག་བཞེས་པའི་ཞིང་སྨོན་ལ་ནང་སོ་ཨའུ་དང་སོག་པོ་བསྟན་ཆོས་གཉིས་ནས་ཁ་བཞི་དབང་དུ་བསྡུ་བའི་བསམ་ངན་གྱིས། ད་དགྲ་དངོས་སུ་ལངས་ཏེ་དགེ་ལྡན་པའི་དཔུང་ཆེན་སྔ་ཕྱི་གསུམ་གྱིས་འཁྲུགས་འགོ་ཚུགས། དཔུང་ཆེན་དང་པོའི་སྐབས་ཚར་བཅད་རྗེས་འཛིན་གྱི་སྒོ་ནས་བོད་དམག་རང་ཡུལ་དུ་བསློག་དུས་ཆོས་རྗེ་འབྲུག་པའི་མཐུ་ལ་བསྡོ་བར་མ་ནུས་ཞེས་པའི་གཏམ་གྱིས་རྒྱ་བོད་ཧོར་གསུམ་ཀུན་ལ་ཁྱབ་པར་གྲགས། དེ་སྐབས་འདིར་སྤུངས་ཐང་མགོན་ཁང་གསར་འདེབས་མཛད་པས་མཚན་ཡང་གཡུལ་རྒྱལ་མགོན་ཁང་ཆེན་མོར་གསོལ།
རིག་འཛིན་སྙིང་པོ་གདན་དྲངས་ཏེ་སྤ་གྲོར་རྫོང་བཞེངས་པ་དང་སྟག་ཚང་དུ་སྒྲུབ་ཆེན་བཙུགས་
གནང་བ།
ཡང་ང་གཉིས་བཞེས་པའི་ཤིང་བྱ་ལ་གཏེར་ཆེན་སངས་རྒྱས་གླིང་པའི་གདུང་རབས་བདུན་པ་སྔགས་འཆང་རིག་འཛིན་སྙིང་པོ་སྤྱན་དྲངས། སྟག་ཚང་དུ་བྱོན་པར་དགོངས་ནས་སྤ་གྲོར་བྱོན། ཧཱུཾ་རལ་བྲག་ཏུ་བཞུགས་སྒར་ཕབ་དུས་གཟར་ཆེན་ཆོས་རྗེ་དང་བླ་མ་ཧཱུཾ་རལ་པ་རྣམས་སྡེ་གཟར་འཁྲུགས་པའི་གཡོམ་ལས་ཀྱིས་ཧཱུཾ་རལ་བླ་མ་བསམ་གཏན་ཁུ་དབོན་གཉིས་ནས་ཧཱུཾ་རལ་རྫོང་བླ་མའི་ཕྱག་ཏུ་ཕུལ་བའི་རྟེན་འབྲེལ་གྱིས་རྫོང་རྙིང་པ་བཤིག་ནས་གདན་ས་རིན་ཆེན་སྤུངས་པའི་མཆོད་སྡོང་ཆེན་པོའི་རྨང་བཏིང་། སྟག་ཚང་དུ་བྱོན་རིག་འཛིན་སྙིང་པོ་ལས་དགོངས་འདུས་ཀྱི་ཆོས་སྐོར་ཡོངས་རྫོགས་བཞེས། སླར་རིན་སྤུངས་རྫོང་གི་གྲུབ་སྟོན་དང་འབྲེལ་དགོངས་འདུས་རིལ་སྒྲུབ་གནང་། ཡང་ང་གསུམ་བཞེས་པའི་མེ་ཁྱི་ལ་སྟག་ཚང་དུ་ཕུར་པའི་སྨན་ཆེན་ར་ས་ཡ་ན་བསྒྲུབ་པར་མཛད། གནས་དེའང་ལུང་ལས། སྟག་ཚང་དང་པོ་དར་ཞིང་བར་དུ་རྒུད༔ ཐ་མར་རྡོ་རྗེ་འཛིན་པ་གཅིག་གིས་བདག༔ ཅེས་གསུངས་པའི་ལུང་དོན་ལྟར། སྟག་ཚང་གི་སྒྲུབ་སྡེ་ཐམས་ཅད་ཕྱག་ཏུ་བཞེས། སྦྱིན་པ་རྒྱལ་མཚན་གདན་འཛིན་དུ་བསྐོ་བཞག་གནང་། དཔལ་ཕུག་ཏུ་གཙུག་ལག་ཁང་གདབ་རྒྱུའི་དགོངས་གཏད་མཛད་ཀྱང་རིན་སྤུངས་ཀྱི་ལས་ཚར་མ་ཕྱིན་པས་སྐབས་མ་ཤར། དེར་དྲག་སྔགས་གཏེར་གྱི་ཁ་བྱང་ཕྱག་ཏུ་བབ་པ་སོགས་ཞལ་གཟིགས་ལུང་བསྟན་མང་དུ་བྱུང་བ་རྣམས་ཐུགས་སྒམ་པས་མ་གསུངས་ཀྱང༌། ལུང་ལས་ཨོ་རྒྱན་ང་དང་རྟག་ཏུ་བཀའ་བགྲོས་མཛད༔ དེ་དང་སུ་ཕྲད་བདེ་བ་ཅན་དུ་སྐེ༔ ཞེས་གསུངས་པས་མཚོན་ནུས་སོ།།
ལྷོ་དར་དཀར་རྫོང་དང་ཕྱོགས་ཀྱི་རྫོང་གཞིས་རྣམས།
དེ་ལས་དགུང་གྲངས་ང་བཞི་པ་མེ་མོ་ཕག་གི་ལོ་ནས་བཟུང་ལྷོ་མཚམས་དར་དཀར་ལ་སོགས་པའི་ཡུལ་གྲུ་རྣམས་སུ་ཁྲིམས་མེད་མཐའ་འཁོབས་ཀྱི་ཡུལ་ཆོས་བཟུང་བ་རྣམས། ཐབས་མཁས་ཀྱི་སྒོ་ནས་དཔའ་གཟར་པ་བཀྱེས་ཏེ་ཚར་བཅད་རྗེས་སུ་བཟུང་ཞིང་མངའ་ཞབས་སུ་བསྡུས་པ་ལས་རིམ་གྱིས་དར་དཀར་བཀྲ་ཤིས་ཡང་རྩེ་བཏབ། དེ་བཞིན་ཤར་ཕྱོགས་ཀྱི་ཡུལ་ཆེན་རྣམས་སུའང་སོ་སོའི་ཆོས་ལུགས་ཁ་ཡར་རེ་མ་གཏོགས་མེད་པས་འབྲུག་ལུང་དཀར་འབྱམས་སུ་གཏོང་བར་དགོངས་ཏེ། ཀྲོང་ས་ཆོས་འཁོར་རབ་རྩེའི་གདན་ས་རྒྱ་བསྐྱེད་དེ་གསར་འདེབས་མཛད། བྱང་མགར་སའི་ཕྱོགས་སུའང་དགེ་ལྡན་པས་བཟུང་ནས་ངོ་རྒོལ་ཇི་ལྟར་བྱས་ཀྱང༌། མཐར་ཆོས་རྗེ་འབྲུག་པའི་ཕྱག་ཏུ་ཚུད་ནས་མགར་ས་བཀྲ་ཤིས་མཐོང་སྨོན་བཏབ། །གཞན་ཡང་གླིང་བཞི་གཡུལ་རྒྱལ་རྫོང་། སྤ་གྲོ་འབྲུག་རྒྱལ་རྫོང་། ནུབ་དྷ་ལི་རྫོང་། ཆུ་ཁ་རྡོ་བ་རྫོང་ལ་སོགས་པ་ཡུལ་ཕྱོགས་སོ་སོའི་ས་གནད་ཀྱི་མེ་བཙའ་ལྟ་བུའི་རྫོང་ཁག་རྣམས་ཀྱང་ལ་ལ་བཏབ་ཟིན་ཅིང་། ལ་ལ་འདེབས་བཞིན་པ་དང༌། ལ་ལ་གདབ་རྒྱུའི་བཀའ་འདོམས་མཛད། དགེ་ལྡན་པའི་དཔུང་ཆེན་གཉིས་པ་ལས་རྒྱལ་བ། ཡང་དགུང་གྲངས་ང་དྲུག་བཞེས་པའི་ས་གླང་ལ་དགེ་ལྡན་པའི་དཔུང་ཆེན་གཉིས་པ་སྔར་བས་སྟོབས་ཤུགས་ཆེ་བ་བརྫངས་ཏེ་འབྱོར། དེ་ཡན་བོད་ཀྱི་དཔུང་ཆེན་ལན་གྲངས་ལྔ་ཙམ་བྱུང་བར་སྣང་མོད། ནམ་ཡང་བླ་མའི་རྫུ་འཕྲུལ་དང་ཆོས་སྐྱོང་གི་མཐུས་དམག་བྱིངས་རྣམས་བྲོས་ཏེ་སྲོག་ལ་ཉེས་ཞོད་མ་བྱུང་ཡང་། འབྲུག་བསྟན་ལ་ཞེ་ཕུགས་གཏིང་ནས་གནག་པའི་སྡང་དགྲ་དམག་དཔོན་འགའ་ཞིག་མཚོན་ཁར་དུས་མཐའ་བསྐྱུངས་ཏེ་མགོ་ལག་ནག་པོ་ཆེན་པོ་ལྕམ་དྲལ་དགྱེས་པའི་བསྐང་རྫས་སུ་བཀོད། དེ་བཞིན་རང་ཤེད་ངོམས་ཏེ་དཔའ་རྒོད་བརླང་པོར་སྤྱོད་པ་དག་ཀྱང་། བག་བཞི་ས་ལ་ཕབ་ནས་གོ་མཚོན་སྐྱེས་སུ་འབུལ་བའི་བྱ་མ་རྟ་བཞིན་འབྱོར་བ་རྣམས། རེ་ཞིག་དགོས་དབང་གིས་ཁྲིམས་མུན་དུ་འཛུགས་ཀྱང་སླར་གནང་སྦྱིན་དང་བཅས་ཏེ་བདེ་བར་བསློག གཞན་སྡེ་ལྷ་མིན་འཇུག་པ་བཀྱེ་བའི་བྱེད་པོ་དག་ཀྱང་ཁ་སྐྱེངས་སུ་མཛད། ཕྱིན་ཆད་བསྟན་པ་འདི་ལ་སྡང་སེམས་ཀྱིས་གླགས་ལྟ་མཁན་བྱུང་ཡང་ཕུགས་སུ་གནོད་མི་ཚུགས་པར་ཞལ་གྱིས་བཞེས།
བྱེ་བ་མཆོད་རྟེན།
དེ་ནས་དགུང་གྲངས་ང་བདུན་བཞེས་པའི་ལྕགས་སྟག་ནས་དེ་ཚུན་དམག་ཏུ་ཤི་བ་རྣམས་ཀྱི་ཆེད་དུ་བྱེ་བ་མཆོད་རྟེན་གྱི་ཕྱག་ལེན་དང༌། ལྷན་སྐྱེས་དུང་འཕྱུར་འཛུགས་པར་མཛད་པས་མཚོན་འབྲེལ་ཚད་ལམ་དང་འབྲས་བུ་ལ་འགོད་པའི་སྐྱབས་འཇུག་ཐུགས་རྗེའི་རྭ་བ་ལས་མི་འདོར་བར་མཛད། མདོར་ན་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་མཐའ་བཀྲ་ཤིས་སྒང་ནས་ཁ་ལིང་གདུང་བསམ་ཁ་ཚུན་དང༌། ལྷོ་བཀྲ་ཤིས་རྟགས་བརྒྱད་དར་དཀར་ནས་དཔག་བསམ་ཁ་དང་གྷ་ཊི་ཁ་ཚུན་དང་། ནུབ་རིན་ཆེན་སྣ་བདུན་སྤངས་པའི་ཕྱོགས་ནས་དྷ་ལི་ཁ་དང་གྲོ་མོ་ཕག་རིའི་ས་མཚམས་ཚུན་དང་། བྱང་ཁ་བ་ཅན་གྱི་རི་མཚམས་ནས་གླིང་བཞི་མགར་ས་སྟག་རྩེ་ཁ་ཚུན་ཕྱག་ཏུ་སོན་ཏེ་ཕྲིན་ལས་རྣམ་བཞིའི་སྒོ་འབུམ་ཕྲག་དུས་གཅིག་ལ་འབྱེད། དེ་བཞིན་གཤེགས་པའི་འཁོར་ལོ་བཅུ་དང་། ཆོས་ཀྱི་རྒྱལ་པོའི་འཁོར་ལོ་བཅུ་ཟུང་དུ་འབྲེལ་བའི་སྒོ་ནས། ལྷོ་ཁྲིམས་མེད་ལ་ཁྲིམས་བཅའ། རྫ་ལུང་མེད་ལ་ལུང་འདོགས་ཏེ་ལེགས་བྱས་ཀྱི་སྣང་བ་དར་ལ་ཕབ། མི་བསྲུན་ཀླ་ཀློས་གང་བའི་ལྷོ་རོང་འདི་ཉིད་གསང་ཆེན་འོག་མིན་ཞིང་དང་མཚུངས་པར་ཆོས་ཀྱི་གླིང་དུ་བསྒྱུར་ཟིན་པའི་སྐབས་དེར། རྒྱ་གར་བལ་བོད་ཀྱི་རྒྱལ་བློན་བླ་ཆེན་ཁག་སོགས་རྒྱལ་ཁམས་མཐའ་དབུས་སོ་སོ་ནས་འབུལ་ཚན་དགུང་དུ་བཏེག་སྟེ་བཀྲ་ཤིས་ལེགས་སོའི་མེ་ཏོག་རིམ་པར་འཐོར་བའི་དགའ་སྟོན་ལ་སྤྱོད་པའི་ཚེ། འཆི་མེད་གྲོང་གི་ལྷ་བུ་གཞོན་ནུ་རྣམས་ཀྱང་དགའ་བའི་ཚལ་དུ་རྩེ་བའི་གཡེང་བ་སྤངས་ཏེ། ལྗོངས་འདིར་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་བསྙིལ་ཞིང་དགེ་མཚན་རྣམས་པར་གླེང་བའི་སྒྲ་དབྱངས་འོག་མིན་གྱི་བར་དུ་ཁྱབ་པར་བྱེད་དོ།།
དཔལ་ལྡན་འབྲུག་པའི་རྒྱལ་ཁབ་དབུ་བརྙེས་ཤིང་ལུགས་གཉིས་ཀྱི་བསྟན་པ་སྡེ་སྲིད་
དབུ་མཛད་དང་དྲུང་པ་དམ་ཆོས་རྒྱལ་མཚན་ལ་གཏད་དེ་ཐུགས་དམ་ལ་བཞུགས་པ།
དེ་ལྟར་སྔོན་མཐའ་འཁོབ་མོན་གྱི་ཡུལ་དུ་བགྲངས་པའི་གླིང་འདིའང་དེ་ནས་བཟུང་ཆོས་མིང་རྒྱལ་ཁབ་དང་མི་རབས་ལ་ཆགས་པ་ལས། འབྲུག་པ་ཞེས་ཐོགས་པའི་གསེར་གྱི་རྣ་རྒྱན་གཅིག་པུས་འཛམ་གླིང་རྒྱལ་ཁབ་ཀུན་གྱི་རྣ་ལུང་དུ་དཔྱངས་པའི་ངོ་ཚར་ཅན་གྱི་མིང་སྙན་པོ་ཐོབ་པ་སོགས་ཕན་པ་དང་བདེ་བའི་བཀའ་དྲིན་ཟླ་མེད་དུ་མཛད་ཟིན་ནས། དགུང་གྲངས་བཅུ་ཕྲག་ལྔ་དང་བརྒྱད་དུ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ལྕགས་ཡོས་ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་སྡེ་སྲིད་དབུ་མཛད་ཆེན་མོ་བསྟན་འཛིན་འབྲུག་རྒྱལ་དང་། རྗེ་དྲུང་པ་དམ་ཆོས་རྒྱལ་མཚན་ཟུང་ལ་ཕྱི་ནང་གི་བཀའ་ལུང་རིམ་པར་བསྩལ་བའི་མཐར། རྒྱལ་དབང་པདྨ་ཀཱ་རའི་ལུང་བཞིན་དགོས་འབྲེལ་ཁྱད་པར་ཅན་ལ་དགོངས་ནས། གཟིམས་སྒོ་རྡོ་རྗེའི་གླེགས་བུ་བསྡམས་ཏེ་ཐུགས་དམ་འོད་གསལ་ཆོས་སྐུའི་ཏིང་ངེ་འཛིན་ལ་བཞུགས་པར་མཛད་དོ། །
0 Comments
ཐུགས་འཆར་བཀོད་གནང་།