གསར་པ།

6/recent/ticker-posts

མཐོང་སྤང་སྤོང་ཚུལ་གྱི་སྐོར།

མཐོང་སྤང་སྤོང་ཚུལ་གྱི་སྐོར་འཕྲོས་དོན་དང་བཅས་པ།

འཁོར་བའི་ནགས་ཀླུང་སྒྲིབ་པའི་མུན་གླིང་འདིར། །སྡུག་ཀུན་རྒྱུ་འབྲས་མནར་ལ་བརྩེ་བའི་བཛའ། །རྣམ་འདྲེན་བཞི་པ་ཟས་གཙང་སྲས་པོ་མཆོག །སྙིང་ནས་དྲན་ནོ་རྣམ་ཀུན་དགེ་ལེགས་སྩོལ། །བརྒྱ་ཕྲག་ལྔ་ཡི་སྐྱེ་རབས་འཕྲེང་བའི་རྒྱུན། །འགྲོ་བའི་དོན་ལ་གཅིག་ཏུ་དཔའ་མོད་ཀྱི། །ད་དུང་བསྟན་དང་འགྲོ་ལ་རྗེས་ཆགས་པའི། །སངས་རྒྱས་གཉིས་པར་གྲགས་དེས་ཤིས་པར་མཛོད། །དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ། །མ་ལུས་གཅིག་ཏུ་སྤུངས་པའི་ཡེ་ཤེས་གཟུགས། །བཤེས་གཉེན་དམ་པར་བཏུད་དེ་འདི་ཕྱི་རུ། །སྣང་ནས་སྣང་བའི་སྒྲོན་མེ་སྤར་བར་བསྐུལ། །སྔོན་ནས་ད་བར་ལུང་རྟོགས་བསྟན་པ་ལ། །གོམས་འདྲིས་མེད་པས་སྲིད་པའི་གཤིས་ཀ་འདི། །མ་ཤེས་དེ་ཕྱིར་དེང་དུས་དལ་རྟེན་འདིར། །ཅིས་ཀྱང་འབད་དེ་ཚེ་འདི་དོན་ཡོད་བགྱིའོ། 

ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། དམ་པའི་ཆོས་མངོན་པ་མཛོད་ལས། དམིགས་པ་ཡོངས་སུ་ཤེས་པ་དང་། །དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། ཞེས་པའི་གཞུང་དོན་མཐོང་སྤང་སྤོང་ཚུལ་གྱི་སྐོར་ཅུང་ཟད་དབྱེ་བར་བྱའོ། །དེ་ཡང་གཞུང་གི་བསྟན་དོན་ལྟར་མཐོང་སྤང་སྤོང་ཚུལ་ལ་གསུམ་དུ་ཡོད་པ་ཡིན་ཏེ། ཡུལ་ཡོངས་སུ་ཤེས་པའམ་དམིགས་པ་ཡོངས་སུ་ཤེས་ནས་སྤོང་བ་དང་། དེ་ལ་དམིགས་པ་སྤངས་པས་སྤོང་བའམ་ཡུལ་ཅན་སྤངས་པས་ཡུལ་སྤོང་བ་དང་། དམིགས་པ་སྤངས་པས་སྤོང་བའམ་ཡུལ་སྤངས་པས་ཡུལ་ཅན་སྤོང་བ་བཅས་གསུམ་མོ། 

དེ་ལས་དང་པོ་དམིགས་པ་ཡོངས་སུ་ཤེས་ནས་སྤོང་བ་ལ། དམིགས་པ་ནི་གང་། དེ་གང་གི་དམིགས་པ་ཡིན་པ། དེ་ཡོངས་སུ་ཤེས་པའི་ཚུལ་ནི་ཇི་ལྟར། དེས་ཇི་ལྟར་སྤོང་བའི་ཚུལ་བཅས་བཞི་ལས། དང་པོ་དམིགས་པ་ནི་བདེན་པ་བཞི་ཡིན་ལ། 

གཉིས་པ་དེ་གང་གི་དམིགས་པ་ཡིན་ཞེ་ན། ཁམས་གསུམ་གྱི་མཐོང་སྤང་གྱ་བརྒྱད་ཡོད་པ་ལས། སྡུག་བསྔལ་མཐོང་སྤང་འདོད་པར་དམིགས་པ་སྐལ་མཉམ་ཀུན་འགྲོ་འཇིགས་ལྟ་དང་མཐར་ལྟ་གཉིས་དང་། ཀུན་འགྲོ་མིན་པ་འདོད་ཆགས། ཁོང་ཁྲོ། ང་རྒྱལ་གསུམ་དང་། ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མིན་པ་འདོད་ཆགས། ཁོང་ཁྲོ། ང་རྒྱལ་གསུམ་བཅས་བསྡོམས་བརྒྱད་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་སྤངས་པའི་སྡུག་བསྔལ་མཐོང་སྤང་དགུ་དགུ་སྟེ་བཅོ་བརྒྱད་དང་། ཀུན་འབྱུང་མཐོང་སྤང་དྲུག་དྲུག་སྟེ་བཅུ་གཉིས་བཅས་སྡུག་ཀུན་མཐོང་སྤང་ཐམས་ཅད་བསྡོམས་པས་སུམ་ཅུ་དང་། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་མ་གཏོགས་པ་ཟག་མེད་ལ་དམིགས་པ་ལོག་ལྟ་དང་། ཐེ་ཚོམ་བཞི་གསུམ་བསྡོམས་པས་བཅུ་གཉིས་ཏེ་ཡོངས་བསྡོམས་བློ་ལྔ་བཅུ་པོའི་དམིགས་པ་ཡིན་ནོ།  འོ་ན་ཅིའི་ཕྱིར་འདོད་པའི་ཀུན་འགྲོ་ལས་འཇིགས་མཐར་མ་གཏོགས་ལྷག་མ་དགུ་མ་སྨོས་པ་ཡིན་ཞེ་ན། དགུ་པོ་དེ་ལ་སྐལ་བ་མཉམ་པ་དང་མི་མཉམ་པའི་ཁམས་ཀུན་འགྲོའི་ཆ་གཉིས་ཀ་ཡོད་པས། དང་པོ་དགུ་པོ་དེ་རང་གི་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ཡིན་ཀྱང་། ཕྱི་མ་ནི་རང་གི་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་མ་ཡིན་པས་ན། ཀུན་འགྲོ་དགུ་པོ་སྤྱི་ཙམ་པ་དེ་དམིགས་པ་ཤེས་པས་སྤོང་བ་དང་། ཡུལ་ཅན་ཟད་པས་སྤོང་བ་གང་གི་ཁོངས་སུ་ཡང་འདྲེན་པར་མ་མཛད་པའོ།  ཞེས་མཁས་པ་དག་གིས་གསུངས་སོ།  

གསུམ་པ་དམིགས་པ་ཡོངས་སུ་ཤེས་པའི་ཚུལ་ནི། སྡུག་བསྔལ་གྱི་བདེན་པའི་རང་མཚན་མི་རྟག་ སྡུག་བསྔལ་ སྟོང་པ་ བདག་མེད་པའོ།  ཀུན་འབྱུང་གི་ནི་རྒྱུ་ ཀུན་འབྱུང་ རབ་སྐྱེ་ རྐྱེན་བཅས་སོ། །འགོག་པའི་བདེན་པའི་ནི་འགོག་པ་ ཞི་བ་ གྱ་ནོམ་ ངེས་འབྱུང་བཅས་སོ།  ལམ་གྱི་བདེན་པའི་ནི་ལམ་ རིག་པ་ སྒྲུབ་པ་ ངེས་འབྱིན་བཅས་བཞི་ཡིན་ལ། དེ་དག་གི་རྣམ་པ་བཅུ་དྲུག་པོ་ནི་བདེན་པ་བཞི་པོ་རང་རང་ལ་དམིགས་པའི་ལམ་བདེན་དག་གིས་མངོན་སུམ་དུ་ཤེས་པ་ན་དམིགས་པ་ཡོངས་སུ་ཤེས་པ་ཞེས་བྱའོ།  

བཞི་པ་དམིགས་པ་ཡོངས་སུ་ཤེས་ནས་སྤོང་བའི་ཚུལ་ཇི་ལྟར་ཞེ་ན། ཆོས་བཟོད་དང་ཆོས་ཤེས། རྗེས་བཟོད་དང་རྗེས་ཤེས་ཀྱིས་བདེན་པ་བཞི་པོའི་རང་མཚན་གསལ་པོར་མཐོང་བ་ན་དེ་དག་དང་འཛིན་སྟངས་འགལ་བའི་བློ་རྣམས་སྤོང་ཞེས་བྱ་སྟེ། ཐོ་ཡོར་དུ་ཤེས་པས་མིར་འཛིན་བཟློག་པ་བཞིན་ནོ།  

གཉིས་པ་དེ་ལ་དམིགས་པ་ཡོངས་སུ་ཟད་པས་དེ་སྤོང་བའམ་ཡུལ་ཅན་སྤངས་པས་ཡུལ་སྤོང་བ་ལ་ཡང་། ཡུལ་ནི་གང་། ཡུལ་ཅན་ནི་གང་། དེ་ཇི་ལྟར་སྤོང་བ། ཡུལ་ཇི་ལྟར་སྤོང་བའི་ཚུལ་བཅས་བཞི་ལས། དང་པོ་ཡུལ་ནི་གང་ཞེ་ན། རྩ་བར། དེ་དག་ལས་དགུ་གོང་དུ་དམིགས།  ཞེས་པའི་བསྟན་དོན་འདོད་པའི་སྡུག་ཀུན་མཐོང་སྤང་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་དགུ་པོ་རྣམས་ཏེ། འདོད་པའི་སྡུག་བསྔལ་མཐོང་སྤང་ལོག་ལྟ་དང་། ལྟ་བ་མཆོག་འཛིན། ཚུལ་བརྟུལ་མཆོག་འཛིན། ཐེ་ཚོམ། མ་རིག་པ་སྟེ་ལྔ་དང་། ཀུན་འབྱུང་མཐོང་སྤང་ལོག་ལྟ་དང་ལྟ་བ་མཆོག་འཛིན། ཐེ་ཚོམ་དང་མ་རིག་པ་བཅས་དགུའོ།  

གཉིས་པ་ཡུལ་ཅན་ནི་གང་ཞེ་ན། རྩ་བར། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང་། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། ཞེས་པའི་བསྟན་དོན་དུ་གྱུར་པའི་འདོད་པ་སོགས་སྐལ་མཉམ་གྱི་སྤང་བྱ་རིས་ལྔ་པོ་མཐའ་དག་ལ་ཀུན་ཏུ་དམིགས་ཏེ་འགྲོ་བའི་སྐལ་བ་མཉམ་པའི་ཀུན་འགྲོ་བཅུ་གཅིག་པོ་ཡིན་ནོ།  

གསུམ་པ་ཡུལ་ཅན་དེ་ཇི་ལྟར་སྤོང་ན། སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་བཅུ་གཅིག་པོ་རྣམས་ཆོས་ཅན། དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ཡིན་ཏེ། ཁྱོད་ཀྱིས་དམིགས་ཡུལ་སྡུག་ཀུན་ལ་དམིགས་ཏེ་རྣམ་པ་དེའི་རང་མཚན་དང་དངོས་སུ་འགལ་བར་འཛིན་པ་གང་ཞིག ཆོས་རྗེས་བཟོད་ཀྱིས་དེའི་རང་མཚན་གསལ་པོར་མཐོང་བ་ན་ཁྱོད་བཟློག་པ་ཡིན་པའི་ཕྱིར། དཔེར་ན། ཐོར་ཤེས་པས་མིར་འཛིན་ལོག་པ་བཞིན་ནོ།  

བཞི་པ་ཡུལ་དེ་ཇི་ལྟར་སྤོང་བའི་ཚུལ་ནི། རང་འགྲེལ་ལས། དེ་ལ་དམིགས་པ་ཡང་དག་པར་ཟད་པས་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་ཟད་པར་འགྱུར་ཏེ། ཞེས་གསུངས་པ་ལྟར། དེའི་ཡུལ་ཅན་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་བཅུ་གཅིག་པོ། ཡུལ་ཡོངས་སུ་ཤེས་པས་སྤངས་པ་ན། དེའི་དམིགས་པ་སྐལ་མི་མཉམ་པའི་ཀུན་འགྲོ་དགུ་པོ་རྣམས་ཀྱང་སྤོང་བར་འགྱུར་ཏེ། སྐལ་མི་མཉམ་པའི་ཀུན་འགྲོ་དགུ་པོ་ནི་ཡུལ་ཅན་སྐལ་བ་མཉམ་པའི་ཀུན་འགྲོ་སྔ་མས་བསྐྱེད་པ་ཡིན་ལ། སྡུག་ཀུན་ཆོས་བཟོད་ཤེས་ཀྱིས་རྒྱུ་དེ་སྤངས་པ་ན་དེའི་འབྲས་བུ་སྐལ་མི་མཉམ་པའི་ཀུན་འགྲོ་རྣམས་ཀྱང་སྤངས་ཏེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པ་བཞིན་ནོ།  འོན་ཀྱང་དེ་ནི་འདོད་པར་སྤོང་ཚུལ་ཡིན་པ་ལས་གོང་མར་ནི། ཡུལ་ཤེས་པས་སྤོང་བར་འདོད་པ་ཡིན་ནོ།  

གསུམ་པ་ཡུལ་སྤངས་པས་ཡུལ་ཅན་སྤོང་ཚུལ་ལ་ཡང་། ཡུལ་ནི་གང་། ཡུལ་ཅན་ནི་གང་། ཡུལ་སྤོང་ཚུལ་ནི་ཇི་ལྟར། དེ་སྤངས་པས་ཡུལ་ཅན་སྤོང་ཚུལ་བཅས་བཞི་ཡོད་པ་ལས། དང་པོ་ཡུལ་ནི་གང་ཞེ་ན། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་རྣམས་ཏེ། འདོད་པའི་འགོག་པ་མཐོང་སྤང་ཟག་མེད་ལ་དམིགས་པ་ལོག་ལྟ་དང་། ཐེ་ཚོམ་དང་འདྲེས་མ་འདྲེས་པའི་མ་རིག་པ་བཅས་གསུམ་དང་། ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་ལོག་ལྟ་དང་། ཐེ་ཚོམ་དང་འདྲེས་མ་འདྲེས་པའི་མ་རིག་པ་བཅས་དྲུག་དང་། དེ་བཞིན་གོང་མའི་བཅུ་གཉིས་ཏེ་བསྡོམས་པས་བཅོ་བརྒྱད་པོ་དག་ཡིན་ནོ།  གཉིས་པ་ཡུལ་ཅན་ནི། འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ། ལོག་པར་ལོག་ཞུགས་དག་ཡིན་ཏེ། འགོག་པ་མཐོང་སྤང་ལོག་པར་ལོག་ཞུགས་འདོད་པར་ནི་བཞི་སྟེ། ཁོང་ཁྲོ་དང་། ང་རྒྱལ་དང་། འདོད་ཆགས་དང་། ལྟ་བ་མཆོག་འཛིན་བཅས་སོ། །ལམ་མཐོང་སྤང་ལོག་པར་ལོག་ཞུགས་ནི་ལྔ་སྟེ། ཁོང་ཁྲོ་དང་། ང་རྒྱལ་དང་། འདོད་ཆགས་དང་། ལྟ་བ་མཆོག་འཛིན་དང་། ཚུལ་བརྟུལ་མཆོག་འཛིན་བཅས་ཐམས་ཅད་བསྡོམས་པས་དགུ་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་བདུན་བདུན་སྟེ། གཟུགས་ཀྱི་འགོག་པ་མཐོང་སྤང་ལོག་པར་ལོག་ཞུགས་འདོད་ཆགས་དང་། ང་རྒྱལ་དང་། ལྟ་བ་མཆོག་འཛིན་བཅས་གསུམ་དང་། ལམ་མཐོང་སྤང་ལོག་པར་ལོག་ཞུགས་འདོད་ཆགས་དང་། ང་རྒྱལ་དང་། ལྟ་བ་མཆོག་འཛིན་དང་། ཚུལ་བརྟུལ་མཆོག་འཛིན་བཅས་བསྡོམས་པས་བདུན་དང་། དེ་བཞིན་གོང་མ་ལའང་ཤེས་པར་བྱ་སྟེ། ཐམས་ཅད་བསྡོམས་ན་ཉེར་གསུམ་མོ།  གསུམ་པ་ཡུལ་སྤོང་ཚུལ་ཇི་ལྟར་ཡིན་ཞེ་ན། འགོག་ལམ་ཆོས་བཟོད་རྗེས་བཟོད་ཤེས་ཀྱིས་འགོག་ལམ་གྱི་རང་མཚན་མངོན་སུམ་དུ་མཐོང་བ་ན་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་རྣམས་སྤངས་པ་ཡིན་ཏེ། ཐོར་ཤེས་པས་མིར་འཛིན་ལྡོག་པ་བཞིན་ནོ།  བཞི་པ་ཡུལ་ཅན་སྤོང་ཚུལ་ནི། རང་འགྲེལ་ལས། དམིགས་པ་སྤངས་པས་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་ཟད་པར་འགྱུར་ཏེ། ཟག་པ་མེད་པ་ལ་དམིགས་པ་རྣམས་ནི་དེ་དག་གི་དམིགས་པ་ཡིན་པས་དེ་དག་སྤངས་ན་དེ་དག་ཀྱང་སྤང་བ་ཡིན་ནོ།  ཞེས་གསུངས་པ་ལྟར་ཡུལ་མེད་པའི་ཡུལ་ཅན་མི་སྲིད་པས་སམ། རྟེན་མེད་པའི་བརྟེན་པ་མི་སྲིད་པ་བཞིན། འགོག་ལམ་ཆོས་རྗེས་བཟོད་ཤེས་ཀྱིས་རང་ཡུལ་ཡོངས་སུ་ཤེས་པ་ན་འགོག་ལམ་ལ་དངོས་སུ་ལོག་ཞུགས་བཟློག དེ་བཟློག་པ་ན་དེ་དག་གི་ཡུལ་ཅན་ལོག་པ་ལོག་ཞུགས་དག་ཀྱང་ལོག་པར་འགྱུར་བ་ཡིན་ནོ།  

ད་ནི་དཀའ་གནད་འགའ་ཞིག་བཏུས་པར་བྱ་སྟེ། དེ་ལ་འདོད་པའི་སྐལ་མཉམ་ཀུན་འགྲོ་རྣམས་དམིགས་པ་ཤེས་པས་སྤོང་བ་དང་། སྐལ་མི་མཉམ་པ་རྣམས་དམིགས་པ་ཤེས་པས་མི་སྤོང་བའི་རྒྱུ་མཚན་ཇི་ལྟར་ཡིན། དམིགས་པ་ཤེས་པའི་དོན་ནི། ཡུལ་བདེན་བཞི་གང་རུང་གི་རང་མཚན་ཤེས་པ་ལ་བྱེད་དགོས་པ་ནི་གང་ཞིག  དེ་ལྟར་ན། འདོད་པའི་སྐལ་མི་མཉམ་པའི་ཀུན་འགྲོ་རྣམས་ཀྱང་ཆོས་ཅན། དམིགས་པ་ཤེས་པས་སྤོང་བར་ཐལ། འདོད་པའི་སྡུག་བསྔལ་ཆོས་བཟོད་ཤེས་ཀྱིས་འདོད་པའི་སྡུག་བདེན་གྱི་རང་མཚན་ཤེས་པས། འདོད་པའི་སྡུག་མཐོང་སྐལ་མཉམ་ཀུན་འགྲོ་དང་། སྐལ་མི་མཉམ་པའི་ཀུན་འགྲོ་གཉིས་དུས་མཉམ་དུ་སྤོང་བའི་ཕྱིར་ཏེ། དེ་གཉིས་ལ་སྤངས་དཀའ་སླ་དང་། སྤོང་ཚུལ་ལ་སྔ་ཕྱི་རིམ་གྱི་ཁྱད་པར་གང་ཡང་མེད་པའི་ཕྱིར། དེ་བཞིན། འདོད་པའི་སྐལ་མི་མཉམ་པའི་ཀུན་འགྲོ་དང་གཟུགས་ཀྱི་སྐལ་མི་མཉམ་པའི་གཉིས་ཆར་དམིགས་པ་ཤེས་པས་སྤོང་བ་འདྲ་འདྲ་ཡིན་པར་ཐལ། དང་པོ་དེ་ཡིན་པ་གང་ཞིག  ཕྱི་མ་དེ་ཡང་དེ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ལ་ཁྱད་པར་ཕྱེ་བ་དོན་མེད་པར་ཐལ་ལོ། ཟེར་ན འདོད་པའི་སྐལ་མཉམ་ཀུན་འགྲོ་དང། སྐལ་མི་མཉམ་ཀུན་འགྲོ་གཉིས་དམིགས་པ་ཤེས་པས་སྤོང་མི་སྤོང་རྩོད་པ་ལ། རང་གི་དམིགས་པ་ཞེས་པའི་ཁྱད་པར་མ་སྦྱར་བར་སྤྱིར་དམིགས་པ་ཤེས་པས་སྤོང་མི་སྤོང་འདྲི་ན་ནི་ཀུན་འགྲོ་མ་ཟད་ཕྲ་རྒྱས་ཐམས་ཅད་དམིགས་པ་ཤེས་པས་སྤོང་བ་ཡིན་ཏེ། དམིགས་ཡུལ་བདེན་བཞིའི་རང་མཚན་མཐོང་བས་སྤོང་བ་ཡིན་པའི་ཕྱིར་རོ།  འོན་ཀྱང་དངོས་བསྟན་གྱི་དམིགས་པ་ཤེས་པས་སྤོང་མི་སྤོང་དེ་ལ་ནི། ཚིག་སྐྱོན་བཅད་དེ་རང་གི་དམིགས་པ་ཞེས་པའི་ཁྱད་པར་སྦྱར་ན་རྩོད་པ་དེ་དག་ལས་གྲོལ་བར་འགྱུར་ཏེ། འདོད་པའི་སྐལ་མཉམ་ཀུན་འགྲོ་རྣམས་རང་གི་དམིགས་པ་ཤེས་པས་སྤངས་པ་ན། དེ་དང་དུས་མཉམ་སྐལ་མི་མཉམ་པའི་ཀུན་འགྲོ་རྣམས་སྤོང་ཡང་རང་གི་དམིགས་པ་ཤེས་པས་མིན་ཏེ། དཔེར་ན། སྡུག་ཆོས་བཟོད་ཤེས་ཀྱིས་འདོད་པའི་སྡུག་མཐོང་སྐལ་མཉམ་ཀུན་འགྲོ་རྣམས་ཀྱི་དམིགས་པ་ཤེས་ལ། སྐལ་མི་མཉམ་པའི་ཀུན་འགྲོ་རྣམས་ཀྱི་དམིགས་པ་མ་ཤེས་པའི་ཕྱིར། དང་པོ་ཡིན་ཏེ། འདོད་པའི་སྡུག་མཐོང་སྐལ་མཉམ་ཀུན་འགྲོ་རྣམས་ཀྱིས་རང་སའི་སྡུག་བདེན་ལ་དམིགས་པ་གང་ཞིག  སྡུག་བསྔལ་ཆོས་བཟོད་ཤེས་ཀྱིས་འདོད་པའི་སྡུག་བདེན་གྱི་རང་མཚན་མངོན་སུམ་དུ་ཤེས་པའི་ཕྱིར་རོ།  གཉིས་པ་ཡིན་ཏེ།  འདོད་པའི་སྐལ་མི་མཉམ་ཀུན་འགྲོ་དག་གིས་གོང་མར་དམིགས་པ་གང་ཞིག  མཐོང་ལམ་ཆོས་བཟོད་ཤེས་ཀྱི་གོང་མར་མ་དམིགས་པའི་ཕྱིར་རོ།  དེས་ན་དམིགས་པ་ཤེས་པས་སྤོང་ན། རང་གི་དམིགས་པ་ཤེས་པས་སྤོང་བའི་མ་ཁྱབ་ཅེས་བྱའོ།  གོང་མའི་སྐལ་མཉམ་དང་མི་མཉམ་གྱི་ཀུན་འགྲོ་ཐམས་ཅད་རང་གི་དམིགས་པ་ཤེས་པས་སྤོང་བ་ཡིན་ཏེ། གཟུགས་མེད་ན་ནི་སྐལ་མི་མཉམ་པའི་ཀུན་འགྲོ་མེད། གཟུགས་ན་ཡོད་ཀྱང་དེ་ཡང་རང་གི་དམིགས་པ་ཤེས་པས་སྤོང་སྟེ། གཟུགས་ཀྱི་སྡུག་མཐོང་དུ་གྱུར་པའི་སྐལ་མི་མཉམ་པའི་ཀུན་འགྲོ་ལྟ་བུ་ལ་མཚོན་ན། དེས་གོང་མ་གཟུགས་མེད་ལ་དམིགས་པ་གང་ཞིག  མཐོང་ལམ་སྡུག་རྗེས་བཟོད་ཤེས་ཀྱིས་གོང་མའི་སྡུག་བདེན་གཉིས་ཆར་གྱི་སྡུག་བདེན་ལ་དུས་མཉམ་དུ་དམིགས་ཤིང་ཡོངས་སུ་ཤེས་ལ། གོང་མའི་སྡུག་མཐོང་རྣམས་ཀྱང་དུས་མཉམ་དུ་སྤོང་བའི་ཕྱིར་རོ།  

ཡང་འདོད་པའི་སྐལ་མི་མཉམ་ཀུན་འགྲོ་རྣམས་ཡུལ་ཅན་ཟད་པས་སྤོང་བའི་མཚན་དུ། ཡུལ་ཅན་སྐལ་མཉམ་ཀུན་འགྲོས་དམིགས་ཡུལ་དུ་བྱེད་པའི་ཕྱིར་དང་། སྐལ་མཉམ་ཀུན་འགྲོ་སྔ་མས་སྐྱེད་པར་བྱེད་ལ། དེའི་ཕྱིར་རྒྱུ་སྐལ་མཉམ་ཀུན་འགྲོ་སྤངས་པ་ན། འབྲས་བུ་སྐལ་མི་མཉམ་པའི་ཀུན་འགྲོ་ཡང་སྤོང་བར་འགྱུར་ཏེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ།  ཞེས་པའང་རྒྱུ་མཚན་མ་ངེས་ཏེ། དེ་ལྟར་ན་འདོད་པའི་སྐལ་མཉམ་ཀུན་འགྲོ་རྣམས་ཀྱང་ཡུལ་ཅན་ཟད་པས་སྤོང་བ་ཡིན་པར་ཐལ། སྐལ་མཉམ་ཀུན་འགྲོ་རྣམས་ཀྱང་ཕན་ཚུན་ཡུལ་དུ་བྱེད་པའི་ཕྱིར་དང་། སྐལ་མཉམ་ཀུན་འགྲོ་སྔ་མས་སྐལ་མཉམ་ཀུན་འགྲོ་ཕྱི་མ་ཡང་སྐྱེད་པར་བྱེད་ལ། རྒྱུ་ཡུལ་ཅན་སྐལ་མཉམ་ཀུན་འགྲོ་སྤངས་པ་ན། དེའི་འབྲས་བུ་སྐལ་མཉམ་ཀུན་འགྲོ་ཡང་སྤོང་བར་འགྱུར་ཏེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པ་བཞིན་ནོ།  ཞེས་སྨྲ་ན་ལན་ཇི་ལྟར་འདེབས། ཟེར་བ་ལ་ནི།  འདོད་ལན་འདེབས་པ་ཡིན་ཏེ། རྒྱུ་མཚན་ནི། སྐལ་མཉམ་ཀུན་འགྲོ་རྣམས་ཀྱང་ཡུལ་ཅན་སྤངས་པས་སྤོང་བར་ཁས་བླངས་ཆོག་པའི་ཕྱིར་རོ།  འོ་ན། དེ་གཉིས་སྤོང་ཚུལ་ལ་ཁྱད་མེད་པར་ཐལ་ལོ་ཞེ་ན། ཁྱད་ཡོད་དེ། འདོད་པའི་སྐལ་མཉམ་ཀུན་འགྲོ་རྣམས་ཀྱི་རང་གི་དམིགས་པ་ཤེས་པ་དང་ཡུལ་ཅན་སྤངས་པ་གཉིས་ཀས་སྤོང་བ་ཡིན་ལ། འདོད་པའི་སྐལ་མི་མཉམ་པའི་ཀུན་འགྲོ་རྣམས་ཡུལ་ཅན་སྤངས་པས་སྤོང་བ་ཡིན་ཀྱང་རང་གི་དམིགས་པ་ཤེས་པས་སྤོང་བ་མིན་པའི་ཁྱད་ཡོད་པའི་ཕྱིར་རོ།  

ཡང་། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་ལོག་པར་ལོག་ཞུགས་རྣམས་ཀྱང་དམིགས་པ་ཤེས་པས་སྤོང་བ་ཡིན་པར་ཐལ། མཐོང་ལམ་གྱིས་དམིགས་པ་འགོག་ལམ་གྱི་གནས་ཚུལ་ཇི་བཞིན་ཤེས་པ་ན། དེ་དག་ལ་དངོས་སུ་ལོག་པར་ཞུགས་པ་དང་། ལོག་པ་ལ་ལོག་པར་ཞུགས་པ་གཉིས་ཆར་དུས་མཉམ་དུ་སྤོང་བའི་ཕྱིར། འདོད་ན། འགོག་ལམ་མཐོང་སྤང་ལོག་པ་ལ་ལོག་ཞུགས་དེ་དག་ཡུལ་སྤངས་པས་ཡུལ་ཅན་སྤོང་བར་འཇོག་པ་ལ་རྒྱུ་མཚན་གང་ཡང་མེད་པར་ཐལ་ལོ།  ཟེར་ན། ཁམས་གསུམ་གྱི་འགོག་ལམ་མཐོང་ལོག་པ་ལ་ལོག་ཞུགས་རྣམས་ཀྱང་སྤྱིར་དམིགས་པ་ཤེས་པས་སྤོང་བ་ཡིན་ཀྱང་། རང་གི་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་མིན་ཞེས་འདོད་དགོས་ཏེ། དཔེར་ན། འདོད་པའི་འགོག་པ་ཆོས་བཟོད་ཤེས་ཀྱིས། འདོད་པའི་འགོག་པ་མཐོང་སྤང་དུ་གྱུར་པའི་ལོག་ལྟ་སོགས་ཀྱི་དམིགས་པ་ཤེས་ཀྱང་། ལོག་པ་ལ་ལོག་ཞུགས་དེ་དག་གི་དམིགས་པ་མ་ཤེས་པའི་ཕྱིར་ཏེ། ལོག་པ་ལ་ལོག་ཞུགས་དེ་དག་གིས་ལོག་ལྟ་སོགས་ལ་དམིགས་པ་གང་ཞིག  འགོག་པ་ཆོས་བཟོད་ཤེས་ཀྱིས་འགོག་པ་ཉིད་ཡུལ་དུ་བྱེད་པ་ལས། ལོག་ལྟ་སོགས་དམིགས་ཡུལ་དུ་མི་བྱེད་པའི་ཕྱིར། དེས་ན་དེ་དག་ནི་ཡུལ་སྤངས་པས་ཡུལ་ཅན་སྤོང་བ་ཉིད་དུ་འཇོག་གོ། 

ཡང་། འགོག་ལམ་མཐོང་སྤང་ལོག་པ་ལོག་ཞུགས་རྣམས་ཆོས་ཅན། དངོས་སུ་ལོག་ཞུགས་ཡིན་པར་ཐལ། དམིགས་ཡུལ་སྡུག་ཀུན་གང་རུང་ལ་དངོས་སུ་ལོག་ཞུགས་ཡིན་པའི་ཕྱིར་ཏེ། དེ་དག་གི་དམིགས་ཡུལ་དུ་གྱུར་པའི་ལོག་ལྟ་སོགས་སྡུག་ཀུན་གང་རུང་གིས་བསྡུས་པའི་ཕྱིར། ཟེར་བ་ལ། མ་ཁྱབ་ཅེས་བརྗོད་དགོས་ཏེ། སྡུག་ཀུན་ལ་དངོས་སུ་ལོག་ཞུགས་ཞེས་པའི་དོན། དམིགས་ཡུལ་སྡུག་ཀུན་ལ་དམིགས་ནས་དེའི་རང་མཚན་དང་དངོས་སུ་འགལ་བའི་འཛིན་སྟངས་ལོག་པར་ཞུགས་པ་ལ་བྱེད་པ་ཡིན་ནོ། །གོང་གི་ལོག་པ་ལོག་ཞུགས་དེ་དག་འགོག་ལམ་མཐོང་སྤང་སོགས་ཀྱི་ལོག་ལྟ་སོགས་ལ་དམིགས་ནས་དེ་དག་ལ་མཆོག་འཛིན་ཡིན་པ་སོགས་ལས་སྡུག་ཀུན་གྱི་མཚན་ཉིད་དང་དངོས་འགལ་དུ་མ་ཞུགས་པའི་ཕྱིར་རོ། །དེས་འགོག་ལམ་མཐོང་སྤང་ལོག་པ་ལོག་ཞུགས་སོགས་ལའང་ཤེས་པར་བྱའོ།  

ད་ནི་ཉོན་མོངས་གཞི་བཅས་གཞི་མེད་ཀྱི་རྣམ་བཞག་ཅུང་ཟད་འགོད་པར་བྱ་སྟེ། དེ་ཡང་རང་འགྲེལ་ལས། མཐོང་བས་སྤང་བར་བྱ་བ་རྣམས་གཞི་མེད་པའི་ཕྱིར་ཏེ། དེ་དག་ནི་འཇིགས་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་པའི་ཕྱིར། བདག་གི་གཞི་ལ་འཇུག་པ་ཡིན་ན་བདག་དེ་ཡང་མེད་དོ་ཞེས་དང་། ཡང་དེ་ཉིད་ལས། བདག་ཏུ་ལྟ་བ་ནི། བདག་མེད་བཞིན་དུ་གཟུགས་ལ་སོགས་དངོས་པོ་ལ་བྱེད་པ་པོ་དང་དབང་བསྒྱུར་བ་ཉིད་དོ། །བདག་ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་ལ་མཐར་འཛིན་པ་སོགས་པ་ཡང་དེའི་གཞི་ལ་ཞུགས་པ་ཡིན་པས་གཞི་མེད་པ་དག་ཅེས་བྱའོ། །སྒོམ་པས་སྤང་བར་བྱ་བ་འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་རྣམས་ནི། གཟུགས་ལ་སོགས་པ་དངོས་པོ་ལ་ཆགས་པ་དང་ཀུན་ནས་མནར་སེམས་དང་ཁེངས་པ་དང་མི་གསལ་བའི་ངོ་བོར་ཞུགས་པ་འབའ་ཞིག་ཏུ་ཟད་པས་གཞི་དང་བཅས་པ་དག་ཞེས་བྱ་སྟེ། ཞེས་གསུངས་པ་ལྟར། སྤྱིར་མཐོང་སྤང་ཕྲ་རྒྱས་རྣམས་ནི་གཟུགས་སོགས་ཉེར་ལེན་གྱི་ཕུང་པོ་དང་ཆོས་དང་ཡོད་པའི་གཞི་ལ་དམིགས་པ་ཙམ་ཡིན་ཡང་། གཙོ་བོ་བདག་ཏུ་ཕྱིན་ཅི་ལོག་པར་སྒྲོ་བཏགས་པའམ་ཀུན་ཏུ་བཏགས་པའི་འཇིགས་ལྟའི་རྩ་བ་ཅན་ཡིན་པས། དེའི་ཞེན་ཡུལ་བདག་ལ་སོགས་པ་ནི་ཀུན་ཏུ་བཏགས་པ་ལས་ཡུལ་ལ་མེད་པའི་ཕྱིར། མཐོང་སྤང་གི་ཕྲ་རྒྱས་རྣམས་ནི་གཞི་མེད་པ་སྟེ། བདག་གི་གཞི་མེད་པའི་རྩ་བ་ཅན་གྱི་ཉོན་མོངས་ཞེས་དང་། སྒོམ་སྤང་ཕྲ་རྒྱས་རྣམས་ནི་ཀུན་ཏུ་བཏགས་པའི་གཞི་རྩ་ཅན་མ་ཡིན་པར་གཟུགས་སོགས་ཉེར་ལེན་གྱི་ཕུང་པོ་ཁོ་ནའི་གཞི་རྩ་ཅན་ཡིན་པས། སྒོམ་སྤང་གཙོ་བོ་སྐྱེད་བྱེད་ཀྱི་དམིགས་པ་གཟུགས་སོགས་ཡུལ་ལ་ཡོད་པའི་ཕྱིར། སྒོམ་སྤང་ཕྲ་རྒྱས་རྣམས་ལ་ཉོན་མོངས་གཞི་དང་བཅས་པ་ཞེས་བྱ་བའི་དོན་ནོ། 

༼སླར་སྨོན་པ༽

འཕགས་བོད་མཁས་པའི་ལེགས་བཤད་གངས་རི་དེར། །ཉིན་མཚན་སྟུད་མར་འབད་པའི་ཉི་འོད་ཀྱིས། །ཅུང་ཟད་བཞུས་པའི་དགོངས་དོན་ཆུ་ཡི་རྒྱུན། །འདི་རུ་དྲངས་པའི་ངལ་བ་བྱས་མོད་ཀྱི། །འོན་ཀྱང་བདག་ནི་འཆིང་བ་ཀུན་ལྡན་ཕྱིར། །དེ་ལ་མ་རྟོག་ལོག་རྟོག་མི་གསལ་བའི་ཆ། །ཡོད་པར་ངེས་པས་གཟུར་གནས་དཔྱོད་ལྡན་གྱིས། །རིགས་ལམ་འཕྲུལ་གྱི་སྣང་བ་སྤར་དུ་གསོལ། །འདིར་འབད་ལས་བྱུང་རྣམ་དཀར་ཆུ་སྤྲིན་གྱིས། །དཔལ་ལྡན་འབྲུག་པ་ངག་དབང་རྣམ་རྒྱལ་གྱི། །བསྟན་པའི་རྩ་ལག་བཤད་དང་སྒྲུབ་པའི་སྡེ། །དབྱར་མཚོ་བཞིན་དུ་གོང་ནས་གོང་འཕེལ་ཏེ། །འགྲོ་བ་སྤྱི་དང་བྱེ་བྲག་དབྱར་རྔ་པའི། །རྒྱལ་ཁབ་སྤྱི་དང་བྱེ་བྲག་སྨན་ལྗོངས་འདིར། །བདེ་སྐྱིད་སྤྱི་དང་བྱེ་བྲག་གཏན་བདེ་བའི། །རྒྱུ་རུ་སེམས་དཔའ་ཆེན་པོས་བསྔོ་བར་མཛོད། 


ཅེས་པ་དེའང་དཔལ་ལྡན་འབྲུག་པའི་གདན་ས་ཆེན་མོ་གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ་འདིར་དགེ་འདུན་པ་རྣམས་འདུལ་བ་གཞི་གསུམ་གྱི་ཉམས་ལེན་གནང་དུས་རང་ཡང་དགེ་བ་ལ་གོམས་འདྲིས་བྱ་ཕྱིར་མཛོད་འགྲེལ་མངོན་རྒྱན་དང་རང་འགྲེལ་
 རྒྱལ་དབང་མཛོད་ མི་ཕམ་མཛོད་འགྲེལ་སོགས་ལ་གཏུགས་ཏེ་མཐོང་སྤང་སྤོང་ཚུལ་གྱི་སྐོར་འཕྲོས་དོན་དང་བཅས་པ་ཅུང་ཟད་བཏུས་ཡོད་པས་གང་གིས་ཀྱང་དེ་ལ་ནོར་འཕྲུལ་གྱི་ཆ་གཟིགས་ན་བསྟན་དོན་ལ་དམིགས་ཏེ་འཛེམ་བག་མེད་པར་བློ་སྐྱེད་གནང་བར་ཁོ་བས་སྙིང་ཐག་པ་ནས་གསོལ་འདེབས་དང་བཅས་སྤེལ་བར་དགེའོ།                      


 

 

 

 

 

 

 

  


Post a Comment

0 Comments