གསར་པ།

6/recent/ticker-posts

ཞིང་གཤེགས་དགེ་འདུན་རིན་ཆེན་མཆོག་གི་མཛད་རྣམ།

བཀའ་དྲིན་མཚུངས་མེད་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་འདུན་རིན་ཆེན་དཔལ་བཟང་པོའི་རྟོགས་བརྗོད་མདོར་བསྡུས་དྭངས་ཤེལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །

༄༅། །ལས་ཉོན་འཁྲུགས་པའི་རྦ་རླབས་རབ་གཡོས་སྲིད་པའི་ཆུ་བོ་རྣམ་བཞི་ཡིས། །ཆོས་སྒོར་ཞུགས་ནས་ཆོས་བརྒྱད་སྒྲུབ་པ་བདག་ཅག་སྲིད་མཚོར་ཁྱེར་བའི་ཚུལ། །མི་མངོན་དབྱིངས་ནས་ཉེ་བར་དགོངས་ཏེ་ཐུགས་རྗེའི་ཕྱག་གིས་རབ་བཟུང་ནས། །གཏན་བདེའི་གནས་སུ་འགོད་པར་མཛད་ཁྱོད་བྱང་ཆུབ་བར་དུ་སྤྱི་བོས་མཆོད། །ཐབས་མཁས་ཐུགས་རྗེའི་འོད་དཀར་འབུམ་འཕྲོ་ཐུབ་དབང་སྨྲ་བའི་ཟླ་ཞལ་ལས། །ལས་ཉོན་འཁོར་བའི་ཚ་གདུང་ཀུན་སེལ་དམ་ཆོས་བདུད་རྩི་འཛག་པའི་རྒྱུན། །རིས་མེད་འགྲོ་ལ་བགོ་བཤར་འགྱེད་མཛད་ཐེག་གསུམ་འཕགས་པའི་ཚོགས་དང་བཅས། །འདི་ཕྱི་གཏན་གྱི་སྐྱབས་སུ་བཟུང་ལ་སྣང་བ་དམ་པའི་མཆོག་སྦྱིན་མཛོད། །རྒྱལ་རྣམས་འདུས་ནས་ནུས་མཐུ་གཏད་དེ་གསང་བའི་བདག་པོར་དབང་བསྐུར་བ། །ཐུན་མོངས་སྣང་ངོར་ཐོས་པའི་མཆོག་གྱུར་ཀུན་དགའ་བོ་དང་ཟླ་བ་བཟང་། །རྒྱལ་སྲས་ཐུ་བོ་སྤོས་ཀྱི་གླང་དང་དྲང་སྲོང་འགྲོ་བ་དབུགས་འབྱིན་སོགས། །སྐྱེ་བའི་འཕྲེང་བ་རིམ་པར་བྱོན་ལ་སྙིང་ནས་ཡིད་ཆེས་གུས་པས་འདུད། །ཁྱད་པར་ལྷོ་མོན་འདུལ་དཀའི་ཞིང་འདི་ལྟ་སྒོམ་ཏིང་འཛིན་གྲུབ་པའི་མཐུས། །གསང་ཆེན་འོག་མིན་གླིང་དུ་བསྒྱུར་མཛད་མཚོ་སྐྱེས་རྒྱལ་བ་གཉིས་པ་དང་། །ཕྱག་ན་པདྨོའི་རྣམ་རོལ་མཆོག་བསྔགས་དཔལ་ལྡན་འབྲུག་པ་ཡབ་སྲས་བཅས། །རིགས་བདག་ཉིད་ལས་གཉིས་མེད་ཤེས་པས་སྙིང་དབུས་གེ་སར་དད་པས་བསྙེན། །མགོན་ཁྱོད་མཛད་རྣམ་རྒྱ་མཚོའི་གཏིང་མཐའ་བདག་བློས་དཔོག་པར་མི་ནུས་ཀྱང་། །དད་དང་གུས་པའི་གྲུ་གཟིངས་ལ་ཞུགས་བརྩོན་པའི་ཁ་ལོ་བསྒྱུར་བའི་མཐུས། །མོས་པའི་མདུན་དེར་ཕྱོགས་ཙམ་སྣང་བ་རྨད་བྱུང་གང་གི་མཛད་པའི་ཆ། །སྒྲོ་སྐུར་སྤངས་ནས་སྨྲ་བར་ཞུགས་ལ་ལྷ་དང་བླ་མས་གནང་བ་སྩོལ། །



ཞེས་དམ་པའི་ཡུལ་ལ་སྲི་ཞུ་བསྔགས་བརྗོད་ཀྱི་གུར་གུམ་ལྷུག་པར་འཐོར་ནས་མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའི་ཚིག་གིས་རྒྱུ་མཚན་སྨོས་པས་བརྗོད་བྱའི་སྐབས་ཕྱེ་ནས། གང་ཞིག་གླེང་བར་བྱ་བའི་གཞི་ནི། དེ་ཡང་འཛམ་གླིང་བྱང་ཕྱོགས་ཀྱི་རྒྱུད་དུ་རང་རེ་ཉི་མ་ལྷོ་ཕྱོགས་པ་སྤྱི་བོ་གནམ་ལ་བསྟན་པ་ཡོངས་ཀྱི་སྤྱི་མཐུན་དགེ་བའི་བསོད་ནམས་ཀྱི་མེ་ཏོག་གང་ལ་ཕོག་པའི་རིགས་བདག་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དབང་སྔགས་འཆང་རྡོ་རྗེ་འཛིན་པའི་ཚུལ་དུ་བྱོན་པ་སྐྱབས་མགོན་ཆོས་ཀྱི་རྒྱལ་པོ་ངག་དབང་བསྟན་འཛིན་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པའི་སྡེ་ཞེས་མཚན་སྙན་གྱི་རྔ་དབྱངས་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་སྒྲོག་པའི་དཔལ་འཆང་བ་དེ་ཉིད་ཡིན་ལ། ཆོས་ཀྱི་རྗེ་དེ་ཡི་རིང་ལུགས་འཛིན་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱི་ནང་ནས་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་གསེར་ཀོང་རྡོ་རྗེ་འཆང་ཚུལ་ཁྲིམས་དོན་ལྡན་དང་། རྒྱལ་དབང་པདྨའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་གཏེར་ཆེན་ལས་རབ་གླིང་པ་ཟུང་དུ་འཇུག་པའི་རྣམ་རོལ་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་ཕྲིན་ལས་མཚུངས་ཟླ་མ་མཆིས་པ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་ཆོས་ཀྱི་འཁོར་ལོའི་ཕྱག་མཚན་ཐུགས་ཀར་འཆང་བ་མཁན་རབས་དྲུག་ཅུ་རེ་དགུ་པ་སྐྱབས་རྗེ་དགེ་འདུན་རིན་ཆེན་ཞེས་རྒྱལ་དབང་པདྨས་རྗེས་སུ་བཟུང་བའི་སྐྱེས་ཆེན་འདི་ཉིད་བྱོན་པར་གྱུར་ཏོ། །

དེ་ཡང་རང་ལ་ཕྱི་ནང་གི་ཡོན་ཏན་ནམ་མཁའི་པདྨོ་ལྟར་ཕྲ་ཡང་དམ་པ་དེ་ཉིད་ཀྱི་བཀྲིན་ལན་བློན་པའི་ཆེད་དུ་རྟོགས་བརྗོད་འོལ་སྤྱི་ཙམ་མི་ཤེས་བཞིན་དུ་ཅི་བརྟོལ་བསྐྱེད་དེ་སྨྲ་བའི་ཚུལ་ཡང་། ཐུབ་པའི་བསྟོད་པ་དད་པའི་རྦ་རླབས་ལས། སྤྲིན་ཆེན་འབྲུག་སྒྲས་གང་ན་ཡང་། །ཆར་འདོད་བྱིའུ་ཅ་ཅོ་སྒྲོག །མཛངས་པའི་ཚིག་ནི་མི་ཤེས་ཀྱང་། །བྱིས་པ་མ་ཡི་གམ་དུ་སྨྲ། །ཞེས་གསུངས་པ་ལྟར་རང་གཞན་གདུལ་བྱར་གྱུར་པ་ཀུན་གྱི་ཡིད་ལ་དད་པའི་མྱུ་གུ་འཕེལ་ཞིང་རྒྱས་པ་དང་། ཚོགས་གཉིས་རླབས་པོ་ཆེ་རྫོགས་པའི་ཆེད་དུ་དམ་པ་དེ་ཉིད་ཀྱི་གསང་གསུམ་མི་ཟད་རྒྱན་གྱི་གནས་ཚུལ་བསམ་གྱིས་མི་ཁྱབ་པ་ལས། རང་ཅག་ཚུར་རོལ་མཐོང་བ་རྣམས་ཀྱི་མོས་བློ་དང་འཚམས་པའི་མངོན་རྟོགས་ཀྱི་རང་བཞིན་ཅུང་ཟད་བརྗོད་པ་སྔོན་བྱོན་བླ་མའི་རྣམ་ཐར་ཕྱི་རབས་གདུལ་བྱའི་ཉམས་ལེན་དུ་ཤེས་པའི་ཡིད་ཆེས་ཀྱི་དད་པས་ཡིད་ལ་འཆང་ཞིང་། མོས་པས་ཞབས་ཏོག་རྣམ་པ་གསུམ་མཐར་ཕྱིན་པའི་སྒོ་ནས་མཉེས་པར་བྱས་ན་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་སྟེ། སྡོམ་འབྱུང་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ལ། །བླ་མའི་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང་། མཚན་བརྗོད་ལས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗོད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་དང་། ཇི་སྐད་དུ། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ཅེས་སོགས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལས་རྒྱ་ཆེར་གསུངས་པའི་དགོས་འབྲས་ཐོབ་ཕྱིར་རྗེ་བཙུན་བླ་མའི་མཛད་རྣམ་མདོ་ཙམ་ཡི་གེའི་ལམ་དུ་འགོད་པ་ལ་བསྡུས་པའི་དོན་གསུམ། 

ཐོག་མར་དགེ་བ་སྔོན་བྱུང་གི་གླེང་གཞི་བསྟན་པ། བར་དུ་དགེ་བ་མཛད་རྣམ་དངོས་བཤད་པ། ཐ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་བཤད་པའོ། །དང་པོ་ནི། 


བདག་ཅག་གི་རིགས་ཀྱི་བདག་པོ་མཚན་དངོས་བརྗོད་པར་དཀའ་བ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་དགེ་འདུན་རིན་ཆེན་འདི་ཉིད་གནས་ཚུལ་གྱི་དབང་དུ་བྱས་ན། གདོད་ནས་བདེ་སྟོང་འདུ་འབྲལ་དག་པའི་ཀློང་དུ་སྐུ་བཞིའི་གོ་འཕང་མངོན་དུ་གྱུར་ཏེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཅན་རང་ངོར་ཆོས་ཀྱི་སྐུ་ལས་མ་གཡོས་པར་བཞུགས་པ་ཞིག་གོ །སྣང་ཚུལ་གྱི་དབང་དུ་བྱས་ན་དག་དང་མ་དག་པའི་གདུལ་བྱའི་སྣང་ངོར་གཟུགས་སྐུའི་སྒྱུ་འཕྲུལ་སྣ་ཚོགས་པའི་རོལ་པ་རྣམ་པ་ཐམས་ཅད་པར་འཆར་བ་ཞིག་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་དང་། ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང་། ཀུན་མཁྱེན་ཆེན་པོས། ཆུ་ཀླུང་ཀུན་ན་ཅིག་ཅར་ཟླ་གཟུགས་བཞིན། །འགྲོ་མང་འདུལ་ལ་སྤྲུལ་པའི་སྐུ་དེ་ལྟར། །འཕགས་པ་རྣམས་ཀྱི་ཐུགས་རྗེའི་འཕྲུལ་ཆེན་པོ། །འཇིག་རྟེན་གསུམ་ན་བསྔགས་འོས་སྙིང་པོ་ཡིན། །ཞེས་དང་། ཕལ་པོ་ཆེའི་མདོ་ལས། ཀྱཻ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་གསུངས་པས་སོ། །དེ་ལྟར་དག་དང་མ་དག་པའི་ཞིང་ཁམས་རབ་འབྱམས་རྣམས་སུ་གདུལ་བྱའི་མོས་པའི་ཆུ་སྣོད་དང་འཚམས་པར་གང་འདུལ་སྤྲུལ་པའི་ཟླ་ཞལ་འགོག་པ་མེད་པ་རིམ་དང་ཅིག་ཅར་འཆར་ཚུལ་མཐའ་དག་སར་གནས་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ལས་ཀྱང་འདས་ན་བྱིས་པ་མ་རིག་པའི་རབ་རིབ་ཅན་བདག་འདྲས་སྨྲ་བ་ག་ལ་ནུས། འོན་ཀྱང་རྒྱ་མཚོ་ལས་ཀུ་ཤས་བླངས་པའི་ཆུ་ཐིགས་བཞིན་རྣམ་ཐར་ཚད་ཐུབ་ཀུན་ལ་མོས་པ་ཕྱོགས་གཅིག་གིས་གཞལ་བའི་སྣང་ཚུལ་དང་མཐུན་པར་ཐོག་མར་སྤྲུལ་གཞི་དང་པོའི་དབང་དུ་བྱས་ཏེ་རིང་བའི་གླེང་གཞིའི་སྐོར་ནི། རྒྱལ་སྲས་བདག་ཉིད་ཆེན་པོ་གང་སྔོན་བྱུང་བ་འདས་པའི་དུས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཇི་སྙེད་ཀྱི་སྐྱེ་བ་སྣ་ཚོགས་སུ་བཞེས་ནས་ཇི་ལྟར་བྱོན་ཚུལ་རགས་རིམ་ཙམ་གླེང་ན། རྒྱལ་བ་རྡོ་རྗེ་འཆང་གི་སྤྱན་སྔར་གསང་བདག་ཕྱག་ན་རྡོ་རྗེ། འཕགས་ཡུལ་དབུས་འགྱུར་འཆང་དུ་ཐོས་པའི་མཆོག་བསྔགས་འཕགས་པ་ཀུན་དགའ་བོ། ཤམྦྷ་ལའི་ཞིང་དུ་ཆོས་རྒྱལ་ཟླ་བ་བཟང་པོ། མི་འཁྲུགས་མགོན་པོའི་དྲུང་དུ་རྒྱལ་སྲས་སྤོས་ཀྱི་གླང་པོ། ཨུ་རྒྱན་ཡུལ་གྱི་གནས་སུ་དྲང་སྲོང་འགྲོ་བ་དབུགས་འབྱིན། འཕགས་པའི་ཡུལ་གྱི་ཕྱོགས་སུ་ཌོམྦི་ཧེ་རུ་ཀ་པ། ཁ་བ་ཅན་གྱི་ལྗོངས་སུ་མངའ་བདག་ཁྲི་རལ་ཆེན་པོ། བྷངྒ་ལའི་ཡུལ་དུ་ཏིལླི་ཤེས་རབ་བཟང་པོ། གྲོ་བོ་ལུང་གི་ཕྱོགས་སུ་སྒྲ་སྒྱུར་མར་པ་ལོ་ཙཱ། མྱང་སྟོད་རྒྱའི་རིགས་སུ་དབོན་རས་དར་མ་སེངྒེ། དཔལ་ལྡན་འབྲུག་པའི་གདུང་དུ་ངག་དབང་ཆོས་ཀྱི་རྒྱལ་པོ། དྲི་མེད་གདུང་རབ་དེ་ལས་མི་ཕམ་ཆོས་ཀྱི་རྒྱལ་པོ་སོགས་སུ་འཁྲུངས་པའི་ཡུལ་དུས་མཚན་གྱི་གོ་རིམ་ཙམ་བརྗོད་པ་དེ་ཡང་། ཀུན་མཁྱེན་འབྲུག་པས། རྒྱལ་རྣམས་འདུས་ནས་ནུས་མཐུ་གཏད་དེ་ཁྱོད། །གསང་བའི་བདག་པོར་དབང་བསྐུར་ལ་ཁྲོས་པའི། །དབང་ཕྱུག་གཤེད་ཕྲལ་རོ་ཡིས་ཞབས་བཏུད་པས། །ཐལ་བའི་དབྱངས་ཀྱིས་སངས་རྒྱས་སྦྱིན་ཞེས་གྲགས། །ཐོས་པ་བདུད་རྩིའི་ཆར་ཀུན་དྲན་པའི་སྐྱོགས། །འཛིན་པའི་མཆོག་བསྔགས་ཀུན་དགའ་བོ་ཡི་ལྕེ། །སྟོན་པའི་འཛུམ་རྩེར་ཆགས་པ་ལུང་སྟོན་པའི། །འོད་ཀྱི་སྣལ་མའི་རོ་དེ་མྱང་བའང་སྤྲུལ། །ཟླ་བཟང་གསོལ་བཏབ་ཉི་མས་ཟས་གཙང་བུའི། །བཞེད་པའི་གནམ་སྔོན་ཞུ་བ་མ་བརྗེད་པ། །ཨུཏྤལ་རྩེ་ཁེངས་རལ་གྲི་ཤམ་བྷ་ལིར། །བསྒྱུར་བས་མི་ཤེས་རིགས་རྣམས་བརླག་པའང་མཛད། །མི་འཁྲུགས་ཡོན་ཏན་ཀུན་གྱི་བུང་བའི་འཕྲེང་། །འཐིབས་པ་རྒྱལ་སྲས་སྤོས་ཀྱི་གླང་ཆེན་ཁྱོད། །ཆོས་འཁོར་ཤིང་རྟའི་སྲོལ་འབྱེད་གཉིས་པ་རུ། །མངོན་དགའ་ཀུ་ཤའི་ཐང་དུ་འཁྱམས་རྣམས་གླེང་། །ཐར་པའི་ས་ལ་འགྲོ་བ་དབུགས་འབྱིན་པའི། །དྲང་སྲོང་ཞབས་སེན་མདངས་དེས་ཨོ་རྒྱན་གྱི། །རོལ་པ་མོ་ཡི་ཟུར་ཕུད་ནོར་བུའི་གཟི། །མོག་པོར་བགྱིས་ཀྱང་སྙིང་གི་མུན་པ་ཕྲལ། །འདོད་པའི་ཡུལ་ལ་ཅི་དགའི་ཌོམྦྷི་བ། །སྟོང་ཉིད་ཐོད་པར་སྙིང་རྗེའི་ཁྲག་འཐུངས་ནས། །སྟག་གཞོན་སྦྲུལ་གྱིས་བརྒྱན་པ་གཡུང་མོ་ཡི། །རྩེ་དགའི་འཁྲི་ཤིང་དེ་ཡང་ཁྱོད་ཀྱི་རྫུ། །ཐུབ་པའི་བདེན་ཚིག་སྨིན་པ་རྡོ་འཇོག་གཞིར། །གཙུག་ལག་ཁང་དང་བསྟན་ལ་མཆོད་པའི་སྤྲིན། །ཀུན་བཟང་རྣམ་ཐར་མཚོན་པའི་འོལ་སྤྱི་ཡང་། །མ་དྲན་བྱེད་པོར་རྨོངས་སྦྱིན་ཁྲི་རལའང་ཁྱོད། །བཀའ་བབས་བཞིས་བསྐུལ་བཙུན་མོའི་མཚམས་སྦྱོར་གྱིས། །རྡོ་རྗེ་འཆང་གི་ལུང་ཐོབ་ཏིལ་བརྡུང་དེའི། །སྙན་པ་ཕྱོགས་ཀུན་རི་དྭགས་མིག་ཅན་མས། །རྣ་བའི་རྒྱན་དུ་སྲིད་པའི་རིང་འདིར་ཕྲོགས། །དབུས་འགྱུར་ཤར་རིར་ཐུབ་པའི་ཉི་མ་བཞིན། །ལེགས་བཤད་འོད་ཟེར་འབུམ་གཟུང་གངས་ཅན་པའི། །སྙིང་གི་གེ་སར་སྐལ་བཟང་གསེར་ཞུན་ལ། །བཙོ་བླག་མཁན་ཁྱོད་མཚན་ཡང་མར་པར་སྒྱུར། །ཉོན་ཡིད་ཅེ་སྤྱང་རང་རིག་དབུགས་བྲལ་ལ། །མཆོད་པར་སྙེམས་ཁྲེལ་ཉམས་རྟོགས་དར་མའི་དཔྱིད། །སེངྒེས་བགད་ཚེ་རྟོག་གེའི་གཉིས་འཐུང་སྙིང་། །ལྐོག་མའི་ཟས་ལ་འགྲན་པའི་ཟོལ་གྱིས་བྲོས། །ངག་དབང་བདུད་རྩིའི་ཆུ་གཏེར་གྱིས་སྤྲོས་པའི། །ཆོས་ཀྱི་རྔ་སྒྲའི་རོ་རྣམས་བསྟན་འཛིན་ལྷའི། །མདུན་སར་སྐྱུགས་ཚེ་རྒྱལ་བ་ནོར་ལྷའི་བུ། །ལེགས་སོའི་མེ་ཏོག་ཕྲེང་བ་ཁྱོད་ལ་འཆིང་། །ཞེས་གསུངས་པ་ལྟར། སྐྱེས་རབས་གསེར་གྱི་ཕྲེང་བ་དེ་རྣམས་ཀྱིས་བསྟན་འགྲོའི་དོན་དཔག་མེད་མཛད་ཚུལ་མཐའ་དག་ཉུང་ངུའི་ངག་གིས་བརྗོད་པར་མི་ནུས་པས་སོ་སོའི་མཛད་རྣམ་དུ་གཟིགས་པར་ཞུའོ། །

ད་ནི་ཉེ་བའི་གླེང་གཞི་གསེར་ཀོང་རྡོ་རྗེ་འཆང་ཆེན་པོ་གང་དུ་འཁྲུངས་པའི་ཡུལ་ནི། དབུས་གཙང་རུ་བཞིའི་ནང་ཚན་དབུ་རུ་སྐྱིད་ཤོད་དཔལ་གྱི་ལྷ་སར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་ཉེ་བའི་ནུབ་ཕྱོགས་སུ་རྒྱལ་བའི་དབང་པོ་ཚུལ་ཁྲིམས་རྒྱ་མཚོ་གང་དུ་འཁྲུངས་པའི་ཡབ་གཞིས་གཡུ་ཐོག་པའི་རིགས་བརྒྱུད་དུ། སྤྱི་ལོ་༡༨༥༥ དང་རབ་བྱུང་༡༤པའི་ཤིང་ཡོས་ལ་སྐུ་བལྟམས། རིམ་གྱིས་བསྐྱེད་བསྲིངས་ནས་ཆོས་སྒོར་ཞུགས་ཏེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་སེར་ཁང་པ་དང་། ཁྲི་ཆེན་ངག་དབང་ནོར་བུ། ཡོངས་འཛིན་བློ་བཟང་བསྟན་འཛིན། མདོ་སྨད་རོང་པོ་པཎྜི་ཏ་དགེ་འདུན་རྒྱ་མཚོ་སོགས་བསྟེན་ཏེ་གཞུང་ཆེན་པོད་ལྔ་པོ་ཆ་ལག་དང་བཅས་པ་ལུང་རིགས་ཚད་མའི་ལམ་ནས་དྲངས་ཏེ་གསན་བསམ་དཔྱིས་ཕྱིན་པར་མཛད། ལྷག་པར་སྔགས་ལམ་ལ་ཞུགས་ཏེ་ཁྲི་ཆེན་ངག་དབང་ནོར་བུའི་སྤྱན་སྔར་གསང་བ་འདུས་པའི་བཀའ་དབང་གསན་དུས་བླ་མ་གསང་བ་འདུས་པ་དང་གཟིམ་ཁང་གཞལ་ཡས་ཁང་དུ་གཟིགས་པ་དང་། དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། གསང་བ་འདུས་པ་སོགས་ཡི་དམ་དུ་མའི་བསྙེན་སྒྲུབ་ཚད་དུ་ཕྱིན་པས་དངོས་གྲུབ་རྣམ་གཉིས་ལ་དབང་འབྱོར་བ་དང་། དགའ་ལྡན་རི་ཁྲོད་དུ་བཅད་རྒྱར་བཞུགས་སྐབས་རྒྱལ་བ་ཙོང་ཁ་པས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་སོགས་ངོ་མཚར་གྱི་གཟིགས་སྣང་དང་ཐུན་མོང་མ་ཡིན་པའི་ས་ལམ་གྱི་མངོན་རྟོགས་རྣམས་ཐུགས་རྒྱུད་ལ་འཁྲུངས་ནས་མཁས་དང་གྲུབ་པའི་ཁྲི་ལ་ཞབས་སོར་འཁོད་པས་མཁྱེན་བརྩེ་ཕྲིན་ལས་ཀྱི་འོད་དཀར་བོད་དང་བོད་ཆེན་པོའི་ཞིང་ཁམས་ཀུན་ཏུ་ཁྱབ་པ་མ་ཟད། རང་རེ་ལྷོ་ཕྱོགས་སྨན་གྱི་ནགས་མ་རྒྱས་པའི་ལྗོངས་སུ་འགྲོ་དོན་གྱི་འོད་སྣང་བཀྱེ་ཚུལ་ཡང་མ་གཅིག་གི་ལུང་བསྟན་ལས། བུམ་ཐང་ཕྱོགས་སུ་ཝཿཀཿའི་མིང་ཅན་ཞིག །འཆད་རྩོད་རྩོམ་གསུམ་བསྟན་པའི་བྱི་དོར་བྱེད། །ཅེས་གསུངས་པ་ལྟར། ཆོས་རྒྱལ་སའི་ཚངས་པ་ཆེན་པོ་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ནས་སྔོན་སྨོན་རྣམ་དཀར་གྱི་དགེ་འབྲས་དུས་སུ་སྨིན་ཏེ་མཚན་ཙམ་ཐོས་པས་དད་པའི་སྤུ་ལོང་གཡོས་ནས་གདན་འདྲེན་ཏེ་བུམ་ཐང་ཕྱོགས་སུ་ཞབས་སོར་འཁོད། དེར་གདུལ་བྱ་བགྲང་བ་ལས་འདས་པ་ལ་སྨིན་གྲོལ་ཆོས་ཀྱི་བདུད་རྩི་འགྱེད་བཞིན་བཞུགས་པའི་དུས་རེ་ཞིག་གི་ཚེ་ཨོ་རྒྱན་སངས་རྒྱས་གཉིས་པའི་སྒྲུབ་གནས་སྐུ་རྗེས་ག་ལ་བར་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་རྣམ་འཕྲུལ་ལྟར་མཆོད་སྤྲིན་ཚོགས་ཀྱི་འཁོར་ལོས་མདུན་བདར་ནས་སྐྱབས་མགོན་ངག་གི་དབང་པོས་མཛད་པའི་ཨོ་རྒྱན་ཚེས་བཅུའི་ཆོ་ག་བར་གཅོད་གཡུལ་རྒྱལ་གཞུང་བསྲངས་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་སྐབས། དག་པའི་གཟིགས་སྣང་ལ་མཚོ་སྐྱེས་རྒྱལ་བ་དང་མི་གཉིས་པ་དཔལ་འབྲུག་པ་རིན་པོ་ཆེ་བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་རབ་ཏུ་འཇོམས་པའི་ཡེ་ཤེས་ཀྱི་སྐུ་མཚན་དཔེ་གཟི་འོད་འབར་བ་དངོས་ཀྱིས་རྗེས་སུ་བཟུང་ནས་ལམ་ཟབ་བླ་ཚེ་ཟུང་འབྲེལ་གྱི་སྒྲུབ་ཐབས་འཆི་མེད་ལྕགས་སྡོང་མའི་དག་སྣང་བབ། དེ་ཡང་སྤྱིར་འབྲུག་རྒྱལ་ཁབ་ཡོངས་ལ་བདེ་སྐྱིད་ཀྱི་སྒོ་འཕར་གསར་དུ་འབྱེད་པའི་རྟེན་འབྲེལ་གྱི་གཞི་མ་དང་། བྱེ་བྲག་ཆོས་རྒྱལ་གོང་མ་ན་རིམ་གྱི་ཆབ་སྲིད་ཀྱི་རྒྱུན་དར་རྒྱས་སུ་འབྱུང་བའི་སླད་དུ་གཏན་ལ་ཕབ་པར་མཛད། ཐོག་མར་མི་རྗེ་འདི་ལ་སོགས་པ་སྐལ་ལྡན་གྱི་བུ་སློབ་རྣམས་ལ་ཟབ་ཆོས་དེའི་སྨིན་བྱེད་ཀྱི་དབང་དང་གདམས་ངག་ཐམས་ཅད་ཆིག་རྫོགས་སུ་བསྩལ་བ་ཆོས་རྒྱལ་མཆོག་ནས་ཀྱང་ཚེ་རབས་གཏན་གྱི་ལྷ་སྐལ་དུ་དགོངས་ནས་རྒྱུན་དུ་ཉམས་བཞེས་མཛད་པའི་མཐུས། ད་ལྟའི་བར་དུའང་རང་རེའི་རྒྱལ་ཁབ་འདི་ཉིད་རྒྱ་བོད་སོགས་འཛམ་གླིང་གཞན་དང་མི་མཉམ་པ་རང་དབང་རང་བཙན་དུ་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་ཞི་བདེ་ལ་གནས་པ་ནི་མཐུ་ཆེན་བླ་མའི་ཆོས་སྐོར་འདི་དར་བའི་མཐུ་ཡིན་པར་མངོན་ཏེ། དེ་ལྟར་ཡང་བླ་མ་རང་གིས་ལུང་བསྟན་ལས། དུས་ངན་སྙིགས་མ་ལྔ་བདོ་ཆེར་སྙིགས་དུསཿ སྒོམ་པའི་བཀའ་བབ་བསྟན་འགྲོའི་གསོས་སུ་སྨིནཿ མཐའ་དམག་ཟློག་བྱེད་ཡུལ་འཁྲུགས་ཞི་བ་དངཿ མི་ཕྱུགས་ནད་རིགས་ཀུན་ཞི་བཤད་སྒྲུབ་འཕེལཿ ཞེས་རྡོ་རྗེ་གསུང་གི་གསང་བ་རྣམས་ལ་དད་བརྩོན་ཤེས་རབ་ཀྱི་མིག་དང་ལྡན་པ་དག་གིས་གཞིག་ན་སྔར་མེད་ཀྱི་ངེས་ཤེས་བླ་ལྷག་ཏུ་འབར་བ་ནི་གདོན་མི་ཟའོ། །དེ་ལྟ་བུའི་སྙན་བརྒྱུད་ཀྱི་མཛོད་འཛིན་པ་གསང་ཆེན་འོག་མིན་གྱི་སྟོན་པ་རྡོ་རྗེ་འཆང་ཆེན་པོ་མིའི་རྫུ་ལ་ཞུགས་པ་གང་ཉིད། སླར་ཡང་ལྷོ་ཕྱོགས་དཔལ་གྱི་དུམ་བུའི་ཞིང་དུ་འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས། རྒྱལ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག དགེ་འདུན་འདུས་པ་ཡོངས་ཀྱི་རྗེ་བོ། དཔལ་འབྲུག་པའི་རྒྱལ་ཚབ་མཁན་རབས་གསེར་ཁྲི་འཛིན་པ་འདི་ཉིད་བྱོན་པ་ཡིན་ཏེ། དེ་ལྟར་ཡང་གསང་ཆེན་རྙིང་མའི་རྒྱུད་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པ་ལྟར། སྤྱིར་གདུལ་བྱ་སོ་སོའི་རྒྱུད་ལ་ཡོད་པའི་རྣམ་དཀར་གྱི་དགེ་འབྲས་ཆོས་ཕྱོགས་སུ་སྨིན་པ་དང་། སྙིང་རྗེ་གཞན་དབང་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་དྲི་མ་མེད་པའི་འབྲས་བུ་དུས་ལ་བབ་པ་ན་གདུལ་བྱ་སོ་སོའི་མོས་སྐལ་དང་འཚམས་པ་སྤྲུལ་པའི་སྣང་བརྙན་འགོག་པ་མེད་པ་འབྱུང་བ་ཡང་། རྒྱུད་ལས། གང་ཕྱིར་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་ཚུལ་བཟུང་ནས། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་ཀྱིས་གནས། །ཞེས་གསུངས་པ་ལྟར་རོ། །

བྱེ་བྲག་རྗེ་བླ་མ་རྡོ་རྗེ་འཆང་འདི་ཉིད་གསེར་ཁང་རིན་པོ་ཆེའི་ཡེ་ཤེས་གསང་བ་བསམ་གྱིས་མི་ཁྱབ་པའི་སྒྱུ་འཕྲུལ་དུ་ངེས་པ་སྐུ་གོང་མས་ཕྱི་མཐའ་མངོན་སུམ་དུ་གཟིགས་པའི་རྡོ་རྗེའི་གསུང་ཚད་མའི་ལུང་བསྟན་དང་། བླ་མ་རང་གི་གསང་རྣམ་ལས་བྱུང་བ་ལྟར་ཡང་དག་པའི་རིགས་པས་གཞལ་ན་འཐད་ལྡན་དུ་གྲུབ་པ་ངེས་ཚུལ་ནི། དེ་ཡང་གསེར་ཁང་རིན་པོ་ཆེ་རང་ལ་བཀའ་བབ་པའི་ལམ་ཟབ་བླ་མའི་རྣལ་འབྱོར་འཆི་མེད་ལྕགས་སྡོང་མའི་མཇུག་བྱང་དང་། དེ་བཞིན་ཀུན་མཁྱེན་པདྨ་དཀར་པོའི་དག་སྣང་གུ་རུ་དྲག་པོ་ཕུར་ཤམ་ཅན་གཏེར་གཞུང་སྤྱིའི་འགྲོས་དང་མཐུན་པར་ཕྱོགས་བསྡེབས་མཛད་པའི་ནང་དུ། ད་དུང་ཟབ་ཆོས་འདི་ལ་ཐུན་མོང་མ་ཡིན་པའི་དམིགས་ཁྲིད་ཁ་སྐོང་འོས་པ་རྣམས་བཤེས་གཉེན་མཉེས་པར་བྱས་པའི་ཞལ་ལས་རྟོགས་པར་བྱ་ཞེས་སྒྲ་ཇི་བཞིན་མ་ཡིན་པའི་གསུང་གིས་རང་ཉིད་སླར་ཡང་འབྱོན་འགྱུར་ཞལ་བཞེས་མཛད་པ་དང་། དེ་བཞིན་ཁོ་བོའི་འདྲེན་མཆོག་དམ་པ་ལྷ་རྫོང་བཀྲིས་སྒང་གི་ཆོས་སྡེར་འཇམ་དབྱངས་དཀར་པོའི་བསྙེན་མཚམས་གནང་སྐབས་མནལ་ལམ་འོད་གསལ་གྱི་སྣང་ཆ་ལ་གསེར་ཀོང་རིན་པོ་ཆེ་ཡིན་ཟེར་བའི་བླ་མ་སྐུ་ཤ་རྒྱས་ལ་བགྲེས་ཉམས་ཆགས་པའི་གཟི་མདངས་ཅན་དབུ་ལ་པཎ་ཞྭ་གསོལ་བ་ཞིག་མཇལ། དེའི་ཞལ་ནས་རང་ལ་ཤིན་ཏུ་ཉེ་བརྒྱུད་དུ་ཟབ་མོ་དག་སྣང་གི་བཀའ་བབ་པའི་ཆོས་བདག་གཉིས་པ་ཡིན་པའི་ལུང་བསྟན་སོགས་གསུངས་ནས་བྱིན་རླབས་ཤིག་ཞུས་མཐར་རྗེ་བླ་མ་ལ་ཐིམ་ནས་དབྱེར་མེད་དུ་འདྲེས་ཚུལ་གསལ་པོར་གསུངས་པ་གུས་དམན་པས་དངོས་སུ་ཐོས་པའི་སྐལ་བཟང་ཅུང་ཟད་བརྙེས་ཡོད་པ་དང་། དེ་སྐོར་རྟ་མགོར་ཆོས་གྲྭར་བཞུགས་དུས་མཁན་ཆེན་བསྟན་འཛིན་དོན་གྲུབ་ཞབས་དང་གསུང་མོལ་བྱུང་སྐབས་ཀྱང་ཞལ་བཞེས་གནང་འདུག་པ་དང་མཐུན་པར་དམ་པ་དེས་མཛད་པའི་བརྟན་བཞུགས་ལས། རྡོ་རྗེ་འཆང་དངོས་ངག་དབང་རྣམ་རྒྱལ་གྱི། །སྙན་བརྒྱུད་བཀའ་བབ་ཚུལ་ཁྲིམས་དོན་ལྡན་ཞབས། །ཞི་དུལ་ཚངས་པ་སྤྱོད་པའི་གར་སྒྱུར་བ། །དགེ་འདུན་རིན་ཆེན་བསྐལ་བརྒྱར་ཞབས་བརྟན་གསོལ། །ཅེས་བསྔགས་པ་བཞིན་ནོ། །དེ་ཙམ་དུ་གསལ་བ་མ་ཟད་གཞན་ཡང་མཛད་རྣམ་གྱི་ཆ་ཤས་ཕྲ་མོས་ཀྱང་དཔྱོད་ལྡན་དྭང་བ་འདྲེན་པའི་ངེས་ཤེས་འཁྲུངས་ཚུལ་ཕྱོགས་ཙམ་བསྡེབས་སུ་སྨོས་ན། དུས་དེང་སང་ཤཱཀྱའི་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་ཇི་སྙེད་ཅིག་བྱོན་པའི་དབུས་ན་ལམ་ཟབ་སྙན་བརྒྱུད་ཀྱི་ཆོས་སྐོར་ཆ་ལག་དང་བཅས་པ་འཛིན་སྐྱོང་སྤེལ་མཁན་ཡོད་མེད་ལ་རྟོག་དཔྱོད་དང་། གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་ཀྱེ་རྡོར་བརྟག་པ་གཉིས་པ་དང་། ཡང་སྙིང་བདེ་མཆོག་འཁོར་ལོའི་རྒྱུད་ཉུང་ངུ་སོགས་གསར་མའི་རྒྱུད་སྡེ་གང་ལའང་སྐུ་ཚེ་འདིའི་སྦྱངས་སྟོབས་ཀྱི་རྩོལ་བ་ལ་མ་ལྟོས་པར་མཐའ་དྲུག་ཚུལ་བཞིའི་གནད་ཀྱིས་བཅིངས་པའི་རྒྱུད་གཞུང་དབུ་ཞབས་ཀྱི་དཀའ་གནད་མཐའ་དག་བདེ་བླག་ཏུ་རྟོགས་ནས་རྒྱུད་འགྲེལ་རྩོམ་པའི་ཐུགས་དགོངས་གཏད། འོན་ཀྱང་བསྟན་པའི་དམིགས་རྐྱེན་དུ་བླ་མ་གོང་མའི་བྱིན་རླབས་ཀྱི་བརྒྱུད་པ་དང་མི་ལྡན་ན་སྤེལ་མི་རུང་བར་དགོངས་ནས་མཁྱེན་བརྩེ་རིན་པོ་ཆེའི་ཞབས་ནས་ཆེད་ཀྱིས་ལྗགས་ལུང་གསན་ཏེ་རྨད་བྱུང་གི་ལེགས་བཤད་གསར་དུ་རྩོམ་ནས་འཆད་སྤེལ་བགྱིས་པ་དང་། སྔར་ནས་ཆོས་སྡེ་རྙིང་པ་མང་དུ་མཆིས་བཞིན་གདན་ས་གྲོ་ལུང་གསང་སྔགས་ཆོས་གླིང་ཐུགས་ཀྱིས་རྩལ་འདོན་མཛད་ནས་ཕྱག་བཏབ་ཅིང་། ནང་གི་སྐུ་རྟེན་བཞེངས་སྐབས་མར་པ་དེ་ཉིད་བླ་མ་རང་གི་འདྲ་སྐུར་ཞལ་བཞེས་གནང་ནས་མཚན་ཡང་ང་འདྲ་མ་ཞེས་འདོགས་ཏེ་ཁྲ་དེབ་ཏུ་བཀོད་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། ཡི་དམ་གྱི་གཙོ་བོ་དགྱེས་པ་རྡོ་རྗེ་ལ་མཛད་ནས་དེའི་ལྷ་ཁང་གསར་དུ་བཞེངས་པ་སོགས་མདོར་ན་ཕྱི་ནང་གསང་བའི་མཛད་རྣམ་གང་ལ་གཞིག་ཀྱང་དགྱེས་མཛད་མར་པའི་རྣམ་འཕྲུལ་རྩོད་མེད་དུ་གྲུབ་སྟེ། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ངེས། །ཞེས་དང་། རྗེ་དྷརྨཱ་ཀ་རས། གཞན་གྱི་ལད་མོ་མ་ཡིན་རང་སྟོབས་ཀྱིས། །ལེགས་པར་བཤད་པ་པུཎྜ་རི་ཀའི་འཕྲེང་། །ཞེས་གསུངས་པ་ལྟར་རིག་པར་བྱའོ། །

སྤྲུལ་གཞི་གཉིས་པའི་དབང་དུ་བྱས་ཏེ་ཨོ་རྒྱན་ཐམས་ཅད་མཁྱེན་པའི་གཏེར་ལུང་དང་། གཏེར་ཆེན་ལས་རབ་གླིང་པས་སྔོན་ནས་རྗེས་དྲན་གསུངས་ཚུལ་ཐུགས་སྲས་ཡོངས་ཀྱི་ཐུ་བོ་མངྒ་ལ་བྷ་དྲས་མཛད་པའི་རྣམ་ཐར་དང་མཐུན་པར་འཁྲུངས་རབ་ལས་བརྩམས་ཏེ་སྨྲ་སྒོ་ཅུང་ཟད་ཕྱེ་ན། འོག་མིན་ཆེན་པོར་སྟོན་པ་ཀུན་ཏུ་བཟང་པོས་རྫོགས་ཆེན་གྱི་ཆོས་འཁོར་བསྐོར་དུས་བཀའི་བསྡུ་བ་མཛད་པོ་སེམས་དཔའ་རྡོ་རྗེ་སྙིང་པོར་འཁྲུངས་པ་དང་། འོད་སྣང་སྤྲུལ་པའི་ཞིང་དུ་སྤྲུལ་སྐུའི་འཁོར་ལ་གསང་སྔགས་སྟོན་པ་གཞོན་ནུ་ཁྱེའུ་ཆུང་ཤེད་ལ་རོག་ཅེས་བྱ་བ་དང་། ལྷ་ཡུལ་སྣང་བ་དམ་པའི་ཞིང་དུ་རྫོགས་ཆེན་གྱི་བསྟན་པའི་བདག་པོ་ལྷ་དེ་ཝ་བཟང་སྐྱོངས། རྡོ་རྗེ་འཆང་གི་སྤྱན་སྔར་གསང་ཆེན་བཀའི་སྡུད་པོ་བྱང་སེམས་ཡེ་ཤེས་སྙིང་པོ། རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྤྱན་སྔར་ནང་རྒྱུད་ཀྱི་བཀའི་སྡུད་པོར་སེམས་དཔའ་རྡོ་རྗེ་སྙིང་པོ་གཉིས་པ། འཛམ་བུའི་གླིང་འདིར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་སྤྱན་སྔར་དེའི་རིམ་གྲོ་བྱེད་པའི་མ་མ་སྐྱེ་དགུའི་བདག་མོ། སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདེ་ལྡན་དབང་མོ། སྟོན་པའི་རྒྱལ་ཚབ་རིག་འཛིན་གྱི་སློབ་དཔོན་དུ་མ་སྐྱེས་པའི་ཡུམ་དུར་ཁྲོད་དུ་རྒྱུ་བའི་ཁྲོ་མོ་རིག་བྱེད་ལྡན་མ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་འཁོར་གྱི་ཐོག་མ་བྲམ་ཟེ་ཡིད་བཞིན་དཔལ། རྒྱལ་པོ་ཨིནྡྲ་བྷོ་དྷིའི་ཆོས་བློན་ཏྲི་ན་འཛིན། རང་བྱུང་གུ་རུ་པདྨ་འབྱུང་གནས་དྷ་ན་ཀོ་ཤའི་མཚོར་འཁྲུངས་སྐབས་ལྷ་ཡུལ་གྱི་བྱང་སེམས་ནམ་མཁའི་སྙིང་པོའི་སྐུར་བཞེངས་ཏེ་ནམ་མཁའི་སྤྲིན་གསེབ་ནས་སྐུ་ཁྲུས་གསོལ་བའི་རིམ་གྲོ་མཛད། གུ་རུས་ཨོ་རྒྱན་གྱི་རྒྱལ་སྲིད་ཆོས་བཞིན་བསྐྱངས་ཚེ་དེའི་སྦས་པའི་ནང་འཁོར་བཻཌཱུ་རྻའི་མདོག་ཅན་ནོར་བུ་འཛིན་པའི་ཆས་ཞུགས་ཀྱིས་སེམས་དཔར་གྱུར་པ་དང་། གུ་རུས་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཚེ་ལས་བྱེད་ཆོས་འཆད་བདེ་བའི་རྡོ་རྗེ་དང་། གུ་རུ་མ་ལ་ཡ་རུ་བྱོན་ཚེ་ཐུགས་རྒྱུད་བསྐུལ་བའི་སྡེ་བརྒྱད་ཀྱི་གཙོ་བོ་དྲག་པོ་གཏུམ་པའི་སྐུར་བཞེངས་པ་དང་། གུ་རུས་དུར་ཁྲོད་བརྒྱད་དུ་གསང་སྔགས་ཀྱི་ཆོས་གསུངས་ཚེ་ཆོས་ཀྱི་སྲས་ཤཱཀྱ་མི་ཏྲ་ཞེས་བྱ་བར་གྱུར་པ་དང་། གུ་རུས་བྲག་དམར་བྱ་ཁྱུང་ཚལ་དུ་ཀུན་དགའ་བོ་ལས་ཆོས་ཞུས་པའི་ཚེ་དེ་དང་ལྷན་ཅིག་པའི་གྲོགས་མདོ་སྡེ་ཁོང་ཆུད་ཉན་ཐོས་ཞི་བའི་སྙིང་པོ་དང་། གུ་རུས་མ་ར་ཏི་ཀར་ཉེ་རྒྱུའི་སྤྱོད་པ་མཛད་པའི་ཚེ་ཡིད་བཞིན་ལྷ་མོ་མནྡ་ར་བར་གྱུར་པ་དང་། གུ་རུས་ཚོགས་སྤྱོད་ཀྱི་བདེ་ཆེན་སྤོར་བའི་ཚུལ་སྟོན་ཚེ་བདུད་རྩི་མ་ད་ནའི་བསྙེན་བཀུར་འབུལ་བའི་ཆང་ཚོང་མ་བཱི་ན་མོ་དང་། རྒྱལ་པོ་གཙུག་ལག་འཛིན་གྱིས་ལུགས་གཉིས་ཀྱི་བསྟན་པའི་གཞི་རྩ་འཛུགས་པའི་ཚེ་ཡིག་རིག་འདུ་བྱེད་ཀྱི་ཆོས་བློན་ཡེ་ཤེས་གསལ་དང་། གུ་རུ་པདྨའི་ཐུགས་ཟིན་གྱི་བཙུན་མོ་འོད་འཆང་མར་གྱུར་ནས་སྙོམས་འཇུག་གི་མཆོད་པས་མཉེས་པར་གྱུར་པ་དང་། གུ་རུས་ཨོ་རྒྱན་གྱི་ཡུལ་གྲུ་བཅུ་དྲུག་ཆོས་ཀྱིས་བསྐྱངས་ཚེ་ཆོས་གསུང་བར་བསྐུལ་བ་དང་བཀའི་སྡུད་པོ་རེས་མོས་མཛད་པ་རྒྱལ་པོ་བདེ་བའི་འབྱུང་གནས་ཞེས་བྱ་བ་དང་། གུ་རུས་སེང་གེ་སྒྲ་སྒྲོག་གི་སྐུར་བཞེངས་ནས་མུ་སྟེགས་པའི་རྒོལ་བ་བཟློག་པའི་སྐབས་སུ་ངན་སྔགས་ཀྱི་གཏེར་སྒྲོམ་འབུལ་བའི་ཌཱ་ཀི་བདེ་འབྱུང་གཉིས་པར་གྱུར་པ་དང་། རྡོ་རྗེ་གདན་གྱི་གནྡྷོ་ལའི་ཞབས་ཏོག་ཞུ་མཁན་གྱི་དེད་དཔོན་ཀ་ཁ་འཛིན་པ་རུ་གྱུར་པ་དང་། གུ་རུས་བལ་ཡུལ་ཡང་ལེ་ཤོད་དུ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཚེ་བར་ཆད་ཟློག་པའི་ཕུར་པའི་རྒྱུད་ཨོ་རྒྱན་ཡུལ་ནས་སྤྱན་འདྲེན་པ་པོ་བལ་པོ་ཛི་ན་མི་ཏྲ་ཞེས་བྱར་གྱུར་པ་དང་། གུ་རུ་བོད་ཡུལ་དུ་བྱོན་པའི་སྐབས་སུ་ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྐུར་གྱུར་པ་དང་། བོད་དུ་བསྟན་པ་ཕྱི་དར་གྱི་སྐབས་སུ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱིའི་དངོས་སློབ་མཁས་བཙུན་གྲུབ་པའི་དབང་ཕྱུག་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་དུ་འཁྲུངས་པ་དང་། གུ་རུའི་ཐུགས་གཏེར་གྱི་མངའ་བདག་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན། རིག་འཛིན་ཆེན་པོ་དེའི་སྤྲུལ་པ་ཉེར་ལྔ་སྟོན་པར་གསུངས་པའི་ནང་ཚན་རིག་འཛིན་སྐུ་ཕྲེང་གཉིས་པ་མངའ་རིས་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེར་འཁྲུངས་པ་དང་། དེ་ཉིད་ཀྱི་གདུང་རབས་ལས་རིག་འཛིན་སྐུ་ཕྲེང་གསུམ་པ་ངག་གི་དབང་པོར་འཁྲུངས། རིག་འཛིན་སྐུ་ཕྲེང་བཞི་པ་མཁས་ཤིང་གྲུབ་བརྙེས་རིག་འཛིན་པདྨ་ཕྲིན་ལས། རིག་འཛིན་བཞི་པ་མདུད་པའི་ཡུལ། །ཞེས་པའི་ལུང་བསྟན་དང་མཐུན་པར་ལྕགས་མདུད་ཉག་ཡུལ་དུ་བྱོན་པའི་སྐྱེ་སྤྲུལ་དང་པོ་སྐལ་བཟང་པདྨ་དབང་ཕྱུག་སོགས་རིམ་པར་བྱོན་རྗེས། ཨུ་རྒྱན་ཆེན་པོས། རྡོ་རྗེ་བདུད་འཇོམས་སྤྲུལ་པ་མེ་འབྲུག་ལོཿ ཤེས་རབ་སྙིང་རྗེ་ཆེ་ཞིང་ལས་འཕྲོ་ཅན༔ སྨོན་ལམ་དབང་གིས་མདོ་ཁམས་ཉག་སྟོད་དུ༔ ཕ་མ་འབྲུག་སྤྲེལ་ལོ་པའི་བུ་རུ་འབྱུང་༔ ཞེས་དང་། རྡོ་གྲུབ་ཆེན་བྱང་ཆུབ་རྡོ་རྗེའི་མ་འོངས་ལུང་བསྟན་ལས། སྣ་ནམ་ནམ་སྙིང་སྤྲུལ་པ་ཉག་གི་ཕྱོགས་ནས་འབྱུང་༔ ཆོས་འབྲེལ་ཐོབ་དང་དེ་ལ་དད་བྱེད་ན༔ ཨུ་རྒྱན་པདྨ་མཇལ་དང་ཁྱད་པར་མེད༔ གང་ཟག་ལས་རབ་དེ་དང་ཕྲད་པར་ངེས༔ ཞེས་གསུངས་པ་ལྟར་གང་དུ་འཁྲུངས་པའི་ཡུལ་ནི། མདོ་ཁམས་སྒང་དྲུག་གི་ནང་གསེས་ཉག་སྟོད་ཞི་བ་ཞེས་པའི་སར། སྤྱི་ལོ་༡༨༥༦དང་རབ་བྱུང་༡༤པའི་མེ་ཕོ་འབྲུག་གི་ལོ་ལ་སྐུ་བལྟམས། ཆོས་ཀྱི་ལས་འཕྲོ་སད་པས་སྐུ་ནར་སོན་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། འཇམ་མགོན་ཀོང་སྤྲུལ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ཏེ་ཐུན་མོང་ཐུན་མིན་གྱི་གཞུང་ལུགས་སྤྱི་དང་། ཁྱད་པར་རྫོགས་ཆེན་ནང་རྒྱུད་སྡེ་གསུམ་གྱི་མན་ངག་གསེར་གྱི་ཡང་ཞུན་ལྟ་བུ་བཞེས་ནས་ཡོངས་རྫོགས་བསྟན་པའི་བདག་པོར་གྱུར་ཏེ་ཉིད་ཀྱི་བགོ་སྐལ་དུ་གྱུར་པ་བླ་རྫོགས་ཐུགས་གསུམ། རྟེན་གསུམ་དམ་རྫས་སོགས་གཏེར་ཁ་བརྒྱ་ཕྲག་དུ་མ་ཞིག་ལ་མངའ་དབང་བསྒྱུར་ནས་ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར་དུས། གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་སྔོན་སྨོན་ལས་འབྲེལ་གྱི་དབང་གིས་གདན་འདྲེན་ཏེ་བོད་གཞུང་དུ་སྔ་ཕྱི་རིམ་པར་ཕེབས། ཐུགས་སྣང་དག་པས་བླ་སློབ་ཏུ་གྱུར་ཏེ་གོང་སའི་ཐུགས་དགོངས་བཞིན་དེར་བསྟན་པའི་ཆག་ཆེ་ཉམ་ང་སོགས་ཟློག་པའི་སྐུ་རིམ་འབའ་ཞིག་བསྒྲུབས་ནས་བཞུགས་སྐབས། ལྗོངས་འདིའི་གྲུབ་བརྙེས་བསོད་ནམས་བཟང་པོ་ཡང་མཇལ་ཁ་ལ་ཕེབས་དུས་བོད་ཀྱི་བསྟན་པའི་དར་རྒུད་སོགས་ཕྱི་མཐའ་མངོན་སུམ་དུ་གཟིགས་པའི་རྡོ་རྗེའི་གསུང་གི་བཀའ་མཆིད་བསྩལ་བ་འདི་ལྟར། མ་འོངས་པ་ན་ཁོ་བོའང་མོན་ཡུལ་སྟག་ཚང་སོགས་གུ་རུའི་གནས་ཤིག་ཏུ་སྐྱེ་རྒྱུའི་ལུང་བསྟན་ཡོད་ཅེས་གབ་སྦས་མེད་པར་སྐུའི་སྐྱེ་བ་ངེས་པར་བཞེས་ཚུལ་གསལ་བར་གསུངས་འདུག་པ་དང་། དེ་དང་མཐུན་པར་ཡང་སྲིད་ཕྱི་མ་འབྱུང་བའི་ལུང་བསྟན་ལས། ལས་གླིང་ཕྲིན་ལས་མཐའ་ཡས་རྩལ༔ སྐྱེ་བ་དེས་མཐར་བྱ་ཁྱུང་དང་༔ སྟག་ཚང་ཕྱོགས་སུ་རེ་རེའོ༔ སྔ་མས་མ་ངེས་ཆོ་རོལ་སྤྱོད༔ བཟང་ངན་འབྲེལ་ཚད་དོན་ཆེན་ལྡན༔ ཞེས་དང་། ཕྱི་མ་ལས་གླིང་ལས་ཀྱི་འཕྲོ༔ དབུས་གཙང་ཁམས་སུ་ཡང་ཡང་ཉུལ༔ རེ་འགའ་མཁས་ཤིང་ལྡན་པའི་ཚུལ༔ ཕལ་ཆེར་ངོ་མཚར་ཆེ་འདྲ་དང་༔ རེ་འགའ་བླུན་ཅིང་རྫུན་པའི་ཚུལ༔ ལ་ལས་བློ་སུན་རྐྱེན་ལྟ་བུ༔ སྒོ་གསུམ་བྱ་སྤྱོད་ངེས་མ་ངེས༔ སུས་ཀྱང་ཚོད་འཛིན་དཀའ་བ་དེའི༔ དབང་སྐལ་གུ་རུའི་བརྟུལ་ཞུགས་ཆོས༔ ལས་གླིང་དུས་བླངས་མ་སྤེལ་བ༔ ཁ་ཚངས་རྣམས་དང་ཕྱེད་ཆ་སོགས༔ ལས་གླིང་མི་སྣང་འདས་སྐབས་སུ༔ ཕྱི་མས་སྤེལ་ཕྱིར་མཁའ་འགྲོས་ཁྱེར༔ སྔར་དུས་ཡུལ་ཕྱོགས་དེར་མི་སྣང་༔ དེ་དག་ཐེམས་བྱང་འདིར་མེད་དོ༔ ཞེས་གསུངས་པའི་དགོངས་དོན་གཏེར་ཆེན་གྱི་སློབ་མ་ཤི་ལ་བྷ་དྲས་མཛད་པའི་རྣམ་ཐར་པདྨ་དཀར་པོའི་ཕྲེང་བ་དད་པའི་འཁྲི་ཤིང་ལས། གཟུགས་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་འབྱུང་བའི་སྐྱེ་སྤྲུལ་ཉིད་ནི་འཁྲུངས་ཡུལ་ལྷོ་ཕྱོགས་འབྲུག་པའི་ཡུལ་སྟག་ཚང་སེངྒེ་བསམ་འགྲུབ་ཀེའུ་ཚང་ཕྱོགས་ཀྱི་ཉེ་འདབས་སུ་འཁྲུངས་པར་བསྟན། ཅེས་གསུངས་པ་དང་། གཞན་ཡང་ཞིང་འདིའི་མཛད་པ་མཐའ་མ་བསྟན་ལ་ཉེ་བ་ན་རྗེ་གོང་མ་རང་ཉིད་བསམ་བཞིན་སྤྲུལ་པའི་ཟློས་གར་སྒྱུར་བ་ལ་ས་འདུལ་བྱིན་རླབས་ཀྱི་རྟེན་འབྲེལ་ལྟ་བུར་དགོངས་ནས། རང་གཏེར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་མ་ཞིག་ལ་ཐུགས་སྨོན་རྒྱ་ཆེན་པོ་གནང་ནས་ཞབས་འབྲིང་པ་ཞིག་ལ་གཏད་དེ་ཞལ་ཆེམས་ཀྱི་ཚུལ་དུ་བཀའ་སློབ་སྩལ་བ་ལྗོངས་འདིའི་མི་རྗེ་ས་ཡི་ཚངས་པ་ལ་འབུལ་ནས་ཞལ་ལྷོ་ལ་ཕྱོགས་པའི་གུ་རུ་སྣང་སྲིད་ཟིལ་གནོན་ཞིག་བཞེངས་ཏེ་ནང་གཞུག་དུ་འབུལ་ན་མཐའ་དམག་བཟློག་ཅིང་དུས་འཁྲུགས་ཞི་བ་སོགས་དགོས་ཆེད་དུ་མ་ཡོད་ཚུལ་གསུངས་ཀྱང་། ཡུལ་དུས་བསྐལ་བས་དངོས་སུ་རྔོ་མ་ཐོགས་པར་མི་དབང་སྐུ་གཤེགས་པ་དང་ཐུག་པས་མངག་གཞུག་དེའང་ཅི་བྱ་གཏོལ་མེད་དུ་གྱུར་ནས་རིང་དུ་ལུས་ཀྱང་དུས་ཕྱིས་ཤིག་ན་གྲུབ་པའི་དབང་ཕྱུག་བསོད་ནམས་བཟང་པོའི་ཕྱག་ཏུ་འབྱོར། དེ་ནས་དམ་པ་དེ་ཡིས་བསྟན་འགྲོར་ཕན་བདེའི་ཐབས་ཚུལ་ཟབ་མོར་དགོངས་ནས་གསེར་ཟངས་ཀྱི་ཨུ་རྒྱན་སྣང་སྲིད་ཟིལ་གནོན་མདའ་ཚད་ལྷག་པ་བཟོ་འགྲོས་གཙང་བ་ཞིག་ལེགས་པར་བསྐྲུན། རྡོ་རྗེ་བྱིན་ཅན་དེ་ཉིད་ཡེ་ཤེས་སེམས་དཔའི་ཚུལ་དུ་ནང་གཞུག་ཏུ་བཅུག་ནས་ད་ལྟ་འཚོ་ཞིང་གཞེས་པའི་ཆོས་རྒྱལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ལ་ཕུལ་ཏེ་རྟེན་འབྲེལ་གྱི་གཞི་འདིང་བར་མཛད་དོ། །

དེ་ལྟ་བུའི་ཐོག་མཐའ་དགེ་བའི་གསུང་མོལ་ཞལ་ཆེམས་ཀྱི་ཚུལ་དུ་བསྩལ་བ་དང་། དགེ་ལེགས་ཀྱི་རྟེན་འབྲེལ་ཟབ་མོ་ལྗོངས་འདིའི་ཕྱོགས་སུ་སྒྲིག་པར་མཛད་ཚུལ་ཀུན་དངོས་དང་བརྒྱུད་ནས་གྲུབ་དབང་བསོད་ནམས་མཚན་ཅན་གྱིས་གསན་པ་མི་བརྗེད་པའི་ཐུགས་ཀྱི་གའུར་འཆང་ནས་ཁ་བཞི་ལྷོའི་རྒྱུད་དུ་དེ་དང་དེའི་གནས་ཚུལ་ལ་གཞིག་པས་རྗེ་དེ་ཉིད་གཏེར་ཆེན་ལས་རབ་གླིང་པའི་ཡང་སྲིད་འཁྲུལ་བྲལ་དུ་ངེས་པ་རྙེད་ནས་དངོས་སུ་སྐྱེས་ཆེན་དེ་ཉིད་རང་ལ་བསྔགས་པའི་མེ་ཏོག་འཐོར་བ་དང་། བརྒྱུད་ནས་ལྗོངས་འདིའི་སྐྱེ་བོ་ཆེ་ཕྲ་ཀུན་ལ་གསུངས་པས་བདག་གིས་ཀྱང་གོ་ཐོས་སུ་གྱུར། དེ་སྔོན་གང་རུང་ཞིག་ཏུ་སྐྱེ་བ་གོང་མའི་དངོས་སློབ་གཉིས་སྤ་གྲོའི་ཕྱོགས་སུ་སྤྲུལ་སྐུ་རྩད་གཅོད་ལ་བསྐྱོད་ཀྱང་རྗེ་ཉིད་འདུས་སྡེར་ཞུགས་ཟིན་པ་དང་། གནའ་རབས་ཀྱི་ལུགས་ལ་གྲགས་སྙན་ཆེ་ན་བར་ཆད་བྱུང་ཚུལ་བཤད་པས་གསང་རྒྱ་བསྡོམས་པ་དང་། དེང་སང་གི་ཕ་མ་ལྟ་བུ་ཞེ་ལ་ཌཱོ་ལར་ཐོབ་འདོད་མེད་པ་དང་། ངག་ལ་བུ་སྤྲུལ་སྐུར་སྨྲ་བའི་གྲེ་བ་བདེ་པོ་མེད་སྟབས་ངོས་ཟིན་མ་བྱུང་ཡང་། ཐུབ་བསྟན་དབང་པོ་ཞེས་བླ་དྭགས་པའི་དགེ་སྦྱོང་གཅིག་འདིར་ཕྱོགས་སུ་གནས་གཞི་ཆགས་འདུག་པ་དེས་དུས་ཕྱིས་ངེས་པ་རྙེད་ནས་ཉམས་སད་ཕྱིར་མ་གཅིག་བསྟན་པ་རྒྱས་པའི་སྨོན་ལམ་རྩོམ་པར་བསྐུལ་བས་འདོད་མོས་ལྟར་བསྩལ་བས་ཤིན་ཏུ་དད་ཅིང་གུས་པར་གྱུར་ཏོ། །

གཞན་ཡང་ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཞབས་དང་། རྗེ་གོང་མ་དང་ཡུལ་ཕྱོགས་གཅིག་པ་མེ་ཉག་དཀྱིལ་འཁོར་རིན་པོ་ཆེ་སོགས་དམ་པའི་སྐྱེས་ཆེན་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་ནས་དབུགས་དབྱུང་གཟེངས་བསྟོད་ཇི་ལྟར་མཛད་ཀྱང་རྗེ་ཉིད་ཐུགས་སྒམ་པའི་དབང་གིས་བདག་ལྟ་བུ་བླ་མ་ཆེན་པོའི་སྐྱེ་སྤྲུལ་ཡིན་པ་ག་ལ་སྲིད་ཅེས་དངོས་སུ་ཞལ་བཞེས་མ་གནང་ཡང་། སྐབས་འགའ་དང་འགའི་གསུང་འཕྲོས་སུ་གཡུ་རལ་འཆང་ན་སེངྒེ་ཡིན་པ་བཞིན། བླ་མའི་ཡོན་ཏན་དང་ལྡན་ན་མིང་བླ་མར་མ་བཏགས་ཀྱང་དོན་གྱིས་ཡིན་པར་ངེས་ཚུལ་གསུངས་པ་ཁོ་བོའི་རྣ་ལམ་དུའང་ཐོས། གང་ལྟར་ཡང་དམ་པའི་སྐྱེས་ཆེན་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་རྡོ་རྗེའི་གསུང་གིས་སྔ་ཕྱི་ཡང་ཡང་བསྔགས་པ་དང་། ཐོས་བསམ་གྱི་སྦྱངས་སྟོབས་ལ་ཆེར་མི་ལྟོས་པར་གསང་ཆེན་རྙིང་མའི་ཆོས་ཐམས་ཅད་ལ་སྒྲོག་རང་གྲོལ་དུ་སོང་བའི་དབང་གིས་ཀྱང་གཏེར་ཆེན་དེའི་སྐྱེ་སྤྲུལ་ཡིན་པར་གོར་མ་ཆག་སྟེ། རྣམ་འགྲེལ་ལས། སྐྱེས་བུས་མང་དུ་སྨྲ་བ་ལ། །བདེན་པའི་དོན་གཅིག་མེད་པ་མིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སྐྱེས་ཆེན་འདི་ཉིད་ཀྱི་ཕྱི་ནང་གི་ཡོན་ཏན་དང་མཛད་ཕྲིན་སོགས་གང་ལ་བརྟགས་ཀྱང་ཐ་མལ་རང་རྒྱུད་པ་ཞིག་མ་ཡིན་པར་སྨོན་ལམ་ཐུགས་རྗེའི་དབང་གིས་པདྨའི་མཚོ་ལ་ངང་པ་བཞིན་འགྲོ་བའི་དོན་ལ་སྲིད་པ་འདིར་སྐྱེ་འཕྲེང་བཟུང་བ་ཙམ་དུ་གྲུབ་བོ། །རྣམ་དཔྱོད་དྲི་མས་གཡོགས་པའི་མེ་ལོང་དེར། །གང་གི་འཁྲུངས་རབས་རགས་རིམ་སྣང་བའི་ཆ། །ཐར་འདོད་སྐྱེ་བོའི་མིག་གི་འཇོ་སྒེག་ཏུ། །གཏན་བདེའི་བདུད་རྩི་སྟོབ་པའི་ཆེད་དུ་བཀོད། །ཅེས་མཁན་ཆེན་བླ་མའི་རྟོགས་པ་བརྗོད་པ་དྭངས་ཤེལ་མེ་ལོང་ལས། སྔོན་བྱུང་གི་གླེང་གཞི་བསྟན་པའི་སྐབས་ཏེ་དང་པོའོ།། །།

སྐྱེས་སྦྱངས་དགེྃ་ལ་འདུྃན་པའི་ཉེར་ལེན་གྱིས། །མདོ་སྔགས་རིྃན་ཆེྃན་མཛོད་ཀྱི་སྒོ་ཕྱེ་ནས། །སྐལ་ལྡན་ཡོངས་ལ་སྦྱིན་པའི་དཔལ་མངའ་བ། །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་གིས་བཏུད། །མགོན་ཁྱོད་མཛད་རྣམ་དཔག་མེད་རྒྱ་མཚོའི་མཐའ། །བདག་བློའི་རི་དྭགས་རྐྱལ་གྱིས་ཆོད་མིན་ཡང་། །ཞལ་གསུང་རཱ་མ་ཎ་ཡི་ཉག་ཕྲན་ལ། །བརྟེན་ནས་ཕ་རོལ་ཕྱིན་ཚུལ་གསལ་བར་སྤྲོ། །ཞེས་སྐབས་ཀྱི་གླེང་བསླངས་ནས། 

གཉིས་པ་བར་དུ་དགེ་བ་མཛད་རྣམ་དངོས་བཤད་པ་ནི། 


དེ་ཡང་རྗེ་བཙུན་འཁོར་ལོའི་མགོན་པོ་འདི་ཉིད་གང་དུ་འཁྲུངས་པའི་གནས་དཔལ་འབྲུག་པའི་གདུལ་ཞིང་ཁ་བཞི་དབུས་འགྱུར་འཆང་གི་ཡུལ་གྲུ་ཐེད་ཐིམ་སྤ་གྲོ་གསུམ་གྱི་ཡ་གྱལ་སྤ་གྲོའི་ཕྱོགས་སུ་རྒྱལ་དབང་པདྨ་ལ་སོགས་པ་དམ་པའི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་སྒྲུབ་གནས་སུ་མཛད་པ་རྔ་གཡབ་མཁའ་ལ་སྤྱོད་པའི་ཞིང་མཆོག་དཔལ་རི་པདྨ་འོད་དང་མི་གཉིས་པ་སྟག་ཚང་དཔལ་ཕུག་གི་གནས་ཆར་གཏོགས་པའི་ས་ཕྱོགས་དགེ་བར། ཡབ་རང་བཞིན་དྲང་ཞིང་སྒོ་གསུམ་ཆོས་ལ་དཀར་བ་ཡི་གེ་དང་དཀྱིལ་ཆོག་གི་ཕྱག་ལེན་འཁྱུག་ཙམ་མཁྱེན་པ་ཀུན་བཟང་རྡོ་རྗེ་དང་། ཡུམ་ཞིང་གི་མཁའ་འགྲོ་མ་མི་མོའི་ཚུལ་དུ་རོལ་བ་དད་པ་ཆེ་ཞིང་སྦྱིན་པ་ལ་དགའ་བ་བཀྲིས་ཆོས་སྐྱིད་མ་གཉིས་ཐབས་ཤེས་འདུས་པ་ལས། དུས་རེ་ཞིག་གི་ཚེ་བྱང་ཆུབ་སེམས་དཔའ་གཉིས་སྨོན་ལམ་དང་ཐུགས་རྗེའི་དབང་གིས་བསམ་བཞིན་དུ་སྲིད་པའི་སྐྱེ་གནས་གདམ་པར་མཛད་པས་རྒྱས་སྲས་གཞོན་ནུ་དེ་ཉིད་མའི་ལྷུམས་སུ་ཞུགས་སོ། །དེ་ནས་རིམ་གྱིས་ཟླ་དགུ་ངོ་བཅུ་ཡོངས་སུ་རྫོགས་པ་དང་། སྟོན་པའི་འདས་ལོ༡༩༨༣དང་སྤྱི་ལོ་༡༩༢༦རབ་བྱུང་༡༥པ་རང་ལུགས་སྐྱབས་མགོན་གོང་མའི་འདས་ལོ་༢༧༦པ་ཟད་པ་ཞེས་པ་མེ་སྟག་གི་ལོ་སྟོན་ཟླ་ར་བའི་ཡར་ཚེས་དགེ་བར། སྔོན་ཡུམ་སྒྱུ་མ་ལྷ་མཛེས་མས་སྐྱོན་དང་བཅས་པའི་འཇིག་རྟེན་པའི་ཁྱིམ་སྤངས་ནས་ལུམྦི་ནིའི་ཚལ་དུ་རྒྱལ་སྲས་དོན་ཀུན་གྲུབ་པ་བལྟམས་པའི་ཚུལ་དང་མཐུན་པར། ཡུམ་ཞིང་ལས་སུ་སོང་ནས་སླར་རང་ཁྱིམ་དུ་འོང་ཞོར་ལམ་འགྲམ་དུ་རང་བཞིན་ལྷུན་གྲུབ་ཀྱི་ཕུག་པ་ཡ་མཚན་ཅན་ཞིག་ཏུ་ཕྲུ་མ་ཆོས་གོས་ཀྱི་ཚུལ་དུ་བཞེས་ནས་ཆོས་ཉིད་ཨ་ཧཾ་གི་སྔགས་སྒྲ་སྒྲོག་བཞིན་པར་མཚན་དཔེ་མེ་ཏོག་གི་གེ་སར་མངལ་རྒྱའི་སྦུབས་ལས་གྲོལ། ཡུམ་ལ་བསྙུན་ཟུག་མེད་པ་བདེ་བར་བཙས་པས་བུ་ཆུང་གོས་ཀྱི་སླེས་མོས་གཡོགས་ནས་ཁྱེར་ཏེ་ཁྱིམ་དུ་སོང་བས་ཀུན་ཧ་ལས་པར་མཛད་ཅིང་། དེ་ནས་ནང་མི་ཉེ་ཚན་དུ་གྱུར་པ་ཀུན་གྱིས་སྐྱེ་གནས་དང་མཐུན་པར་མཚན་ཡང་བྲག་ཕུག་པ་ཞེས་གསོལ་ཏེ་ཡུལ་ལུགས་དང་མཐུན་པའི་བཙས་སྟོན་ཡང་བྱས་སོ། །རིམ་གྱིས་མཚོ་ཆེན་པོ་ལ་བརྟེན་པའི་པདྨ་བཞིན་ཕ་མ་དེ་དག་གིས་ཤིན་ཏུ་བྱམས་པའི་ཐབས་ཚུལ་ཁོ་ནས་བསྐྱེད་བསྲིང་བར་མཛད། དགུང་གྲངས་གསུམ་དང་བཞི་ཙམ་ནས་ཕལ་པའི་སྤྱོད་ཚུལ་མི་མངའ་བར་སྔོན་གོམས་ཆོས་ཀྱི་བག་ཆགས་བཟང་པོ་སད་དེ་བྱིས་པའི་ཟླ་བོ་དག་དང་འགྲོགས་ནས་རྡོ་བ་ལ་སོགས་པའི་སྟེང་དུ་ཁྲི་ཡིན་པའི་ཟོལ་གྱིས་བཞུགས། དབང་བསྐུར་ཆོས་བཤད་ཀྱི་ལད་མོ་འབའ་ཞིག་བྱེད་པས་ཆོས་ཀྱི་ལས་འཕྲོ་ཞིག་འདུག་སྙམ་ཕ་མ་དེ་དག་གི་སྙིང་ལའང་སྔོན་མེད་དགའ་མགུ་ཡི་རང་གི་བདུད་རྩིར་སྤྱོད་པའི་སྐལ་བ་དང་ལྡན་པར་མཛད། ཐོག་མར་ཀ་ཁ་སོགས་ཡིག་ངོ་བསྟན་དུས་བརྡ་བསྟན་པ་ཙམ་གྱིས་དཀའ་ཚེགས་མེད་པར་མཁྱེན་པས་ཐུགས་རྩལ་ཆེ་བར་རིག་ནས་དགུང་གྲངས་བདུན་དུ་སོན་སྐབས་ཡབ་ཀྱིས་ཁྲིད་དེ་དཔལ་འབྲུག་པའི་གདན་ས་ཐིམ་རྫོང་མངྒ་དྷའི་གཙུག་ལག་ཁང་བཀོད་པས་མཛེས་པ་ག་ལ་བར། དགྲ་བཅོམ་འདུལ་བ་འཛིན་པ་མཁན་ཆེན་ཆོས་ཀྱི་དབང་ཕྱུག་དགེ་འདུན་བརྒྱ་ཕྲག་མང་པོས་བསྐོར་ནས་བཞུགས་པ་ལ་ལྷ་ཕྱག་སྔོན་དུ་བཏང་སྟེ་བརྗེ་བ་གསུམ་གྱི་སྒོ་ནས་ཆོས་སྡེར་ཞུགས་དུས་རྗེ་དེ་ལ་དགེ་འདུན་རིན་ཆེན་ཞེས་པའི་མཚན་གྱི་སྒྲ་གཡེར་པོ་ཆེ་དེ་ཉིད་གསོལ་བར་གྱུར་ཏོ། །

དེ་ལྟར་ཡང་རྗེ་རང་གི་གནས་ཚུལ་བསེ་རུའི་གཏམ་དང་སྦྱར་བའི་ཞལ་གསུང་ལས། འདོད་ཆགས་རི་དྭགས་བག་ཡོད་སྡེར་མོས་རྨས། །ཞེ་སྡང་གཅན་གཟན་བཟོད་པའི་ང་རོས་ཐུལ། །གཏི་མུག་གླང་ཆེན་ཡེ་ཤེས་མཆེ་བས་བཅོམ། །བཅོམ་ལྡན་སེངྒེ་དེ་ལ་ཕྱག་འཚལ་ནས། །གང་གི་རྗེས་སུ་ཞུགས་པའི་བསེ་རུ་བདག །དབེན་གནས་བྲག་གི་ཕུག་ཏུ་སྐྱེས་པ་ལས། །གཅིག་པུར་གནས་ལ་དགའ་བའི་བག་ཆགས་ཀྱིས། །དབེན་པའི་ཡོན་ཏན་ཅུང་ཟད་འབྲི་བར་བྱ། །ཁོ་བོ་དང་པོ་གོག་ཤེས་ཙམ་ཉིད་ནས། །བྱིས་པ་གཞན་དང་སྤྱོད་ཚུལ་མི་འདྲ་བར། །ཆོས་ཀྱི་ལད་མོ་ཁོ་ན་བྱེད་པ་ལས། །ཕ་ཡིས་ཁྲིད་དེ་འདུས་སྡེའི་ཁྲོད་དུ་བཙུགས། །ཞེས་གསུངས་པ་བཞིན་སྨྲ་བར་བྱས་སོ། །དེ་ནས་དགུང་གྲངས་བརྒྱད་ནས་བཅོ་ལྔའི་བར་གནས་ཀྱི་སློབ་དཔོན་དང་། སློབ་པའི་སློབ་དཔོན་སོགས་བསྟེན་ནས་དམ་པའི་ཆོས་འདུལ་བ་ལས་བཤད་པའི་བསླབ་བྱ་དང་། ཁྱད་པར་དཔལ་འབྲུག་པའི་བཅའ་ཡིག་ཆེན་མོ་ནས་ཇི་ལྟར་གསུངས་པ་བཞིན་སྒྲིག་ལམ་ལ་མནོང་མི་བཀུར་བ་སྒོ་གསུམ་བག་ཡོད་ཀྱི་རྭ་བ་ལས་མི་འདའ་བར་སྡོམ་པས་ཀུན་སྤྱོད་ཀྱི་ངང་ཚུལ་བཙུན་པར་གྱུར། མཁྱེན་དཔྱོད་ཀྱི་འཇུག་སྒོ་ཡངས་པས་དཔལ་འབྲུག་པའི་ལུགས་ཀྱི་ཆོས་སྤྱོད་ནས་བརྩམས་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་སྒྲུབ་ཐབས་ཀྱི་འདོན་ཆ་ཡོངས་རྫོགས་དང་། རྒྱུད་བརྟག་པ་གཉིས་པ་དང་། སྡོམ་གསུམ་རྒྱན་གྱི་རྩ་བ་སོགས་བློར་འཛིན་གནང་ནས་དགེ་འདུན་གྱི་དབུས་སུ་ཚོགས་རྒྱུགས་ཕུལ་བས་དེར་འདུས་པ་རྣམས་ཀྱང་ཡིད་སྨོན་ཤོར་བ་བྱུང་། གང་གི་ཚེ་འདུས་ཤིང་གྱེས་པ་དངོས་པོའི་ཆོས་ཉིད་ལས་མ་འདས་པས་དྲིན་ཅན་གྱི་ཡབ་རྒན་དེ་ཡང་འཆི་ནད་ཀྱིས་ཐེབས་ཏེ་ཞག་ཤས་ཀྱི་བར་སྨན་དཔྱད་རིམ་གྲོ་སོགས་ཐབས་ཚུལ་དུ་མ་ལ་འབད་པར་བྱས་ཀྱང་དྭངས་སུ་མ་འདོད་པར་བགྲང་བྱ་སོ་བདུན་ལ་ཚེའི་དུས་བྱས་སོ། །དེ་དུས་རྗེ་རང་སྐུ་ན་མ་སྨིན་པས་ཕུང་པོ་ཞུགས་སྦྱང་དང་དགེ་རྩ་བསྒྲུབས་པ་སོགས་འགོ་འདྲེན་མཐའ་དག་ཁུ་བོ་གྲྭ་རྒན་ཞིག་ཡོད་པ་དེས་བྱས་པ་ཡིན་གསུངས། དེ་སྐབས་མཁན་ཆེན་ཆོས་དབང་ཞབས་ནས་བསླབ་ཚིགས་སྔ་མ་གཉིས་དང་སྨིན་ལམ་གྱི་བྱིན་རླབས་ཀྱང་ཅུང་ཟད་ནོད་པའི་སྐལ་བཟང་བདག་གིར་མཛད་དོ། །

དེའི་ཚུལ་ཡང་རྗེ་རང་གིས། རང་ལོ་བརྒྱད་ནས་བཅོ་ལྔའི་བར་དུ་ནི། །ཆོས་སྤྱོད་ནས་བཟུང་བརྟག་གཉིས་སྡོམ་གསུམ་བར། །བློར་འཛིན་བྱས་ཏེ་བསྐྱེད་ཆོག་ཚད་དུ་ཕྱིན། །རང་མཉམ་ཁྲོད་ནས་རང་མགོ་འཐོན་ཙམ་བྱུང་། །ཞེས་གསུངས་པ་བཞིན་ནོ། །དེ་ནས་དགུང་གྲངས་བཅོ་ལྔ་ནས་སྦུག་གྲལ་པའི་ནང་དུ་ཞུགས་ཏེ་གར་ཐིག་དབྱངས་ཀྱི་རིམ་པ་ལ་སློབ་པས་རང་ལུགས་བསྐྱེད་ཆོག་གི་ཕྱག་ལེན་ལ་མཁས་པའི་ཚད་དུ་ཕྱིན་ཏེ་ཡུན་རིང་གོམས་པའི་རྒན་ཞུགས་དག་གིས་ཀྱང་དོགས་དཔྱོད་དྲི་བསྟུན་གྱི་གནས་སུ་གྱུར་ནས་ཀུན་གྱིས་ཡ་རབས་སུ་ཤེས་ཏེ་དག་སྣང་དང་གུས་བཀུར་སྔར་ལས་ཆེ་བ་བྱུང་གསུངས། རྗེ་ཉིད་དགུང་གྲངས་བཅུ་བདུན་དུ་སོན་པའི་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོར་གྲུ་འཛིན་གཉིས་པ་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་དུ་དགའ་ལྡན་ཞིང་མགོན་ཁམས་དྲུག་ལྡན་གྱི་རྫུ་ལ་ཞུགས་པ་ཆོས་རྗེ་ངག་དབང་ཕྲིན་ལས་རིགས་བདག་ཏུ་བསྙེན་པའི་ཞབས་དྲུང་ནས། ཐོག་མར་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་རིམ་ཐུན་མོང་དུ་བསྟན་པ་ལམ་མཆོག་རིན་པོ་ཆེའི་འཕྲེང་བ་དང་། སྐྱེས་བུ་ཆེན་པོའི་ལམ་རིམ་བྱེ་བྲག་ཏུ་བཤད་པ་ཐར་པ་རིན་པོ་ཆེའི་རྒྱན་དང་། སྐྱེས་བུ་ཆེན་པོའི་མཆོག་གི་ལམ་རིམ་ཡང་སྒོས་སུ་བསྟན་པ་ཐུན་མོང་ཐུན་མིན་གྱི་སྔོན་འགྲོའི་ཁྲིད་ཡིག་སོགས་མཐར་ཆགས་སུ་སྩལ་བ་གསན། དེའི་རྗེས་སུ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་ལམ་ཟབ་བླ་མ་རིགས་དྲུག་པའི་དཀྱིལ་འཁོར་དུ་འཇུག་པ་ནས་བཟུང་རྩ་གསུམ་རྒྱ་མཚོའི་སྨིན་བཀའ་དུ་མ་དང་། སྨིན་ཟིན་གྲོལ་བར་བྱེད་པ་ཟབ་ཁྲིད་བཀའ་རྒྱ་ཅན་ལྔ་ལ་སོགས་པའི་རང་ལུགས་ཕ་ཆོས་གདམས་པའི་ཡང་སྙིང་གང་ལ་གང་འོས་སུ་སྩལ་བ་ཉམས་བཞེས་མཛད་ཅིང་། དེ་འཕྲོར་མཆོད་བརྗོད་སྐུ་བསྟོད་ཀྱི་རིམ་པ་ནས་བཟུང་རྒྱབ་རྟེན་བཀླག་ལུང་གི་རིམ་པ་ཅི་རིགས་སྩལ་བ་བཅས་སྨིན་གྲོལ་གདམས་པའི་བདུད་རྩི་ཐོག་མར་བཞེས་ཏེ་སྒོ་གསུམ་དད་པའི་ཞིང་ས་བརླན་པར་མཛད། དེ་ནས་བཟུང་སྲིད་པའི་ཕུན་ཚོགས་ཀྱི་དཔལ་ཡོན་ཐམས་ཅད་མི་རྟག་ཅིང་འཇིག་པའི་རང་བཞིན་ལས་མི་འདའ་བར་མཁྱེན་པའི་དད་པ་དང་ངེས་འབྱུང་སོགས་རང་ཤུགས་ཀྱིས་འཆར་བས་དབེན་པའི་ནགས་སུ་ཚེ་འདི་བློས་བཏང་གིས་ཆོས་པ་དགའ་མོ་ཞིག་བྱེད་འདོད་ཀྱི་ཐུགས་འདུན་དུང་དུང་པ་ཞིག་རྒྱུན་ཆགས་སུ་བྱུང་བའི་རྐྱེན་གྱིས། དགུང་གྲངས་ཉེར་གཅིག་བཞེས་དུས་ལྷ་རྫོང་བཀྲ་ཤིས་སྒང་དུ་ཐོག་མར་བསྐྱེད་རྫོགས་ལམ་གྱི་འཇུག་སྒོ་སྔོན་འགྲོ་ཟླ་བཞིའི་མཚམས་ལ་ཞུགས་ཏེ་བསགས་སྦྱངས་ལ་འབད། རིམ་གྱིས་བཅད་རྒྱ་མཐར་འཁྱོལ་ནས་སྟོན་གྱི་དུས་ཚིགས་ལ་བབ་པ་ན་དམ་ཅན་སྲུང་མ་རྣམས་ལ་དགེ་སྦྱོང་གེགས་མེད་དུ་གྲུབ་པའི་དགའ་སྟོན་གཏང་རག་གི་ཚོགས་འཁོར་ཟབ་རྒྱས་སུ་བྱས་ཏེ་སླར་ཐིམ་ཕྱོགས་སུ་བྱོན། སྒྲིག་སྡེར་ཞུགས་ནས་ལོ་ཟླའི་དུས་མཆོད་འབུམ་གཏེར་སོགས་གཞན་གྱིས་བསྐུལ་ངག་ལ་མ་ལྟོས་པར་ཕེབས་སྒོའི་རིགས་མཐའ་དག་ལ་སྒྱིད་ལུགས་པ་མེད་པ་བརྩོན་པས་དུས་འདའ་བར་མཛད། དེ་བཞིན་རྗེས་མའི་ལོ་ལ་ཡང་འདུས་སྡེ་ནས་ཐབས་མཁས་ཀྱིས་དགོངས་རྒྱ་བཀྲོལ་ཏེ་སྔར་གྱི་དབེན་གནས་ག་ལ་བར་ལམ་ཟབ་བླ་སྒྲུབ་ཐུན་མོང་གི་བཅད་རྒྱ་ཟླ་བཞི་ལྷག་ཙམ་ཉམས་བཞེས་མཛད་ཅིང་། དེའི་མུར་རྗེ་བཙུན་འཇམ་དབྱངས་དཀར་པོའི་ལྗགས་བསྙེན་ཞིག་གནང་ནས་བཞུགས་སྐབས་ཐོ་རངས་ཀྱི་དུས་མནལ་ལམ་འོད་གསལ་གྱི་འཆར་སྒོ་ཤིན་ཏུ་གསལ་བ་ཞིག་གི་སྣང་ཆ་ལ་ངོ་བོ་ཨུ་རྒྱན་རིན་པོ་ཆེ་མིན་ནམ་སྙམ་པ་ལ་རྣམ་པ་སྔགས་པའི་ཆས་ཅན་འདྲ་བ་ཞིག་མཇལ་ནས། བཀའ་ལས་བརྟག་དཔྱད་ཀྱི་རྣམ་དབྱེ་མི་ཤེས་པར་གང་ཐོབ་ཟོས་ན་སྨན་དང་དུག་གཉིས་ནོར་བའི་དཔེ་བཤད་པ་བཞིན་ཐོས་བསམ་ལ་མ་བརྟེན་པར་རྨོངས་པས་སྒོམ་སྒྲུབ་ཀྱི་གནད་མི་ཤེས་པའི་བསླབ་སྟོན་འགའ་དང་ཐོས་བསམ་ལ་འགྲོ་བའི་ཡུལ་དུས་སོགས་ཀྱང་གསལ་བར་གསུངས་ནས་མཐར་རང་ཡལ་ལོ། །

དེ་ནས་བཟུང་ལེགས་ཉེས་ཀྱི་ལུང་བསྟན་སོགས་ཐམས་ཅད་དེས་ཡང་ཡང་བྱེད་པ་ཡིན་གསུངས། དེ་སྐོར་གྱི་གནས་ཚུལ་ཡང་གུས་པས་རྗེ་བླ་མར་བསེ་རུའི་གཏམ་དུ། སྔོན་འགྲོ་ནས་བཟུང་འཇམ་དཀར་བསྙེན་པའི་སྐབས། །གསེར་སྦྲང་བུང་བ་ཞིག་ལས་འདི་སྐད་ཐོས། །ཞེས་སྙན་དངགས་ཀྱི་གབ་ཚིག་ཏུ་གསུངས་པ་དེའི་དགོངས་གཞི་ཅི་ལགས་ཞུས་པས། མནལ་ལམ་འོད་གསལ་གྱི་སྣང་ཚུལ་འདི་ལྟར་ཡིན་ཚུལ་གསལ་བར་གསུངས་པས་དེ་ཚུན་ཆད་ཕྲན་པའི་བློ་ལ་ཡང་རྒྱལ་དབང་པདྨའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་དངོས་ཡིན་སྙམ་སྔར་ལས་ཀྱང་དད་པ་བླ་ལྷག་ཏུ་འབར། དེ་སྐབས་སུ་མནལ་ལམ་གྱི་འཆར་སྒོ་གཞན་ཡང་གསེར་ཁང་རིན་པོ་ཆེ་ཡིན་ཟེར་བའི་བླ་མ་སྐུ་ཤ་རྒྱས་ཤིང་བགྲེས་ཉམས་ཆགས་པ་དབུ་ལ་པཎ་ཞྭ་གསོལ་བའི་གཟི་བརྗིད་ཆེ་བ་ཞིག་མཇལ་ནས་རང་ལ་ཤིན་ཏུ་ཉེ་བརྒྱུད་དུ་བཀའ་བབ་པའི་ཟབ་མོ་དག་སྣང་སྙན་བརྒྱུད་ཀྱི་ཆོས་བདག་གཉིས་པ་ཡིན་པའི་ལུང་བསྟན་སོགས་གསུངས་ནས་བྱིན་རླབས་ཞིག་ཞུས་མཐར་རྗེ་བླ་མ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་ཚུལ་གསལ་བར་རྨིས་གསུངས། དེ་ལྟར་ཡང་རྗེ་བླ་མས། དེ་ནས་བྱམས་མགོན་བླ་མའི་ཞལ་སྔ་ནས། །ཆོས་སྒོ་དང་པོའི་བཀའ་དྲིན་ཐོབ་ཙམ་གྱིས། །བློ་ཁ་ཆོས་ལ་ཕྱོགས་ཏེ་དབེན་པའི་རིར། །སྔོན་འགྲོ་ནས་བཟུང་འཇམ་དཀར་བསྙེན་པའི་སྐབས། །གསེར་སྦྲང་བུང་བ་ཞིག་ལས་འདི་སྐད་ཐོས། །ཐོས་པའི་རྣ་དང་མཐོང་བའི་མིག་མེད་པར། །གཞོན་ནུའི་དུས་ནས་གང་བྱུང་མ་ཟོས་ཤིག །སྨན་དང་དུག་གཉིས་ནོར་བའི་ཉེན་ཡོད་ཟེར། །དེ་ཐོས་ནས་ནི་ཐོས་པ་ཡིད་ལ་བྱེད། །ཅེས་པ་ལྟར་རོ། །དེ་ནས་རྗེ་བླ་མ་ནང་ཐུགས་དམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཡོ་མེད་དུ་བཞུགས་དུས་དགེ་ལེགས་ཀྱི་མཚན་མ་གཟིགས་པས་ཕྱི་དུས་ཀྱི་འགྱུར་ལྡོག་ཀྱང་སྐད་ཅིག་མའི་ཕྲེང་བ་བཞིན་རྫོགས་ནས་མཚམས་རྒྱ་བཀྲོལ་ཏེ་སླར་ཐིམ་རྫོང་དུ་ཕེབས། ལུང་བསྟན་གྱི་དོན་ཐུགས་ལ་འཆར་བས་གཙུག་ལག་རིག་གཞུང་ལ་ཐོས་བསམ་བྱེད་པའི་ཐུགས་འདུན་བཀྲེས་པ་ཟས་དང་སྐོམ་པ་ཆུ་ལ་གདུང་བ་ལྟར་ན་མར་བྱུང་ནས། དགུང་གྲངས་ཉེར་གསུམ་བཞེས་པ་ས་བྱིའི་ལོ་ནས་སྒྲ་རིག་ཡན་ལག་དང་བཅས་པ་སྨྲ་བའི་ཡོངས་ཀྱི་བཤེས་གཉེན་རྣམ་རྒྱལ་ལམ་ཐུབ་བསྟན་ནོར་བུ་བསྟེན་ནས་ཐུན་མོང་གི་རིག་གནས་ཟ་མ་ཏོག་དང་། སུམ་རྟགས། སྙན་དངགས་སོགས་ལ་སྦྱངས་པས་རྩོམ་ཚིག་གི་སྙན་འགྱུར་དང་དོན་རྒྱན་སོ་སོའི་གནད་ལ་རེག་པ་རྩོལ་མེད་དུ་བྱུང་བས་ཀུན་ལས་ཐུགས་རིག་རྣོ་བའི་སྙན་པས་ཁྱབ། དགུང་གྲངས་ཉེར་ལྔ་བཞེས་པའི་ལྕགས་སྟག་ལ་བུམ་ཐང་ཕྱོགས་སུ་སློབ་སྦྱོང་ལ་ཕེབས་པར་ཐུགས་ཐག་བཅད་ནས་དཔལ་འབྲུག་པའི་སྐུ་གདུང་ཡིད་བཞིན་ནོར་བུའི་སྤྱན་སྔར་ཤོ་མོའི་བརྟག་པ་ཞུ་དུས་ཤོ་མིག་གསུམ་བབས་པས། ལ་ལས་བཟང་ཆེ་ཞེས་ངེས་མེད་སྣ་ཚོགས་སྨྲས་ཀྱང་བཟང་བར་མཁྱེན་ནས་མཁན་ཆེན་བསམ་གཏན་རྒྱ་མཚོས་འགོ་འདྲེན་ཐོག་ཡིད་མཐུན་གྱི་གྲོགས་པོ་གསུམ་བཞི་ཙམ་དང་ལྷན་ཅིག་བུམ་ཐང་ཉི་མ་ལུང་གི་བཤད་གྲྭར་དགེ་བཤེས་པདྨའི་ཞབས་སུ་འབྱོར། དེར་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་དང་དབུ་མའི་གཞུང་སྐོར་རགས་ཙམ་གསན་སྦྱངས་མཛད་ཀྱང་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་དཔྱིས་ཕྱིན་པར་སྦྱངས་པའི་ཐུགས་ཀྱི་རེ་ཁ་མ་འགེངས་པར་བོད་ཕྱོགས་སུ་ཕེབས་འདུན་ཤར་ནས་མཐུན་རྐྱེན་གྱི་ཉེར་བསྡོགས་མཛད་དུས་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་ཞབས་ནས་གཟིགས་བསྐྱངས་ཚད་མེད་པའི་སྒོ་ནས་ཅི་དགོས་ཀྱི་གནང་སྦྱིན་གང་ཟབ་བསྩལ་བས་མཚོན་ཐོས་བསམ་གྱི་མཁོ་ཆས་ཚགས་སུ་ཚུད་པའི་གྲབ་སྒྲིག་མཛད་དོ། །

དེ་ལྟར་ཡང་རྗེ་བླ་མས། སློབ་དཔོན་རྣམ་རྒྱལ་ཞབས་ནས་དག་ཡིག་དང་། །སུམ་རྟགས་སྙན་ངག་སོགས་ལ་སློབ་པའི་སྐབས། །གྲོགས་མཆེད་འགའ་དང་བཅས་ཏེ་བུམ་ཐང་དུ། །སོང་ཡང་ཡིད་ཀྱི་བརྣག་པ་མ་རྫོགས་པར། །ཞེས་གསུངས་པ་བཞིན་ནོ། །དེ་ནས་དགུང་གྲངས་ཉེར་བདུན་བཞེས་པའི་ཆུ་འབྲུག་ལ་བོད་ཕྱོགས་སུ་འགྲོ་བའི་ལམ་འགྲུལ་པ་འགའ་དང་སྡོངས་ནས་ཕེབས་ལམ་དུ་ཞུགས། སྔར་དལ་བར་གོམས་པའི་ཞབས་མཐིལ་འཇམ་པ་ལམ་རྡུལ་ཤིན་ཏུ་རྩུབ་མོས་གཤག་པ་སོགས་བཟོད་པར་དཀའ་བའི་སྡུག་བསྔལ་ཐམས་ཅད་བདག་གིར་མཛད་ནས་རིམ་གྱིས་མོན་ལ་དཀར་ཅུ་ཞེས་བྱ་བ་ལྷོ་བོད་མཚམས་ཀྱི་ས་འཛིན་མངོན་པར་མཐོ་བ་དེ་བརྒྱུད་ནས་བསིལ་ལྗོངས་ལྷོ་བྲག་ལྷ་ལུང་དུ་ཕེབས། ཀཿཐོག་མཁན་རིན་པོ་ཆེ་ངག་དབང་འཕྲིན་ལས་མཉེས་རབ་ཀྱིས་བསྟན་ནས་ལོ་ངོ་གསུམ་ཙམ་གྱི་རིང་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་གོ་ལོ་ཐོས་ལོ་ཙམ་དུ་མ་ལུས་པར་སོ་སོ་ལ་རང་རྐང་ཚུགས་པའི་གསན་སྦྱངས་དཔྱིས་ཕྱིན་པར་མཛད། དེར་བཞུགས་ཀྱི་རིང་སྔོན་གོམས་བག་ཆགས་བཟང་པོའི་སྙིང་སྟོབས་ཀྱིས་ཉིན་མཚན་གྱི་ཆ་འབྱེད་མི་ཤེས་པ་ལྟ་བུར་སོང་ནས་དབུ་སྔས་ལ་མ་བཞག་ཅིང་། སྐུ་འཆིང་འགྲོལ་བ་སོགས་སྤངས་ནས་མཚན་མོའང་ཕལ་ཆེར་གཞུང་གི་རྩ་བ་དང་འགྲེལ་པ་མཁོ་ཆེ་རིགས་ཐུགས་ལ་ཟིན་ནས་ངག་འདོན་མཛད། དེ་དུས་གློག་ཤུགས་ལ་སོགས་པའི་འཕྲུལ་ཐབས་ཀྱི་མེ་གཞན་རྣམས་ལྟ་ཅི་མར་མེའི་སྣང་བ་ཙམ་ཡང་རྒྱུན་དུ་སྤར་རྒྱུ་མེད་པའི་མུན་ནག་ཏུ་ཚིག་ཚོགས་རེ་རེའི་དཔེ་བལྟ་བ་ལ་ཡང་སྤོས་མེའི་སྣང་བ་ཕྲན་བུས་སེལ་དགོས་ཚུལ་དུས་ཕྱིས་བདག་ཅག་རྣམས་ལ་ངས་སློབ་སྦྱོང་བྱེད་དུས་ཁྱེད་ཚོ་ལྟ་བུ་དགའ་ཞོར་སྐྱིད་ཞོར་ལ་བསླབ་པ་མིན་ཞེས་ཡང་ཡང་གསུངས། དེ་སྐབས་རྗེ་བཙུན་མར་པའི་གདན་ས་གྲོ་བོ་ལུང་དང་། རྗེ་མི་ལས་བཞེངས་པའི་སྲས་མཁར་སོགས་ལྷོ་བྲག་ཕྱོགས་ཀྱི་གནས་རྣམས་ཆེད་ཀྱིས་མཇལ་ནས་ཚད་མེད་གདུང་བའི་ཤུགས་ཀྱིས་ཕྱག་མཆོད་སྨོན་ལམ་འདེབས་པར་མཛད་དོ། །

དགུང་གྲངས་ཉེར་དགུ་བཞེས་པའི་ཤིང་རྟ་ལ་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཆོས་འཚོལ་བས་མི་ངོམས་པ་བཞིན་ཐོས་བསམ་གྱི་མཐའ་རྒྱ་གཅོད་པའི་ཆེད་དུ་ལ་ལུང་དང་བྱང་ཐང་མང་པོ་ངལ་བ་ཆེན་པོས་བགྲོད་དེ་འབྲི་གུང་ཕྱོགས་སུ་བྱོན་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་རྭ་ཧོར་ཆོས་གྲགས་རིན་པོ་ཆེ་རིགས་བདག་ཏུ་བསྟེན། དེའི་ཞལ་ནས་ཐོག་མར་མདོ་སྐོར་གྱི་བཤད་པ་མཁན་ཆེན་གཞན་ཕན་ཆོས་སྣང་དང་མི་ཕམ་རིན་པོ་ཆེས་མཛད་པའི་ཡིག་ཆའི་སྟེང་ནས་གསན་ཅིང་། དེ་རྗེས་གསང་བ་སྔགས་ཀྱི་ཐེག་པའི་རྒྱུད་སྡེའི་མཐར་ཐུག་གསང་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ་དང་། པཎ་ཆེན་བི་མ་མི་ཏྲས་མཛད་པའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ། ས་ལུགས་ཀྱི་སྣང་གསུམ་སོགས་རྒྱུད་སྡེ་དུ་མའི་སློབ་བཤད་ཞིབ་རྒྱས་དང་། རྗེ་རང་གིས་སྒེར་དུ་གསོལ་བ་བཏབ་པའི་འདོད་ངོར་རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའི་དམར་ཁྲིད་དང་སེམས་དང་ཡེ་ཤེས་ཀྱི་ཤན་འབྱེད་སོགས་ཤིན་ཏུ་ཐུན་མོང་མ་ཡིན་པའི་མན་ངག་གསེར་གྱི་ཡང་ཞུན་ལྟ་བུའི་ཟབ་ཆོས་རྣམས་ཀྱང་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ནས་དོན་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བར་མཛད། རེས་འགའ་མཁས་གྲུབ་དེས་ཕྱི་རོལ་པའི་གྲུབ་མཐའ་སོགས་ལུང་རིགས་དུ་མས་བསྒྲུབས་ཏེ་སློབ་མ་རྣམས་ལ་དགག་ཏུ་བཅུག་དུས་རྗེ་འདིས་ཀྱང་དངོས་ལན་ཡང་དག་རེ་འདེབས་པས་མཉེས་མཉེས་གནང་། དེ་དང་དེ་ལྟ་བུའི་གསུང་འཕྲོས་སུ་རྒྱ་བོད་ཀྱི་མཁས་གྲུབ་སོ་སོའི་ལྟ་སྒོམ་གྱི་བཞེད་ཚུལ་དང་། མདོ་སྔགས་སྤྱིའི་དབུ་ཞབས་ཀྱི་དཀའ་གནད་དོགས་གཅོད་སོགས་ཞིབ་པར་གསུངས་པས་ལོ་མང་པོ་སྦྲེལ་ནས་སློབ་གཉེར་བྱས་པ་ལས་ཀྱང་བློ་བསྐྱེད་ཆེ་བར་གྱུར་ཏེ་མདོ་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁྱེན་རབ་ཀྱི་པདྨོ་རྒྱས་ནས་སྨྲ་བའི་དབང་ཕྱུག་ཏུ་གྱུར། རྟེན་འབྲེལ་ཞིག་དགོངས་པ་ཡིན་ནམ་སྙམ་དེར་ཞབས་སུ་བཞུགས་རིང་བླ་མའི་སྐུ་མདུན་དུ་འབུལ་བའི་ཚོགས་ཀྱི་སྐལ་བ་དེ་རྟག་པར་ཁོ་བོ་ལ་དགྱེས་བཞིན་གནང་བར་བྱུང་གསུངས། དེ་སྐབས་ཐུབ་བསྟན་རིན་པོ་ཆེའི་ཞབས་ནས་སྒྲ་མཚམས་སྦྱོར་ལྔ་པ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་བཤད་པ་རི་མོ་དང་བཅས་པ་གསན་དུས་བརྡ་སྤྲོད་ཀྱི་བཏགས་མིང་ལུང་རྟོགས་ཆོས་ཀྱི་སྣང་བ་ཞེས་གསོལ་བར་མཛད། སྙན་དངགས་ཀྱི་བསྟན་བཅོས་ཀྱང་སླར་རྩོམ་རྒྱུགས་དང་སྦྲགས་ནས་དཔྱིས་ཕྱིན་པར་སློབ་པས་རྩོམ་ཚིག་ལ་ཐོགས་པ་མེད་པར་གྱུར། གཞན་ཡང་ཚུལ་ཁྲིམས་རིན་པོ་ཆེ་ནས་གསང་སྙིང་སོགས་ཀྱི་སྨིན་བཀའ་འགའ་ཞིག་ནོད་ཅིང་། རྫོགས་ཆེན་མཁན་པདྨ་རིག་འཛིན་ནས་སྙིང་ཐིག་གི་ཆོས་སྐོར་ཐོར་བུ་གསན། ཟོམ་ཁ་རྡོའི་མཆོད་རྟེན་དུ་རྡོ་གྲུབ་སྤྲུལ་སྐུ་རིན་པོ་ཆེའི་ཞབས་ནས་ཀྱང་སྙིང་ཐིག་ཡ་བཞི་དང་འཛིན་པ་རང་གྲོལ་གྱི་ཆོས་སྐོར་ཡོངས་རྫོགས་གསན་བཞེས་མཛད། དེ་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞབས་ནས་རིན་ཆེན་གཏེར་མཛོད་ཀྱི་ཆོས་སྐོར་ཡོངས་རྫོགས་དང་། དེ་བཞིན་སྙིང་ཐིག་ཡ་བཞིའི་ཆོས་སྐོར་དང་། གཞན་ཡང་ཀློང་ཆེན་མཛོད་བདུན་ལ་སོགས་པའི་ལྗགས་ལུང་ཡང་གསན་པར་མཛད། ཐོས་བསམ་སྒོམ་པའི་བདུད་རྩི་བདག་གིར་བཞེས་ནས་རེ་ཞིག་བཞུགས་པའི་ཐུགས་འདུན་གཏད་ཀྱང་འབྲས་བུ་མ་སྨིན་པར་དགུང་གྲངས་སོ་གཅིག་བཞེས་པའི་མེ་སྤྲེལ་ནས་ཁམས་ཕྱོགས་སུ་དུས་ངན་དམ་སྲི་འགོང་པོའི་ཁ་རླང་གིས་རྒྱལ་བསྟན་ཉིན་མོར་བྱེད་པའི་སྣང་བའང་ཆེ་ཆེར་སྒྲིབ་པའི་རྐྱེན་གྱིས་ཐུགས་བག་མ་ཕེབས་པར་ཡོད་སྐབས། འབྲུག་གྲྭ་ཚང་ནས་ཐུགས་ནང་གཤིན་པའི་གྲོགས་པོ་གཉིས་ཀྱང་ཆེད་ཀྱིས་སྤྱན་འདྲེན་དུ་འོངས་པ་ལྟ་བུར་གནས་སྐོར་ལ་ཕེབས་འདུག་པར་བརྟེན་རྭ་ཧོར་ཆོས་གྲགས་རིན་པོ་ཆེའི་ཞབས་ནས་དགོངས་པ་ཞུས་དུས་འགྲོ་ཆོས་སུ་རྫོགས་ཆེན་ཚིག་གསུམ་གནས་བརྡེག་རྗེ་གཅིག་པུ་ལ་སྒེར་དུ་གནང་ནས་ཉིན་མ་དེ་རིང་ནས་དབུ་བཟུང་ཁྱོད་ཀྱི་མིང་ལ་འབྲུག་ཐམས་ཅད་མཁྱེན་པ་ཞེས་བརྗོད་ཆོག་ཅེས་གསུངས་ཚུལ་དེ་དུས་ཀྱི་མཆེད་གྲོགས་སློབ་སྟོབས་རྒྱས་ཀྱི་ངག་ལམ་ལས་ཐོས། རིམ་གྱིས་དེ་དག་དང་ལྷན་ཅིག་གངས་ཅན་ཆོས་འཁོར་རྣམ་གསུམ་ལ་སོགས་པའི་གནས་མཇལ་རིམ་པར་ཞུས་ཤིང་བསྟན་འགྲོའི་དོན་དུ་བསྔོ་བ་དང་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱར་གང་ཟབ་ཀྱིས་མཐའ་བརྒྱན་པར་མཛད། དེ་ནས་མི་རིང་བར་ཕེབས་ལམ་དུ་ཞུགས་ཏེ་ཕ་རི་ཕྱོགས་ནས་སྤྲས་མོ་ལ་བརྒྱུད་དེ་ལྗོངས་འདིའི་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་གཏམ་སྙན་ཡུམ་རྒན་མོས་གསན་ནས་གཅུང་པོ་གཉིས་ལ་གསོལ་ཇ་སོགས་དགྱེས་སྟོན་སྣ་ཚོགས་བསྐུར་ཏེ་ཉིན་ཕྱེད་ཀྱི་ལམ་ལས་དགའ་བའི་འཛུམ་གྱིས་བསུས་ཏེ་སྐུ་ཡུལ་དུ་ཕྱག་ཕེབས། ཞག་ཤས་ཀྱི་བར་ཡུམ་རྒན་མོའི་གམ་དུ་ཞིམ་དགུའི་བཟའ་བཏུང་སྣ་ཚོགས་སོགས་འདོད་ཡོན་གྱི་སྣང་བ་ལ་དགྱེས་པར་རོལ་ནས་སྐུའི་ངལ་དུབ་གསོ་བར་མཛད་ནས་བཞུགས། དེ་ལྟར་རིས་མེད་མཁས་གྲུབ་མ་དྲོས་རྒྱ་མཚོའི་ཞལ་གྱི་བབས་སྟེགས་ལས་བྱུང་བའི་མདོ་སྔགས་ཆོས་ཚུལ་གྱི་ཆུ་ཀླུང་ཐམས་ཅད་གང་ཐུགས་གཉུག་མའི་བུམ་པར་བསྐྱིལ་ནས་ལྷོ་ཕྱོགས་ནགས་མོའི་ལྗོངས་སུ་དྲངས་ཏེ་སྐལ་བཟང་དད་པའི་ཞིང་ས་བརླན་ནས་མཁྱེན་ཡོན་གྱི་མྱུ་གུ་རྒྱས་པར་མངོན་ནོ། །བོད་ལ་ཕེབས་སྐོར་དང་འབྲེལ་བའི་གནས་ཚུལ་ཡང་རྗེ་བླ་མས་བདག་ཅག་རྣམས་ལ་ངས་ཅུང་ཟད་ཤེས་པ་དེ་ཡང་ཁྱེད་ཚོ་བཞིན་དགའ་དགའ་སྐྱིད་སྐྱིད་ཀྱི་ངང་དུ་ཤེས་པ་མིན། ངས་དང་པོ་ཚ་གྲང་སྙོམས་ཤིང་མཐུན་རྐྱེན་འཛོམས་པའི་ཡུལ་ཕྱོགས་དང་ཕ་སྤུན་ཐམས་ཅད་བློས་མི་ཐོངས་ཤིང་འབྲལ་མི་ཕོད་བཞིན་རྒྱབ་ཏུ་བསྐྱུར། ལ་ལུང་མང་པོའི་རི་མགུལ་ན་འཁྲིགས་པའི་སྤྲིན་དཀར་པོ་ཚད་དུ་བཙུགས། སྔར་ཕ་མའི་གཅེས་ཕྲུག་དལ་བར་གོམས་པའི་རྐང་པས་ས་ནག་པོའི་དཀྱིལ་འཁོར་འདོམ་གྱིས་གཞལ། ཚ་གྲང་བཀྲེས་སྐོམ་ལ་སོགས་པའི་དཀའ་བ་ཁྱད་དུ་བསད། སྡུག་བསྔལ་དྭང་ལེན་གྱི་གོ་ཆ་གྱོན་ཏེ་རིང་པོའི་ལམ་ནས་རྒྱུས་མེད་ཀྱི་ལུང་པ་ལ་སླེབས། འཇམ་པའི་སྟན། དྲོད་པའི་གོས། འགྲང་བའི་ཟས་ལ་སོགས་པ་སྤངས་ནས་གངས་ཅན་གྱི་ལྗོངས་སུ་ཇ་ནག་གི་བཏུང་བ་དང་། རྩམ་པ་བག་ཙམ་རེས་དམ་ཆོས་སྒྲུབ་པའི་ལུས་རྟེན་མ་འགྱེལ་ཙམ་ཞིག་གསོས་ནས་མཁས་གྲུབ་དུ་མ་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས་པས་རང་དང་འཚམས་པའི་ངེས་ཤེས་ཐོབ་པ་ཡིན་གསུངས་སོ། །དེ་ལྟར་ཡང་རྗེ་བླ་མས། དཀའ་བ་ཁྱད་དུ་གསོད་དེ་གངས་ཅན་དུ། །ལོ་འགར་བླ་མ་བཙལ་ཏེ་ཐོས་པ་ལེན། །མདོ་སྔགས་གཞུང་ལ་ལྟ་བའི་མིག་ཐོབ་སྟེ། །རང་ཡུལ་ལྡོག་སྟེ་དབེན་པར་གནས་པ་ལས། །ཞེས་གསུངས་པ་ལྟར་རོ། །

དེ་ནས་ཟླ་ཤས་ཤིག་ནས་འཚོ་ཆས་གྲབ་འགྲིགས་མཛད་དེ་དཔལ་འབྲུག་པའི་གདན་ས་ལྕགས་རི་རྡོ་རྗེ་གདན་དུ་བདེ་མཆོག་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་མའི་ལྗགས་བསྙེན་གནང་བའི་བཅད་རྒྱ་ལ་ཞུགས། དེ་སྐབས་ཆོས་མཐུན་གྱི་གྲོགས་པོ་ཆོས་ཀྱི་བློ་གྲོས་པས། དག་སྣང་བླ་མའི་རྣལ་འབྱོར་འདི་ལ་དེང་སང་གི་ཆོ་གའི་བབ་དང་འབྲེལ་བ་ཞིག་ཅིས་ཀྱང་དགོས་ཞེས་བསྐུལ་བ་དང་རྗེ་རང་ཡང་སྐྱབས་མགོན་ངག་གི་དབང་པོའི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་ཏེ་ཚད་མེད་གདུང་བའི་ཤུགས་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པ་འདི་ལྟར། ཕ་མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན། །བུ་སྙིང་ནས་དད་པས་གསོལ་བ་འདེབས། །དུས་ངན་གྱི་བསམ་སྦྱོར་ལ་དགོངས་ནས། །ཐུགས་ཡལ་ཡོལ་བཏང་སྙོམས་མི་མངའ་བར། །ངེད་བུ་སློབ་རྣམས་ལ་བརྩེར་དགོངས་ནས། །ཐུགས་ཆོས་ཉིད་ཟབ་མོའི་དབྱིངས་ནས་བཞེངས། །འདིར་བདག་ཅག་རྗེས་འཇུག་བུ་སློབ་རྣམས། །ཁྱོད་མིན་པའི་སྐྱབས་གཞན་སུ་ལ་རེ། །ད་ཐུགས་རྗེ་ཀློང་ནས་གཟིགས་རེ་རན། །རྗེ་བླ་མའི་ཐུགས་རྗེའི་བྱིན་རླབས་ཀྱིས། །བདག་སྡིག་ཅན་སྒྲིབ་པ་སྦྱང་དུ་གསོལ། །ཚེ་འདི་ལ་ཞེན་པ་བཟློག་ཏུ་གསོལ། །གཉིས་འཛིན་གྱི་འཁྲུལ་པ་ཞིག་ཏུ་གསོལ། །ཕ་བླ་མ་སྒྲུབ་པའི་སྤྱན་སྔ་ན། །བུ་དད་པའི་མིག་ལས་མཆི་མ་འཁྲུགས། །དེ་ཕ་ཡི་སྤྱན་གྱིས་གཟིགས་སམ་ཅི། །བུ་དགྱེས་པའི་འཛུམ་ཞལ་མཇལ་སྙིང་འདོད། །སྐུ་མངོན་སུམ་བདག་ལ་སྟོན་མཛད་ནས། །ལུས་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ངག་གདུང་དབྱངས་ང་རོའི་འོ་དོད་འབོད། །དེ་ཕ་ཡི་སྙན་ལ་ཅང་གསན་ནམ། །བུ་གསུང་གི་བདུད་རྩི་འཐུང་སྙིང་འདོད། །གསུང་མངོན་སུམ་བདག་ལ་དབུགས་དབྱུང་ནས། །ངག་གསུང་གི་བྱིན་གྱིས་བརླབ་ཏུ་གསོལ། །ཡིད་རྩེ་གཅིག་ཁྱོད་ཀྱི་ཡོན་ཏན་དྲན། །དེ་ཕ་ཡི་ཐུགས་ཀྱིས་དགོངས་ལགས་སམ། །བུ་རྟོགས་པའི་ཡེ་ཤེས་ཞུ་སྙིང་འདོད། །ཐུགས་རྟོགས་པ་མངོན་གསུམ་བདག་ལ་འཕོ། །ཡིད་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཕ་བླ་མའི་རྟོགས་པའི་ཡེ་ཤེས་ཀྱིས། །བུ་བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས། །དུས་ད་ལྟར་གྲོལ་བར་བྱིན་གྱིས་རློབས། །སྟན་འདི་རུ་གྲོལ་བར་བྱིན་གྱིས་རློབས། །ཞེས་དང་། ཀྱེ་ཧོ། དྲིན་ཅན་གྱི་བླ་མ་རིན་པོ་ཆེ། །ཁྱོད་རྒྱལ་ཀུན་འདུས་པའི་ངོ་བོ་རུ། །བདག་སྙིང་ནས་ངེས་པ་རྙེད་པས་ན། །ཁ་ཞེ་ཕུག་མེད་པའི་རེ་ལྟོས་བཅའ། །ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས། །བདག་ལྟོས་པ་མེད་པར་ཁྱོད་ལ་འབུལ། །ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཞུ། །ད་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །རྗེ་ཁྱོད་ཀྱིས་མི་གཟིགས་སུ་ཡིས་གཟིགས། །བདག་མ་རིག་རྨོངས་པའི་གཞན་དབང་གིས། །དུས་ཐོག་མ་མེད་ནས་ད་ལྟའི་བར། །དོན་མེད་དུ་འཁོར་བར་དེ་ཙམ་འཁོར། །ད་ཁྱོད་ཀྱི་ཐུགས་རྗེས་བཏང་ཕོད་དམ། །དུས་དེ་རིང་ཐུགས་རྗེས་མ་བཟུང་ན། །དེ་ཕྱིན་ཆད་ངེས་པའི་གནས་མ་ལགས། །ཐུགས་དཔའ་ཆེན་དགོངས་ཤིག་རྗེ་བླ་མ། །བདག་ནམ་ཞིག་ལས་ཟད་འབྲས་ཐོབ་ན། །ཁྱོད་ཐུགས་རྗེ་ཅི་འཚལ་དོན་མ་མཆིས། །ཐུགས་དགོངས་པའི་རྩལ་ཆེན་ཀུན་ཕྱུངས་ནས། །དུས་དེ་རིང་སྨིན་ཅིང་གྲོལ་བར་མཛོད། །དབང་བཞི་རྫོགས་བསྐུར་བར་བྱིན་གྱིས་རློབས། །ལས་སྒྲིབ་བཞི་དག་པར་བྱིན་གྱིས་རློབས། །རྒྱུད་ལམ་བཞི་འབྱོང་པར་བྱིན་གྱིས་རློབས། །སེམས་སྐུ་བཞི་རྟོགས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པའི་དབང་གིས་མནལ་ལམ་གྱི་འཆར་སྒོར་མཐུ་ཆེན་བླ་མའི་ཡེ་ཤེས་ཀྱི་སྐུ་མཇལ་ཞིང་བྱིན་གྱིས་རླབས་པའི་མཚན་མ་གཟིགས་པས་ཐུགས་གཤིས་དག་པའི་མེ་ལོང་དུ་ཟབ་ཆོས་འདིའི་གནད་ཐམས་ཅད་འགོག་མེད་དུ་འཆར་བ་དང་། བསྟན་འགྲོར་ཕན་བདེའི་འབྱུང་ཐབས་སུ་ཡི་གེར་འགོད་ཆོག་པའི་དགེ་མཚན་གཟིགས་ནས་གཞུང་ཆོག་འཆི་མེད་མཆོག་སྦྱིན་འདི་སྦྱར་བར་མཛད་པ་རྩོམ་གྱི་ཐོག་མ་ཡིན་གསུངས། དེ་རྗེས་ཆོས་སྐྱོང་གི་བསྐང་བའི་རིམ་པ་འགའ་རེ་གསར་དུ་མཛད་དེ་ཕྲིན་ལས་གཏད། བསྙེན་གྲངས་ཐེབས་ནས་བཅད་རྒྱ་བཀྲོལ་ཏེ་སྐུ་ཁམས་ཀྱི་ངལ་དུབ་གསོས་པ་ལྟ་བུར་ཟླ་ཤས་ཀྱི་རིང་ཅི་བདེར་བཞུགས། དེ་ནས་དགུང་གྲངས་སོ་གཉིས་བཞེས་པའི་མེ་བྱ་ལ་སྒྲུབ་པ་ཉམས་བཞེས་ཀྱི་ཐུགས་ཐག་བཅད་ནས་ཆོས་ནོར་གཏེར་གྱིས་འགེངས་པའི་སྟག་ཚང་དཔལ་ཕུག་ཏུ་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་བཅད་རྒྱ་བསྡམས། དེ་སྐབས་རིམ་གཉིས་ཀྱི་རྣལ་འབྱོར་དང་མདོ་སྔགས་ཀྱི་གཞུང་ལུགས་ལ་ལྟ་རྟོག་མཛད་པ་རེས་མོས་སུ་གནང་བས་ཤེས་བྱའི་ཆོས་ཀུན་ལ་སྔར་དང་མི་འདྲ་བའི་གོ་བབ་ཆེན་པོ་རྒྱ་མཐོངས་ཁ་ཕྱེ་བ་ལྟར་སོང་ནས་གཞུང་དོན་འགག་ཏུ་དྲིལ་བའི་ཡིག་ཆ་བརྡ་དག་གི་བསྟན་བཅོས་ངོ་མཚར་འཕྲུལ་གྱི་ལྡེ་མིག་དང་། སུམ་རྟགས་སི་ཏུའི་དགོངས་རྒྱན། དེ་དག་གི་འགྲེལ་པ་བྱིས་པའི་རོལ་མཚོ་སོགས་ཚེགས་ཆུང་ངུས་གཞུང་དོན་རྒྱ་ཆེན་པོ་བཀྲོལ་བའི་ལྡེ་མིག་ལྟ་བུ་སྦྱིན་པར་མཛད། དེ་སྐབས་ཨུ་རྒྱན་སངས་རྒྱས་གཉིས་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཐུགས་རྗེ་མྱུར་བསྐུལ་གྱི་གསོལ་འདེབས་རྒྱང་འབོད་མ་དད་པའི་ཕོ་ཉ་ཞེས་པ་སྦྱར་ནས་རྒྱུན་དུ་ལྗགས་འདོན་མཛད་པ་འདི་ལྟར། བླ་མ་མཁྱེན་ནོ་བླ་མ་མཁྱེན་ནོ་བླ་མ་ཨུ་རྒྱན་རིན་པོ་ཆེ་མཁྱེན་ནོ། །ངོ་བོ་ཀ་ནས་དག་པ་ཆོས་སྐུ་ཡི་ཀློང་ནས། །རང་བཞིན་ལྷུན་གྲུབ་ལོངས་སྐུའི་རོལ་པ་རུ་བཞེངས་ཏེ། །ཐུགས་རྗེས་འགྲོ་བ་འདྲེན་པ་འཛམ་གླིང་གི་སྤྲུལ་སྐུ། །སྐུ་གསུམ་བདག་ཉིད་ཨུ་རྒྱན་རིན་པོ་ཆེ་མཁྱེན་ནོ། །བྱིན་རླབས་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་གྱི་བླ་མ། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཡི་དམ་གྱི་རང་བཞིན། །ཕྲིན་ལས་ཅི་འདོད་སྩོལ་བ་མཁའ་འགྲོ་ཡི་གཙོ་བོ། །རྩ་གསུམ་ཀུན་འདུས་ཨུ་རྒྱན་བླ་མ་དེ་མཁྱེན་ནོ། །ཐུགས་དགོངས་ཟག་མེད་བདེ་ཆེན་སངས་རྒྱས་ཀྱི་བདག་ཉིད། །གསུང་སྙན་ཚངས་པའི་སྒྲ་དབྱངས་དམ་ཆོས་ཀྱི་རང་བཞིན། །སྐུ་མཆོག་མཚན་དཔེའི་དཔལ་འབར་དགེ་འདུན་གྱི་ངོ་བོ། །དཀོན་མཆོག་སྤྱི་འདུས་ཨུ་རྒྱན་བླ་མ་དེ་མཁྱེན་ནོ། །མ་རིག་མུན་པ་སེལ་བའི་འཇིག་རྟེན་གྱི་སྒྲོན་མེ། །དགོས་འདོད་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ། །ཉོན་མོངས་ནད་རིགས་འཇོམས་པའི་ཡེ་ཤེས་ཀྱི་ལྷ་རྗེ། །ཆིག་ཆོག་རྒྱལ་པོ་ཨུ་རྒྱན་བླ་མ་དེ་མཁྱེན་ནོ། །ཐུབ་དབང་རྩྭ་མཆོག་གྲོང་ནས་གཤེགས་པ་ཡི་མོད་ལ། །གསང་སྔགས་བསྟན་པའི་བདག་པོ་ཞལ་བཞེས་ཀྱི་ལུང་བསྟན། །འཁྲུལ་མེད་བྱོན་ལ་ཁྱད་ཆོས་བདུན་ལྡན་གྱིས་འཕགས་པའི། །སངས་རྒྱས་གཉིས་པ་ཨུ་རྒྱན་རྡོ་རྗེ་འཆང་མཁྱེན་ནོ། །བསྐལ་བཟང་སངས་རྒྱས་སྟོང་དང་སྤངས་རྟོགས་ནི་མཉམ་ཡང་། །བོད་འབངས་སྙིགས་མའི་འགྲོ་ལ་ཁྱོད་མཚུངས་ཀྱི་བཀའ་དྲིན། །ནམ་ཡང་འཁོར་ཐབས་མེད་དོ་བསམ་གྱིན་རང་དད་པས། །ཐུགས་རྗེས་མྱུར་དུ་གཟིགས་ཤིག་ཨུ་རྒྱན་གྱི་བླ་མ། །སངས་རྒྱས་ཀུན་ལས་ལྷག་པའི་ངེས་ཤེས་ཤིག་རྙེད་པས། །བདག་གི་བློ་གཏད་རེ་ས་གཞན་ན་ནི་མི་འདུག །སྙིང་དབུས་དད་པའི་ཆུ་སྐྱེས་བཞད་པ་ཡི་དཀྱིལ་དུ། །འབྲལ་མེད་རྟག་པར་བཞུགས་ལ་བྱིན་གྱིས་རང་རློབས་ཤིག །བདག་ནི་མི་ཤེས་རྨོངས་པའི་གཞན་དབང་དུ་སོང་བས། །ཕྱི་ནས་ངུར་སྨྲིག་གོས་ཀྱིས་རང་ལུས་ལ་བརྒྱན་ཡང་། །ནང་དུ་རང་སེམས་དམ་པའི་ལྷ་ཆོས་དང་མ་འདྲེས། །དལ་འབྱོར་སྟོང་ཟད་བདག་ལ་ཐུགས་རྗེ་ཡིས་གཟིགས་ཤིག །ལུས་ཀྱིས་བྱས་དང་བྱེད་ཚད་ལས་ངན་གྱི་སྡིག་པ། །ངག་གིས་སྨྲ་དང་བརྗོད་ཚད་ཆགས་སྡང་གི་གླེང་མོ། །ཡིད་ལ་མནོ་དང་དྲན་ཚད་ཉོན་མོངས་ཀྱི་རང་བཞིན། །སྡིག་ཅན་བདག་ལ་ཐུགས་རྗེའི་སྤྱན་རས་ཀྱིས་གཟིགས་ཤིག །ཕྱི་རུ་སོ་སོར་ཐར་པའི་སྡོམ་པ་དང་འགལ་ཞིང་། །ནང་དུ་བྱང་ཆུབ་སེམས་དཔའི་བསླབ་པ་ནི་ཉམས་ལ། །གསང་བ་སྔགས་ཀྱི་སྡོམ་པ་བག་མེད་དུ་འཆལ་བའི། །དམ་ཚིག་ཉམས་ཆག་བདག་ལ་ཐུགས་རྗེས་རང་གཟིགས་ཤིག །སྔར་ཡང་འཁོར་བའི་སྡུག་བསྔལ་དཔག་མེད་དུ་མྱོང་ཡང་། །ད་དུང་མི་འཇིགས་ལས་འབྲས་བརྩི་མེད་དུ་ཤོར་བས། །དམུ་རྒོད་བདག་གིས་འགྲོ་ས་ངན་སོང་ལས་མི་འདུག །ད་ལྟ་ཉིད་དུ་སྐྱོབ་པའི་ཐུགས་རྗེ་ནི་མ་ཆུང་། །ཕ་གཅིག་ཁྱོད་ཀྱིས་མ་སྐྱོབ་སྐྱབས་གཞན་ནི་སུ་འདུག །བདག་ལ་མགོན་དང་རེ་ས་ཁྱོད་ཉིད་ལས་མེད་ན། །རེ་བའི་བུ་ལ་མ་བརྩེ་བཏང་སྙོམས་སུ་ཕོད་དམ། །གདུང་བའི་སྨྲེ་ངག་ཤོར་ལ་གཡེལ་མེད་དུ་གཟིགས་ཤིག །བསམ་རྒྱུ་རྣམ་པར་དག་པའི་ལྷ་ཆོས་ཤིག་སེམས་ཀྱང་། །ལས་དབང་ལྡོག་ཏུ་མེད་པའི་བར་ཆད་ཀྱིས་ཟིན་ཏེ། །ལམ་མིན་གཡང་ལ་འཆོར་བའི་ལས་ངན་ཅན་བདག་ཉིད། །ཡང་དག་ལམ་ལ་འགོད་པའི་ས་མཁན་ཞིག་མཛོད་ཅིག །རིང་མིན་སྟན་ཐོག་འདི་རུ་བློ་ཆོས་སུ་འགྱུར་ནས། །འཇིག་རྟེན་ཆོས་བརྒྱད་སྣང་བ་སྐད་ཅིག་ཀྱང་མེད་པར། །ཚེ་འདི་བློས་ཐོངས་གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད། །མྱུར་དུ་རྒྱུད་ལ་སྐྱེ་བའི་བྱིན་རླབས་ཤིག་སྩོལ་ཅིག །དམ་ཚིག་སྡོམ་པ་འཁྲུལ་མེད་རིམ་གཉིས་ཀྱི་ལམ་ལ། །ཚེ་དང་སྒྲུབ་པ་མཐར་ཕྱིན་འཆི་མེད་ཀྱི་གོ་འཕང་། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཚེ་འདི་རུ་ཐོབ་པའི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །ལྷག་པར་ནམ་ཞིག་ཚེ་ཡི་འཕེན་པ་འདི་ཟད་ཚེ། །གནད་གཅོད་མེད་པར་བེམ་རིག་བྲལ་བ་ཡི་མོད་ལ། །བུ་གཅིག་ཟངས་མདོག་དཔལ་གྱི་རི་བོ་ལ་འགྲོ་ཞེས། །མངོན་སུམ་ལག་ནས་བཟུང་སྟེ་ཁྲིད་པ་ཞིག་མཛོད་ཅིག །མདོར་ན་གང་གི་བྱིན་རླབས་སྙིང་དབུས་སུ་ཞུགས་པས། །རྟོག་བྲལ་རིག་སྟོང་རྗེན་པའི་རང་ངོ་འདི་འཕྲོད་དེ། །སྣང་བཞིའི་ལམ་ནས་འབྲས་བུ་བཙན་ས་རུ་ཟིན་པའི། །ལས་དང་སྐལ་བ་བཟང་པོའི་དངོས་གྲུབ་ཅིག་ཞུའོ། །ཞེས་ན་མར་གདུང་ཤུགས་ཀྱིས་གསོལ་བ་འདེབས་པས་དངོས་ཉམས་རྨི་ལམ་དུ་སྔར་བཞིན་སྔགས་པའི་ཆས་ཅན་འདྲ་བ་དེ་ཡང་ཡང་མཇལ་ནས་བྱིན་གྱིས་རླབས་པའི་མཚན་མ་གཟིགས་པ་དང་། སྐབས་ཤིག་གི་མནལ་ལམ་དུ་གཏེར་གྱི་ཁ་བྱང་ཞིག་ཕྱག་ཏུ་བབས་པ་དབུ་ནས་ཅུང་ཟད་བཀླགས་པའི་མོད་ལ་ཟུར་ནས་གཞན་ཞིག་གིས་མཚན་མ་རྫས་ཀྱི་གཏེར་གྱི་དགོས་པ་མེད། ནམ་ཞིག་གཏེར་ཐམས་ཅད་ཀྱི་མཆོག་ཆོས་གཏེར་རང་བརྡོལ་དུ་འོང་ཞེས་སྨྲ་བ་ཞིག་ཀྱང་ཐོས་པར་རྨིས་གསུངས་པ་ཡང་ཀུན་མཁྱེན་ཀློང་ཆེན་པས། ནང་སེམས་ཉིད་ཀྱི་གཏེར་ཁ་བརྡོལ་བ་ལ། །བྲག་སེར་གའི་གཏེར་གྱི་དགོས་པ་མེད། །ཅེས་གསུངས་པ་ལྟར་གྱུར་ཏོ། །

དེ་ལྟ་བུའི་ངོ་མཚར་གྱི་གཟིགས་སྣང་ལ་དཔག་ན་ཐོག་མཐའི་རྩོམ་ཆོས་ཐམས་ཅད་ཟབ་མོ་དགོངས་གཏེར་གྱི་ཆོས་སྐོར་ཡིན་པར་གདོན་མི་ཟ་བར་ངེས་པའོ། །ཐུགས་དམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་རང་བྱན་ཚུད་ནས་དགུང་གྲངས་སོ་ལྔ་བཞེས་པའི་ལྕགས་བྱི་ལ་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་དབྱེ་བར་མཛད། དེ་སྐབས་ཨ་ཞེ་དབང་མོས་སྦྱིན་བདག་མཛད་དེ། དུས་གསུམ་གྱི་སངས་རྒྱས་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་རྡོ་རྗེ་གདན་དང་། ཆོས་འཁོར་གྱི་གནས་ཝ་ར་ཎ་སི་དང་། ཤེར་ཕྱིན་གསུངས་པའི་གནས་བྱ་རྒོད་ཕུང་པོའི་རི། གསང་སྔགས་གསུངས་པའི་གནས་དཔལ་ལྡན་འབྲས་སྤུངས། མྱ་ངན་ལས་འདས་པའི་གནས་རྩྭ་མཆོག་གྲོང་། སྐུ་བལྟམས་པའི་གནས་ལུམྦི་ནིའི་ཚལ་སོགས་འཕགས་ཡུལ་གྱི་གནས་ཆེན་རྣམས་ལ་ཕྱག་མཆོད་སྨོན་ལམ་གྱི་རིམ་པ་མི་དམན་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་སྨོན་ལམ་དང་གདུལ་བྱ་སེམས་ཅན་གྱི་རྣམ་དཀར་དགེ་བའི་བསོད་ནམས་གུང་འཛོམས་པའི་རྟེན་འབྱུང་ཚོགས་ཤིང་དུས་ལ་བབ་པ་ལས་གཞན་དོན་གྱི་ཕྲིན་ལས་དུས་ལས་མི་ཡོལ་བར་བྱུང་སྟེ། མདོ་ལས། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སེམས་ཅན་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་གསུངས་པ་ལྟར། རང་རེའི་འདུས་སྡེ་ནས་སྤུངས་ཐང་དུ་བཤད་གྲྭ་འཛུགས་རྒྱུའི་བཀའ་ཆབ་དང་སྤྱན་འདྲེན་པའི་ཕོ་ཉ་བཅས་ཆེད་མངགས་ཀྱིས་འབྱོར་བ་ལས། སྟོན་པའི་འདས་ལོ༣༠༡༧དང་། སྤྱི་ལོ་༡༩༦༠རབ་བྱུང་༡༦པའི་ནང་གསེས་ལྕགས་བྱི་རང་ལུགས་ཀྱི་འདས་ལོ་༣༡༠ལ་སྤུངས་ཐང་བདེ་བ་ཅན་གྱི་དབུ་རྩེར་ཕྱག་ཕེབས། དེར་བློ་གསལ་སྐལ་ལྡན་གྱི་འདུས་པ་འགའ་ལ་དམ་པའི་ཆོས་ཀྱི་མཛོད་སྒོ་དབྱེ་ནས་ཐོག་མར་ངག་སྒྲོན་དང་སུམ་རྟགས། བཤེས་སྤྲིངས་དང་སྤྱོད་འཇུག་སོགས་ལོ་ངོ་གསུམ་གྱི་རིང་ལ་གདུལ་བྱ་སོ་སོའི་བློ་དང་འཚམས་པའི་ཆོས་ཚུལ་གྱིས་དཔྱོད་ལྡན་ཡིད་ཀྱི་བུང་བ་ཆོས་ཀྱི་སྦྲང་རྩིའི་བཅུད་དུ་སྨིན་པའི་བཀའ་དྲིན་མཛད། གདན་ས་ཕན་ཚུན་དུ་བཞུགས་རིང་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཕྱག་རྗེས་མི་དམན་པར་བཞག་པའི་གྲུབ་འབྲས། བརྡ་སྤྲོད་ངག་སྒྲོན་གྱི་འགྲེལ་པ། བཤེས་སྤྲིངས་མཆན་འགྲེལ་ལུང་གི་གཏེར་མཛོད། སྡོམ་གསུམ་རྒྱན་གྱི་མཆན་འགྲེལ་པད་དཀར་ཞལ་ལུང་སོགས་གསར་དུ་རྩོམ་སྟེ་རྨད་བྱུང་ལེགས་བཤད་ཀྱི་འོད་སྣང་ནགས་མོའི་ལྗོངས་སུ་བཀྱེ་བར་མཛད། དུས་དེ་ཙམ་ན་སྐལ་ལྡན་འགའ་དང་བཅས་པདྨའི་སྒྲུབ་གནས་མཱ་ར་ཏི་ཀ་གཉིས་པ་དགོན་ཡུལ་ཚེ་ཕུག་ཏུ་ཕེབས་ནས་ཚོགས་འབུམ་གསོག་བཞིན་བཞུགས་སྐབས་ཐོ་རངས་མནལ་ལམ་འོད་གསལ་གྱི་འཆར་སྒོ་ལ་གོང་བཞིན་སྔགས་པའི་ཆས་ཅན་ཞིག་མཇལ། དེ་ལ་རྗེ་བླ་མས་གང་དུ་བཞུགས་དང་ཅི་ལ་ཕེབས་ཞེས་ཞུས་པས་ཕ་ཀི་བྲག་ལ་སྡོད་པ་ཡིན་གསུངས། དེའི་ཞལ་ནས་ཁྱེད་འདིར་ཅི་བྱ་ཞེས་གསུངས་འདུག་པའི་ལན་འདྲ་ཞུས་པའི་མཚམས་ན་སང་ཉིན་གྱི་ཆོ་ག་སྐྱབས་མགོན་ངག་དབང་རྣམ་རྒྱལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་མཆོག་སྦྱིན་ཡིན་ཚུལ་ཞུས། དེའི་མོད་ལ་དཔེ་ཞིག་ཕྱག་ཏུ་བྱུང་བ་ཕུལ་བས་དེས་དབུ་ནས་ཞབས་ཀྱི་བར་ལན་གཅིག་སྒྲ་དག་གསལ་གསུམ་གྱིས་ཀློག་ནས་གསང་སྒྲུབ་བཟླས་པའི་མགོར་འཛབ་དགོངས་དགོས་ཚུལ་འདྲ་གསུངས་འཕྲོར་ལྷ་ཁང་ནས་ཆོས་དྲིལ་སྒྲོག་པའི་སྒྲས་མནལ་སད་ནས་རྨི་ལམ་གྱི་གཟིགས་སྣང་དེ་ཡང་མཐར་རང་ཡལ་ལོ། །རྗེ་ཉིད་ཀྱང་ཆོ་གའི་ཚོགས་དབུར་ཕེབས་ཏེ་དེ་དོན་ལ་ཐུགས་གཞིག་ཆུབ་པས་ཇི་ཞིག་ན་འཛབ་དགོངས་ཀྱི་ཚིག་རིས་རྣམས་ཐུགས་ལ་འཆར་བའི་མོད་ལ་ཤར་མར་ཡི་གེ་ལ་ཕབ་པ་འདི་ལྟར། ཧྲཱིཿ ངོ་བོ་གདོད་མའི་གཞི་ཡི་དཀྱིལ་འཁོར་དུ། །སྣང་སྟོང་དཔལ་ལྡན་བླ་མའི་རང་བཞིན་ལ། །བསྙེན་སྒྲུབ་འཛབ་ཀྱིས་ཐུགས་དམ་བསྐུལ་ལགས་ན། །བདག་ཅག་འགྲོ་བའི་དོན་དུ་སྐུར་བཞེངས་ཏེ། །འཆི་མེད་ཚེ་དང་ཡེ་ཤེས་སྩོལ་བ་དང་། །སྣང་བ་བླ་མར་ཁྱེར་བའི་ཏིང་འཛིན་གྱིས། །རྟག་བརྟན་འཕོ་མེད་རྡོ་རྗེའི་ལུས་གྲུབ་པའི། །གཞོམ་མེད་སྐུ་ཡི་དངོས་གྲུབ་བདག་ལ་ཞུ། །ཨོཾ་ཨཱཿགུ་རུ་ཝ་གིནྡྲ་བི་ཛ་ཡ་ཨ་ཡུཛྙཱ་ན་སིདྡྷི་ཧཱུཾ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨོཾ་ཨ་མ་རཱ་ནི་ཛཱི་ཝནྟེ་ཡེ་སྭཱ་ཧཱ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །གྲགས་སྟོང་ནཱ་དའི་སྔགས་ཀྱི་རང་སྒྲ་ལ། །བསྙེན་སྒྲུབ་འཛབ་ཀྱིས་ཐུགས་དམ་བསྐུལ་ལགས་ན། །བདག་ཅག་འགྲོ་བའི་དོན་དུ་སྐུར་བཞེངས་ཏེ། །འཆི་མེད་ཚེ་དང་ཡེ་ཤེས་སྩོལ་བ་དང་། །སྒྲ་གྲགས་སྔགས་སུ་ཁྱེར་བའི་ཏིང་འཛིན་གྱིས། །ཟབ་གསང་འཛད་མེད་རྡོ་རྗེའི་ངག་གྲུབ་པའི། །འགག་མེད་གསུང་གི་དངོས་གྲུབ་བདག་ལ་ཞུ། ཨོཾ་ཨཱཿགུ་རུ་ཝ་གིནྡྲ་བི་ཛ་ཡ་ཨ་ཡུཛྙཱ་ན་སིདྡྷི་ཧཱུཾ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨོཾ་ཨ་མ་རཱ་ནི་ཛཱ་ཝནྟེ་ཡེ་སྭཱ་ཧཱ། ཐུགས་རྗེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །རིག་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ། །བསྙེན་སྒྲུབ་འཛབ་ཀྱིས་ཐུགས་དམ་བསྐུལ་ལགས་ན། །བདག་ཅག་འགྲོ་བའི་དོན་དུ་སྐུར་བཞེངས་ཏེ། །འཆི་མེད་ཚེ་དང་ཡེ་ཤེས་སྩོལ་བ་དང་། །དྲན་རིག་ཆོས་སྐུ་ཁྱེར་བའི་ཏིང་འཛིན་གྱིས། །རང་བྱུང་རྟོག་མེད་རྡོ་རྗེའི་ཡིད་གྲུབ་པའི། །གཡོ་མེད་ཐུགས་ཀྱི་དངོས་གྲུབ་བདག་ལ་ཞུ། ཨོཾ་ཨཱཿགུ་རུ་ཝ་གིནྡྲ་བི་ཛ་ཡ་ཨ་ཡུཛྙཱ་ན་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨོཾ་ཨ་མ་རཱ་ནི་ཛཱི་ཝནྟེ་ཡེ་སྭཱ་ཧཱ། མཚན་མེད་ཡེ་ཤེས་འབྱུང་བའི་དཀྱིལ་འཁོར་དུ། །བདེ་སྟོང་བྲལ་དང་སྨིན་པའི་རང་བཞིན་ལ། །བསྙེན་སྒྲུབ་འཛབ་ཀྱིས་ཐུགས་དམ་བསྐུལ་ལགས་ན། །བདག་ཅག་འགྲོ་བའི་དོན་དུ་སྐུར་བཞེངས་ཏེ། །འཆི་མེད་ཚེ་དང་ཡེ་ཤེས་སྩོལ་བ་དང་། །མང་ཐོས་གདམས་པར་ཤར་བའི་ཏིང་འཛིན་གྱིས། །ཤེས་བྱ་འགལ་མེད་རྟོགས་པའི་མཐུ་གྲུབ་པའི། །སྒྲིབ་མེད་ཡོན་ཏན་དངོས་གྲུབ་བདག་ལ་ཞུ། ཨོཾ་ཨཱཿགུ་རུ་ཝ་གིནྡྲ་བི་ཛ་ཡ་ཨ་ཡུཛྙཱ་ན་སིདྡྷི་ཧཱུཾ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨོཾ་ཨ་མ་རཱ་ནི་ཛཱི་ཝནྟེ་ཡེ་སྭཱ་ཧཱ། མཚན་བཅས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ། །གསལ་སྟོང་གཙོ་འཁོར་སྣང་བའི་རང་བཞིན་ལ། །བསྙེན་སྒྲུབ་འཛབ་ཀྱིས་ཐུགས་དམ་བསྐུལ་ལགས་ན། །བདག་ཅག་འགྲོ་བའི་དོན་དུ་སྐུར་བཞེངས་ཏེ། །འཆི་མེད་ཚེ་དང་ཡེ་ཤེས་སྩོལ་བ་དང་། །བཟླས་བརྗོད་རྩེ་གཅིག་སྒྲུབ་པའི་ཏིང་འཛིན་གྱིས། །གཞན་དོན་རྩོལ་མེད་འབྱུང་བའི་མཐུ་གྲུབ་པའི། །ཐོགས་མེད་འཕྲིན་ལས་དངོས་གྲུབ་བདག་ལ་ཞུ། ཨོཾ་ཨཱཿགུ་རུ་ཝ་གིནྡྲ་བི་ཛ་ཡ་ཨ་ཡུཛྙཱ་ན་སིདྡྷི་ཧཱུཾ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨོཾ་ཨ་མ་རཱ་ནི་ཛཱི་ཝནྟེ་ཡེ་སྭཱ་ཧཱ། ཞེས་སྦྱར་བ་དེ་ཉིན་རང་ཚོགས་སུ་འདོན་པ་གྲུབ་པས་རྟེན་འབྲེལ་གྱི་གནད་ལ་དགོངས་ནས་ཕྱིན་ཆད་བཅོས་པའང་མ་མཛད་གསུངས། དེ་ལྟར་ཡང་རྗེ་བླ་མས། འདུས་སྡེའི་བཀའ་བཞིན་རང་གི་གྲྭ་ཚང་དུ། །སློབ་གྲྭ་ཐོག་མར་བཙུགས་ཏེ་ལོ་གསུམ་བར། །གཞན་དབང་སྒྲོག་གིས་ཟིན་ཏེ་གནས་པའི་སྐབས། །དག་ཡིག་འབྲུ་འགྲེལ་སུམ་རྟགས་བསྡུས་སྡོམ་དང་། །བཤེས་སྤྲིངས་འགྲེལ་པ་ལ་སོགས་གསར་དུ་བྲིས། །ཞེས་གསུངས་པ་བཞིན་ནོ། །

དེ་ནས་སྙིགས་མའི་རང་མདོག་ཆེ་ཆེར་རྒྱས་དུས་དགེ་འདུན་ལའང་ཉམས་ཉེས་བྱུང་ཚུལ་སོགས་གསུང་རྩོམ་ཆོས་ཀྱི་རང་བཞིན་དང་མཐུན་པར་ལྷུག་པར་གནང་བ་གོང་སའི་གཟིགས་ལམ་དུ་བསྟར་བས་མི་མཉེས་པའི་རྐྱེན་དམ་ཆོས་སྒྲུབ་པའི་གྲོགས་སུ་ཤར་ནས་ཐབས་ཀྱིས་འདུས་སྡེ་ནས་རང་ཟུར་མཛད་དེ་སྟག་ཚང་འོད་གསལ་སྒང་ལ་སོགས་པའི་བས་མཐའ་ཉུལ་ཏེ་ལོ་ངོ་གཉིས་ཙམ་བཞུགས། དེ་དུས་ཀྱང་ཆོས་ལ་དོན་གཉེར་ཅན་གྱི་སྐྱེ་བོ་དག་ལ་རིག་གཞུང་གི་བསླབ་སྟོན་དང་འབྲེལ་ནས་གསར་རྩོམ་འགའ་རེ་དང་དག་སྣང་བླ་སྒྲུབ་ཀྱི་ལྗགས་བསྙེན་སོགས་ཐུགས་དམ་ཆག་མེད་ལ་བརྩོན། དེ་ནས་སྦྱིན་བདག་འགས་གསོལ་བ་བཏབ་སྟེ་ཀུན་གླིང་ཆོས་ཀྱི་དགའ་ཚལ་དུ་བཞུགས་སྒར་ཕབ། ཕྱོགས་ཕྱོགས་ནས་འདུས་པའི་བློ་གསལ་དག་ལ་ཐུན་མོང་ཐུན་མིན་གྱི་གཞུང་བཤད་དང་བསྐྱེད་རིམ་གྱི་མན་ངག་སོགས་འདོད་མོས་ལྟར་བསྩལ་བར་མཛད། དེ་དུས་སྐྱབས་རྗེ་མཁྱེན་སྤྲུལ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ནས་སྙིང་ཐིག་ཡ་བཞི་དང་། ལྕེ་བཙུན་སྙིང་ཐིག་སོགས་གསན་བཞེས་མཛད་པས་ཀ་དག་སྟོང་པའི་འོད་གསལ་ཡིད་དཔྱོད་དང་ཉམས་ཞེན་གྱིས་མ་བསླད་པར་གཉུག་མའི་འདུག་ཚུལ་ཇི་བཞིན་གཟིགས། རང་གི་ཉམས་བཞེས་ཀྱི་ཆེད་དུ་པཎ་ཆེན་བི་མ་མི་ཏྲ་དང་། རིག་འཛིན་པད་མ་འབྱུང་གནས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་སོགས་པའི་བླ་སྒྲུབ་ཀྱི་རྒྱུན་ཁྱེར་ཚིག་དོན་ཟབ་ལ་བརླིང་བ་རྣམས་ཀྱང་ཡི་གེར་བཏབ། ཡུམ་རྒན་མོ་དེ་ཡང་མཉམ་བཞུགས་སུ་ཡོད་པ་ལས་གང་དུ་གནས་ཀྱང་འདུས་བྱས་མཐའ་བཞིའི་རྭ་བ་ལས་མ་འདས་པས་བགྲང་བྱ་དྲུག་ཅུ་རྩ་བཞི་ལ་ལྔ་ལམ་དུ་ཞུགས་སོ། །ཕུང་པོ་ཞུགས་སྦྱངས་དང་ངན་སོང་སྦྱོང་བའི་གཟུངས་སྔགས་འདོན་པ་སོགས་དགེ་རྩ་རྒྱུན་རིང་དུ་བསྒྲུབས་པའི་མཛད་སྒོའི་རིགས་མཐའ་དག་སྙིང་རྗེ་ཆེན་པོས་རྒྱ་མི་དམན་པར་བསྒྲུབས་པར་བྱས་སོ། །ལྟར་སྣང་གཞན་དོན་ཆོས་ལྟར་བཅོས་པའི་རྣམ་གཡེང་གི་བྲེལ་ཟིང་ཡང་ལོ་གཅིག་ལས་གཉིས་ཆེ་རུ་སོང་བས་ཐུགས་སུན་ཕྱུང་བ་དང་། ཡུམ་རྒན་མོའི་དྲིན་ལན་ལོན་པ་སོགས་དགོས་ཆེད་དུ་མ་ལ་དམིགས་ནས་དགུང་གྲངས་བཞི་བཅུ་བཞེས་པའི་ཤིང་སྦྲུལ་ལ་སླར་ཡང་ལོ་གསུམ་ཕྱོགས་གསུམ་གྱི་སྤོང་བའི་བརྟུལ་ཞུགས་བཟུང་བའི་རྡོ་རྗེའི་སྒོ་གླེགས་སྡོམ་པར་མཛད། དེ་སྐབས་བླ་མ་དྲག་པོ་ཀི་ལ་ཡ་དང་། མི་འཁྲུགས་པ་ལྷ་བཅུ་གསུམ་མའི་ལྗགས་བསྙེན་སོགས་གནང་ཞིང་། དཔལ་ཡེ་ཤེས་མགོན་པོའི་ཕྱི་ནང་གསང་བའི་སྒྲུབ་པ་བཀའ་རྒྱ་མ་ལྟར་ཉམས་བཞེས་མཛད་སྐབས་ནང་གི་ཉམས་རྟོགས་རྣམས་གསང་རྒྱ་མཛད་དེ་གཞན་ལ་མ་གསུངས་ཀྱང་བསྙེན་ཡིག་རྣམས་ལས་ཆོས་སྐྱོང་མཉེས་པའི་བསྙེན་རྟགས་སུ་བཤད་པ་དང་མཐུན་པར་ཕྱི་རོལ་དུ་བྱ་རོག་ཡང་ཡང་བབ་པ་དེ་དུས་ཀྱི་ཉེ་གནས་དག་གི་ངག་ལས་ཐོས་སོ། །རྗེས་ཐོབ་ཀྱི་གནས་སྐབས་སུ་རྗེ་རང་ལའང་བཀའ་དང་བསྟན་བཅོས་ལས་བཤད་པའི་དོན་ཐམས་ཅད་རྒྱུད་ཐོག་ཏུ་སྦྱར་དགོས་པའི་སྐུལ་མ་ཕྱག་བྲིས་སུ་གནང་བ་འདི་ལྟར། ཞི་བ་གཏན་གྱི་དོན་ཆེན་སྒྲུབ་དུས་འདིར། །སྲིད་པའི་རྡུལ་ཕྲན་བགྲང་དུ་མི་ཁོམ་གྱི། །དོན་མེད་བྱ་བའི་ཟར་ཟིར་མ་མང་བར། །བློ་སྣ་སྤྲོས་པ་སྐྱུངས་ཤིག་བྲག་ཕུག་པ། །བློ་བྲལ་གཤིས་ལ་བཞག་ན་ཞི་བའི་ངང་། །ཟིན་མེད་བྱ་བའི་འབྲེལ་སྣང་འཁོར་བའི་རྒྱུ། །དེ་ཕྱིར་སྲིད་དང་ཞི་བའི་ས་མཚམས་འདིར། །རྣལ་མའི་ལམ་ལ་ཟུངས་ཤིག་བྲག་ཕུག་པ། །ཐ་མལ་ཤེས་པ་སྐྱོང་བའི་དུས་ཚོད་འདིར། །རྟོག་དཔྱོད་ཚེ་འདིའི་ཤོམ་རྭ་རྒྱ་བསྐྱེད་ནས། །དྲན་ཚད་འཁྲུལ་པའི་ཁ་བསྣོན་མ་འདེབས་པར། །གང་ཤར་དྲན་པས་སྐྱོངས་ཤིག་བྲག་ཕུག་པ། །ཕྱི་ནས་དམ་དམ་འདྲ་བའི་སྒོ་བསྡམས་ནས། །ནང་དུ་སེམས་ཀྱིས་རྒྱལ་ཁམས་མ་བསྐོར་བར། །ཐུན་དང་ཐུན་མཚམས་མཉམ་རྗེས་ཡེངས་མེད་ཀྱི། །ཉམས་ལེན་སྙིང་པོ་ལེན་ཅིག་བྲག་ཕུག་པ། །ད་ལྟ་ལྐོག་ཏུ་རང་སྐྱོན་འདུལ་བའི་དུས། །གཞན་སྐྱོན་མཐོང་ཡང་གཞན་གྱི་སྐྱོན་མ་ལགས། །རང་སྣང་མ་དག་ལས་ཀྱིས་སྣང་བ་ཡིན། །རང་མཚང་ངན་པ་ཐུལ་ཅིག་བྲག་ཕུག་པ། །རང་རྒྱུད་སྣུམ་ཀོ་གྱོང་པོ་མ་འདུལ་ན། །གཞན་རྒྱུད་མི་ཐུལ་བློ་ངན་བླུན་པོ་ཁྱོད། །མཁས་པར་རློམས་ནས་ཆོས་གཏམ་མ་བཤད་པར། །ཡོན་ཏན་ཁོང་དུ་སྦོས་ཤིག་བྲག་ཕུག་པ། །མི་ཆོས་ལང་ཚོ་མཛེས་པའི་དུས་ཚོད་འདིར། །མི་མང་ཁྲོད་དུ་ཁྱི་བཞིན་མ་རྒྱུག་པར། །མི་མེད་རི་ཁྲོད་ཞི་བའི་དབེན་ཁང་ན། །ལྷ་ཆོས་སྙིང་པོ་ལོན་ཅིག་བྲག་ཕུག་པ། །ཕྲལ་བྱུང་རྣམ་རྟོག་ངན་པའི་རྗེས་འབྲངས་ནས། །ཚེ་འདིར་སྐྱིད་འདོད་རེ་བའི་ཡིད་སྨོན་གྱིས། །མིག་བུ་བཙུམས་ནས་གཡང་ལ་མ་མཆོང་བར། །རང་ཚུགས་བརྟན་པོར་ཟུངས་ཤིག་བྲག་ཕུག་པ། །ད་རེས་ཐོས་དོན་ཉམས་སུ་ལེན་པའི་དུས། །དགེ་སྦྱོར་རྣམ་གཡེང་རླུང་ལ་མ་བསྐུར་བར། །མགོ་འམ་གོས་ལ་མེ་ཤོར་བཟློག་པ་ལྟར། །གུས་རྟག་བརྩོན་པ་རྩོམས་ཤིག་བྲག་ཕུག་པ། །ལྷ་དང་བླ་མར་བསྙེན་ཅིང་སྒྲུབ་དུས་ཀྱང་། །རང་སེམས་བཟོ་མེད་འདི་ལས་ལོགས་ཤིག་ཏུ། །ཞལ་ཕྱག་མཚན་མར་འཛིན་ཏེ་མ་ཞེན་པར། །སྣང་སྟོང་དབྱེར་མེད་སྒོམས་ཤིགས་བྲག་ཕུག་པ། །བཟླ་དུས་དྲན་པ་མེད་པའི་ཚིག་སྐམ་གྱིས། །ཕྲེང་བའི་གྲངས་འཛིན་གཙོ་བོར་མ་བསྟེན་པར། །སྣང་གྲགས་རྟོག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི། །རོལ་པར་དྲན་ཏེ་སྒྲོངས་ཤིག་བྲག་ཕུག་པ། །ད་ལྟའི་ཐ་མལ་སྣང་ཞེན་ལྡོག་པའི་ཕྱིར། །བསྐྱེད་རིམ་ལྷ་ཡི་དག་དྲན་སྒོམ་པའི་དུས། །མ་དག་ལུས་ལ་མཚན་མར་མ་འཛིན་པར། །ལྷ་ཡི་ང་རྒྱལ་སྒོམས་ཤིག་བྲག་ཕུག་པ། །བསྐྱེད་རིམ་ཞལ་ཕྱག་འཛིན་པ་དག་པའི་ཕྱིར། །རྫོགས་རིམ་སྤྲོས་མེད་རྣལ་འབྱོར་བསྒོམ་པའི་ཚེ། །བློས་བྱས་བཅོས་མའི་སྟོང་པར་མ་བསྒོམ་པར། །མ་བཅོས་གཤིས་ལ་ཞོག་དང་བྲག་ཕུག་པ། །གཟའ་གཏད་བྲལ་བ་ལྟ་བའི་རྒྱལ་པོ་ཡིན། །མ་ཡེངས་པ་ནི་སྒོམ་གྱི་བླ་མ་ཡིན། །མ་འཁྲུལ་པ་ནི་སྤྱོད་པའི་སློབ་དཔོན་ཡིན། །དེ་གསུམ་གནད་དུ་སྨིན་དང་བྲག་ཕུག་པ། །དེ་ལྟར་རང་ལྐོག་རང་གིས་མ་བཙུགས་ན། །རང་ལ་གྲོས་འདེབས་བྱེད་མཁན་སུ་འདུག་ཀྱེ། །རང་དྲིན་རང་ལ་ཆེ་བའི་གྲོས་ཐེབས་ཤིག །སྤྲང་པོ་བྲག་གི་མིང་ཅན་ཉིད་ལ་གདམས། །ཞེས་གདམས་པར་མཛད་ཚུལ་རྗེ་བླ་མའི་ཕྱག་བྲིས་དངོས་ལས་བཤུས་པའོ། །དུས་རྣམ་ཀུན་ཏུ་རྫོགས་རིམ་མཚན་མེད་ཀྱི་གནས་ལུགས་སྒོམ་མེད་ཡེངས་མེད་དུ་བསྐྱངས་པས་དངོས་གྲུབ་རྣམ་གཉིས་ལ་མངའ་དབང་བསྒྱུར་ནས་ཚེ་འདིར་རྡོ་རྗེ་འཛིན་པའི་གོ་འཕང་ལ་ཞབས་སོར་འཁོད་པར་མཛད། དེ་སྐབས་མཐུ་ཆེན་བླ་མའི་སྒྲུབ་ཐབས་ཀྱི་ཆ་ལག་དུ་མ་དང་ཤིན་ཏུ་མཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་སོགས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཇི་སྙེད་ཅིག་གཏན་ལ་ཕབ་ནས་ཡིག་རིས་སུ་བཀོད་དེ་བསྟན་པའི་རྒུད་པ་གསོ་བའི་མཛད་བཟང་གིས་དུས་འདའ་བར་བྱས་སོ། །

དེ་ལྟར་ཡང་རྗེ་བླ་མས། སྐབས་དེར་གཞུང་དུ་བཤད་གྲྭ་འཛུགས་པ་ལས། །རང་གི་སྣ་ཐག་མི་ལ་མ་གཏད་པར། །མགོ་ལ་དཀྲིས་ཏེ་དགོན་ས་བསྐོར་བའི་མཐར། །སྤ་གྲོ་ཀུན་གླིང་ཆོས་ཀྱི་དགའ་ཚལ་དུ། །རང་ལྟོས་སྐྱེ་བོ་འགའ་ལ་བསླབ་སྟོན་རེ། །བྱས་ཀྱང་དོན་དུ་འགྱུར་བ་མེད་མཐོང་ནས། །ལོ་གསུམ་སྤོང་བའི་བརྟུལ་ཞུགས་བཟུང་བ་ན། །རིམ་གཉིས་ཟབ་མོའི་ལམ་ལ་ངེས་པ་བརྙེས། །མཐུ་ཆེན་བླ་མའི་སྒྲུབ་ཐབས་ལས་ཚོགས་དང་། །ཐུན་མིན་བླ་མའི་རྣལ་འབྱོར་གཏན་ལ་ཕབ། །ཅེས་གསུངས་པ་བཞིན་ནོ། །དགུ་གྲངས་ཞེ་གསུམ་བཞེས་པའི་ས་སྤྲེལ་ལ་ཐུགས་དམ་ཟུང་འཇུག་ཆེན་པོའི་ཕྱི་ནང་གསང་བའི་བཅད་རྒྱ་ལས་བཞེངས་ནས་དད་ལྡན་གྱི་འཁོར་ལ་ཆོས་ཀྱི་བདུད་རྩི་ཅི་དགར་འགྱེད་བཞིན་བཞུགས་སྐབས་ཞལ་གདམས་ཚིགས་སུ་བཅད་པ་འདི་གནང་བར་མཛད་དེ། ཀྱེ་མ། དུས་ངན་སྙིགས་མའི་ལང་ཚོ་དར་བའི་མཐུས། །ཆོས་ཀྱི་སྣང་བ་ཕལ་ཆེར་དབྱིངས་སུ་ཡལ། །ཆོས་མིན་སྤྱོད་པས་འཇིག་རྟེན་གང་བའི་དུས། །བློ་སེམས་ཆོས་ལ་ཐོངས་ཤིག་སྙིང་གི་བུ། །འདིར་སྣང་ལས་ཀྱི་འཁྲུལ་སྣང་བདེ་སྡུག་ཀུན། །གང་ལ་བསམས་ཀྱང་ཡིད་བརྟན་མི་འདུག་པས། །ཅོལ་ཆུང་བྱ་བས་རང་མགོ་མི་བསྐོར་བར། །བློ་ཕུགས་ཆོས་ལ་གཏོད་ཅིག་སྙིང་གི་བུ། །ཟིན་མེད་བྱ་བའི་འབྲེལ་སྣང་མང་བ་དེ། །གཏན་བདེ་ལག་རྩེར་སོན་པའི་གེགས་ཡིན་པས། །ཁེ་ཉེན་ཤེས་དུས་གདམས་ཀ་མ་ལོག་པར། །བློ་སེམས་ནང་དུ་ཁུག་ཅིག་སྙིང་གི་བུ། །ཡིད་བཞིན་ནོར་བུ་ལྟ་བུའི་དལ་རྟེན་འདི། །སྟབས་ལེགས་ཙམ་དུ་རྙེད་པའི་དུས་ཚོད་འདིར། །ཆོས་མིན་བྱ་བས་ཆུད་ཟོས་མ་བཏང་བར། །ལྷ་ཆོས་སྙིང་པོ་ལོན་ཅིག་སྙིང་གི་བུ། །རླུང་གསེབ་མར་མེ་ལྟ་བུའི་མི་ཚེ་འདི། །ཡུན་རིང་གནས་པའི་ངེས་པ་མི་གདའ་བས། །གཏན་དུ་འཚོ་བའི་གྲབས་གཤོམ་མི་བྱེད་པར། །ཕྱི་མའི་དོན་ཆེན་སྒྲུབས་ཤིག་སྙིང་གི་བུ། །ལུས་ཀྱི་གྲིབ་མ་འདྲ་བའི་ལས་འབྲས་འདི། །ས་བོན་ཕྲ་བའང་བདེ་སྡུག་མི་བསླུ་བས། །དགེ་སྡིག་བླང་དོར་རྣར་གཟོན་མི་བྱེད་པར། །སྤང་བླང་ཞིབ་ཏུ་དཔྱོད་ཅིག་སྙིང་གི་བུ། །བཟོད་དཀའ་མེ་འོབས་ལྟ་བུའི་འཁོར་བ་འདི། །སྡུག་བསྔལ་དུ་མའི་འབྱུང་ཁུངས་ལགས་པའི་ཕྱིར། །དེ་ལ་དགའ་བའི་ཡིད་བརྟན་མ་འཆའ་བར། །སྲིད་པར་ངེས་འབྱུང་སྐྱེད་ཅིག་སྙིང་གི་བུ། །ནོར་བུའི་གླིང་བཞིན་ཐར་པའི་ཡོན་ཏན་འདི། །ཕན་བདེའི་འབྱུང་གནས་འཁྲུལ་མེད་ལགས་པའི་ཕྱིར། །ལམ་བཟང་མཐོང་དུས་གཡང་ལ་མ་མཆོང་བར། །ཐར་ལམ་སྤར་འཛིན་བྱེད་ཅིག་སྙིང་གི་བུ། །ལམ་སྟོན་ས་མཁན་ལྟ་བུའི་བཤེས་གཉེན་འདི། །རྟ་བོང་མིའི་ཁྱུར་བཙུད་པའི་དྲིན་ཅན་ཡིན། །མཉམ་གྲོགས་མཐོང་ནས་མཉམ་ཚོད་མི་བྱེད་པར། །ཚུལ་བཞིན་གུས་པས་བསྟེན་ཅིག་སྙིང་གི་བུ། །ཚུལ་མཐུན་གུས་པས་ལེགས་པར་བསྟེན་གྱུར་ན། །ཐོས་པའི་ནོར་གྱིས་ཕོངས་སྙམ་བདག་ལ་མེད། །འོན་ཀྱང་དེང་སང་བླུན་པོའི་ཁྲོད་དུ་ནི། །རིན་ཆེན་ཕྱག་དར་ཁྲོད་དུ་ལྷུང་བ་ལྟར། །བརྟགས་ནས་ལེགས་ཉེས་དཔྱོད་པའི་བློ་མེད་པར། །ཁོ་བོའང་སྙིང་ནས་སྐྱོ་བའི་འོས་སུ་གནས། །ད་ནི་ཐོས་བསམ་ཡང་དག་བྱེད་འདོད་ན། །ཁོ་བོས་སྙིང་གཏམ་འགའ་ཞིག་བཤད་ཀྱིས་ཉོན། །བསྐལ་མང་ཐོས་པར་དཀའ་བ་དམ་པའི་ཆོས། །ཚིག་གཅིག་སྒྲ་འཛིན་ལམ་དུ་ཐོས་པས་ཀྱང་། །ཐར་པའི་ས་བོན་ཐེབས་པས་ཐོས་བསམ་ལ། །ནན་ཏན་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །སངས་རྒྱས་ཡོན་ཏན་རྒྱུད་ལ་སྦྱངས་དུས་འདིར། །འཁོར་བའི་བྱ་བཞག་བསྒྲུབ་ཏུ་མི་ཁོམ་གྱིས། །ཐོས་པས་དོན་ཆེན་སྒྲུབ་དུས་དོན་མེད་ཀྱི། །བྱ་བ་སྤོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཅན། །དགའ་ལོ་སྐྱིད་ལོ་ཙམ་གྱིས་ཤེས་དཀའ་བས། །མགོ་འམ་གོས་ལ་མེ་ཤོར་བཟློག་པ་ལྟར། །གུས་རྟག་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །གང་ཞིག་སྟོན་པ་པོ་དང་དེའི་བསྟན་པར། །དང་འདོད་ཡིད་ཆེས་སྒོ་ནས་དད་བྱེད་ན། །དེ་ཡི་འདོད་པ་མི་འགྲུབ་མི་སྲིད་པས། །དད་ཅིང་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །ཚུལ་གནས་ཐོས་བསམ་སྒོམ་པ་གང་ལ་ཡང་། །ཚེ་འདིར་ཞེན་པའི་བློ་དང་འབྲེལ་ན་ནི། །བྱང་ཆུབ་རྒྱུ་རུ་མི་འགྲོ་རྣ་ཆོས་དོར། །སེམས་ཆོས་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །རྣམ་མཁྱེན་ཐོབ་པ་མིན་ཞེས་གསུངས་པས་ན། །མདོ་སྔགས་གཞུང་ལུགས་ཀུན་ལ་ཡེངས་མེད་དུ། །ཐོས་བསམ་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །ཤེས་བྱ་ནམ་མཁའི་གཟའ་སྐར་ལྟར་མང་ཡང་། །རང་བློས་དཔག་པའི་ཐོས་པ་ཞིག་མེད་ན། །སྲིད་པར་དེ་བས་རྨོངས་པ་གཞན་མ་ལགས། །གང་ཤེས་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །སྔོན་བྱོན་ལོ་པཎ་གྲུབ་པའི་སྐྱེས་བུ་རྣམས། །ཆོས་ཕྱིར་རང་གི་སྐུ་སྲོག་ཀྱང་གཏོང་ན། །ད་ལྟ་རང་ཅག་མཐུན་རྐྱེན་ཚོགས་པའི་དུས། །སྤྲོ་བས་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །རང་མགོ་རང་གིས་བསྐོར་ཏེ་མ་བསྡད་པར། །ཉལ་ལོངས་གཉིས་ལ་བསམ་གཞིབ་ལེགས་བཅུགས་ཏེ། །རང་ལྐོག་རང་གིས་བཙུགས་ཏེ་རང་ཉིད་ལ། །རང་ཕན་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །རང་དྲིན་རང་ལ་ཆེ་བའི་གྲོས་མེད་ན། །ཁོ་བོས་ཇི་ལྟར་སྨྲས་ཀྱར་དོན་མ་མཆིས། །རང་ཕན་རང་གིས་བྱེད་པའི་བློ་ཡོད་ན། །ཚིག་འདི་ཡིད་ལ་འཆང་ན་སྙིང་གཏམ་ཡིན། །སྙིང་མེད་ན་ནི་སྙིང་གཏམ་བཤད་ན་ཡང་། །དགོས་པའམ་དོན་དུ་འགྱུར་བ་ཅང་མ་ལགས། །ལེགས་ཉེས་འབྱེད་པའི་སྙིང་ཞིག་ཡོད་ན་ནི། །སྙིང་ལ་མཆོང་རན་རན་ཏེ་བཅང་འཚལ་ལོ། །ཞེས་གདམས་པར་མཛད་པས་འཁོར་སློབ་རྣམས་ཀྱང་ལེ་ལོའི་གཡེང་བ་སྤངས་ཏེ་དམ་པའི་ཆོས་ལ་བརྩོན་ཞིང་འགྲུས་པ་འཕེལ་ནས་ཡོད་སྐབས་ཐིམ་ཕྱོགས་བདེ་གླིང་དགོན་པར་གྲུབ་དབང་བསོད་ནམས་བཟང་པོའི་ཞབས་ནས་རང་ལུགས་དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་བཀའ་དབང་གནང་ཚུལ་གསན་པས་དེར་ཕྱོགས་སུ་ཕེབས། ཐོག་མར་སྔོན་འགྲོ་སྟ་གོན་གྱི་རིམ་པ་ནས་བཟུང་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྨིན་ལམ་བསྐུར་ཐོབ་དང་ལྡན་པ་མཐར་ཆགས་སུ་གསན། སྒེར་དུ་བླ་མ་རང་གིས་གསོལ་བ་བཏབ་པའི་ངོར་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་ཉམས་རྟོགས་ཀྱི་ཁྱད་པར་འབྱེད་པའི་ཁྲིད་ཀྱི་དམིགས་རྐང་རྣམས་ཡོངས་སུ་རྫོགས་པའི་དགོངས་ཁྲིད་ཟབ་མོ་དང་། ཐབས་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་ལུང་ཡང་བསྩལ་ནས་སྐལ་ལྡན་གྱི་འདུས་པ་ཕྱིས་བྱོན་གཞན་ལ་ཕྱག་ཆེན་ཆོས་དྲུག་གི་དོན་ཁྲིད་བཏབ་ནས་རྗེས་སུ་བཟུང་དགོས་པའི་བཀའ་བཟང་རིན་ཆེན་དང་པོའི་ཅོད་པན་གཙུག་གི་རྒྱན་དུ་བཀོད་དེ་དོན་བརྒྱུད་བསྟན་པའི་བདག་པོར་མངའ་གསོལ་བར་མཛད། དེ་ནས་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་ཞབས་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ནུབ་ཀའི་གྲིབ་སོ་ལྟ་བུར་གྱུར་ལ་མ་བཟོད་པར་བསྟན་པའི་རྒུད་པ་གསོ་བའི་ཐུགས་བསྐྱེད་རླབས་ཆེན་གྱིས་གདན་འདྲེན་ཏེ། དགུང་གྲངས་ཞེ་ལྔ་བཞེས་པའི་ལྕགས་ཁྱི་ལ་དཔལ་འབྲུག་པའི་བསྟན་པའི་ཆུ་འགོ་ཐོག་མར་བྱུང་བའི་གནས་ཆེན་རྟ་མགོ་ཆོས་དབྱིངས་ཕོ་བྲང་གྲུབ་པའི་བསྟི་གནས་ག་ལ་བར་ཞབས་སོར་བསྐྱོད། དེར་བློ་གསལ་སྐལ་ལྡན་གྱི་ཚོགས་ལ་བརྡ་དག་གི་བསྟན་བཅོས་ངོ་མཚར་འཕྲུལ་གྱི་ལྡེ་མིག་དང་། བརྡ་སྤྲོད་ངག་གི་སྒྲོན་མ། སུམ་རྟགས་ཀྱི་དོན་བསྡུས་སི་ཏུའི་དགོངས་རྒྱན། རྟོགས་ལྡན་ལྷག་བསམ་གྱིས་མཛད་པའི་སུམ་འགྲེལ་སྣང་བ་དམ་པ། བོད་མཁས་པས་མཛད་པའི་སྙན་འགྲེལ་ལེའུ་བར་པ་སོགས་རིག་གནས་ཀྱི་སྐོར་དང་། རྩ་འཇུག་བཞི་སྤྱོད་སོགས་དབུ་མའི་སྐོར། རྒྱུད་བླ་མ་སོགས་བྱམས་ཆོས་ཀྱི་སྐོར། སོར་མདོ་དང་སྡོམ་གསུམ་སོགས་འདུལ་བའི་སྐོར། བླ་སྒྲུབ་དང་བདེ་མཆོག་སོགས་བསྐྱེད་རིམ་གྱི་སྐོར་བཅས་ཐུན་མོང་དང་ཐུན་མིན་གྱི་ལེགས་བཤད་སྔ་ཕྱི་དལ་འགྲོའི་རྒྱུན་བཟང་ཕབ་ནས་བློ་གསལ་ཡིད་ཀྱི་བུམ་བཟང་འགེངས་པར་མཛད། དབུ་འཇུག་གི་བཀའ་ཁྲིད་གནང་སྐབས་རང་ཅག་ཐོས་བསམ་ལ་བརྩོན་འགྲུས་ཆུང་ནས་སྙོམས་ལས་སུ་གནས་པ་ལ་བསྐུལ་མ་འདི་ལྟར་གདམས་པ་གནང་སྟེ། ཀ་ནས་ལས་ཀྱིས་འབྲེལ་བའི་སློབ་བུ་ཚོ་གསོན་དང་། །ཁ་ཞེ་མེད་པའི་བརྩོན་པ་ཆེན་པོ་ཞིག་མེད་ན། །ག་ནས་བལྟས་ཀྱང་གོ་ལོ་ཐོས་ལོ་ཙམ་ཡིན་པས། །ང་ཡི་སྙིང་གཏམ་འདི་ལ་ཉམས་བཞེས་ཤིག་མཛོད་ཅིག །ཅ་ཅོ་བྲེ་མོའི་གཏམ་ལ་ཟད་པ་ནི་མིན་འདུག །ཆ་རོགས་ངན་པའི་རྗེས་སུ་གླེང་བ་ནི་མ་མང་། །ཇ་སོགས་ཟས་དང་གཉིད་ལ་སྤྱོད་དུས་ནི་མིན་པས། །ཉ་རྒྱས་ཟླ་བ་གྲགས་པའི་གཞུང་ལུགས་དང་མཇལ་དུས། །ཏ་ཐཱ་ག་ཏའི་དགོངས་དོན་འགལ་མེད་དུ་རྟོགས་དགོས། །ཐ་སྙད་ཚིག་ལ་སྦྱངས་དུས་བརྩོན་པ་ཞིག་མེད་ན། །ད་ལྟ་དབུ་མའི་གྲུབ་མཐའ་ཕྱོགས་ཙམ་ཡང་མི་ལོན། །ན་མར་གུས་དང་སྦྱོར་བའི་བརྩོན་འགྲུས་ལ་འབུངས་དགོས། །པཱ་ར་མི་ཏཱ་གཉིས་མེད་རང་བྱུང་གི་ཡེ་ཤེས། །ཕ་རོལ་ཕྱིན་པའི་གཞུང་ལ་སྦྱངས་པ་ཞིག་མེད་ན། །བ་ལང་རྫི་འདྲ་རྨོངས་པས་རྟོགས་ཚོད་རང་མིན་འདུག །མ་ལུས་ཆོས་ཀྱི་གནད་དོན་མཁྱེན་པ་ཞིག་མཛད་ན། །ཙཀྲ་འཁོར་ལོ་གསུམ་གྱི་དགོངས་འགྲེལ་གྱི་གཞུང་ལ། །ཚ་ལྟར་འཇུག་པ་བདེ་བའི་ཐོས་བསམ་ཞིག་བྱེད་དགོས། །ཛ་ཡ་མི་ཡི་སེངྒེའི་རྗེས་འཇུག་ཏུ་ཞུགས་ནས། །ཝ་སྐྱེས་རྨོངས་པའི་ཚུལ་ལ་སྤྱོད་པ་ནི་མི་རིགས། །ཞྭ་གོས་དམར་སེར་ཙམ་གྱིས་ཆོས་པ་རུ་རློམས་ཏེ། །ཟ་ཆོག་ཙམ་ལ་བསྟན་པའི་སྙིང་པོ་རུ་མ་བཟུང་། །འ་ཅག་བརྒྱུད་པ་བཟང་པོ་སྒྲུབ་བརྒྱུད་པའི་ལུགས་ལ། །ཡ་རབས་ཕ་རྗེས་བུ་ཡིས་ཟིན་པ་ཞིག་དགོས་པས། །ར་གན་གསེར་དུ་མཐོང་བའི་ཀུན་རྫོབ་ཀྱི་སྣང་བ། །ལ་འུར་རང་མཚང་འཁྲུལ་པའི་ཆོ་འཕྲུལ་དུ་གོ་ན། །ཤ་རུས་བེམས་པོའི་ལུས་འདི་བོར་བ་ཡི་མོད་ལ། །ས་འདིར་མར་གྱི་བར་དོར་འཁྱམས་དགོས་རང་མ་འདྲ། །ཧ་ཅང་བརྩོན་པའི་སེམས་ཀྱིས་བློ་སྟོབས་ཤིག་བསྐྱེད་ན། །ཨ་དོན་སྐྱེ་མེད་ཆོས་ལ་ངེས་པ་ཞིག་རྙེད་ཡོང་། །ཞེས་ཐུགས་བྱམས་བརྩེ་ཆེན་པོས་དེ་ལྟར་གདམས་ཚུལ་དུས་དེང་སང་ཡིད་ཡུལ་དུ་དྲན་པས་ཀྱང་མིག་ལས་མཆི་མ་དབང་མེད་དུ་འབྱིན་པའི་གནས་སུ་གྱུར་ཏོ། །དེ་སྐབས་རང་ལུགས་ཀུན་མཁྱེན་པད་དཀར་ཞབས་ནས་བརྒྱུད་པའི་སྡོམ་རྒྱུན་གཙང་མ་སླར་བཙལ་ཏེ་བརྟན་མཁས་ཕན་འདོགས་ཀྱི་ཡོན་ཏན་དང་ལྡན་པ་སློབ་སངས་རྒྱས་བསྟན་འཕེལ་གྱིས་མཁན་པོ་དང་། རྡོར་སློབ་ཚུལ་ཁྲིམས་མཐར་ཕྱིན་པས་ལས་སློབ་དང་། སློབ་ཡོན་ཏན་འོད་ཀྱིས་གསང་སྟོན་པ་སོགས་སྡོམ་པ་འབོགས་པའི་ལས་བྱེད་ཀྱི་དགེ་འདུན་གྲངས་ཚང་གི་དབུས་སུ་ངེས་བྱུང་སྲུང་སེམས་ཀྱི་ཐུགས་འདུན་ཆེན་པོས་མདོ་རྩར་བཤད་པའི་མངོན་གྱུར་བཅུའི་ཆོས་ཡོངས་སུ་རྫོགས་པའི་སྒོ་ནས་གསོལ་བཞི་ལས་ཀྱི་བསྙེན་པར་རྫོགས། གཞན་ཡང་རྡོ་རྗེ་འཛིན་པ་ཤཱཀྱ་བཛྲ་ཞབས་ནས་སྒྲུབ་ཐབས་རྒྱ་མཚོ་དང་དཀྱིལ་ཆོག་འགའ་ཞིག་གི་སྨིན་བྱེད་གསན་པར་མཛད་ཅིང་། མཁན་ཆེན་བསྟན་འཛིན་དོན་གྲུབ་ཀྱི་དྲུང་ནས་ལམ་ཟབ་འཁོར་ལོ་བསྒྱུར་དྲུག་ནས་བརྩམ་འབྲུག་ལུགས་དཀྱིལ་ཆོག་ཡོངས་རྫོགས་ཀྱི་དབང་བཀའི་རྒྱུན་གང་བཞུགས་དང་། ལྷ་ཉེར་གཉིས་མའི་རྗེས་གནང་དང་སྒྲུབ་ཐབས་རྒྱ་མཚོ་སོགས་དབང་བཞི་ཆུ་བོའི་རྒྱུན་གྱིས་ཐུགས་རྒྱུད་འགེངས་པར་མཛད། དགུ་གྲངས་ལྔ་ཅུ་བཞེས་པའི་ཤིང་ཡོས་ལ་རྒྱལ་ཡུམ་སྐལ་བཟང་ནས་སྦྱིན་བདག་མཛད་དེ་དཔལ་འབྲུག་པའི་གདན་ས་ལྕགས་རི་རྡོ་རྗེ་གདན་གྱི་ཆོས་སྡེར་བཤད་གྲྭ་ཕྱག་བཏབ་དུས་རང་སློབ་ཀྱི་ནང་ནས་སྡེ་སྣོད་འཛིན་པ་ལེགས་བཤད་རྒྱ་མཚོ་དབུ་འཛིན་དུ་བསྐོ་བཞག་གནང་སྟེ་ཁྲུམས་སྟོད་ཟླ་བའི་ཡར་ཚེས་དགེ་བར་དཔོན་སློབ་ལྷན་ཅིག་ཏུ་ཕེབས་ནས་སྒོ་འབྱེད་ཕུན་གསུམ་ཚོགས་པའི་རྟེན་འབྲེལ་དང་། རྗེ་བླ་མས་དེར་འདུས་བློ་གསལ་གྱི་ཚོགས་ལ་གང་བློ་མའི་ཆོས་ཐུན་གསུངས་ནས་སྐལ་བ་དང་ལྡན་པར་བྱས་སོ། །

སྤྱི་ལོ༡༩༧༦གི་ལོར་རྟ་མགོའི་ཡང་དབེན་རྫོང་ཁ་ཉམས་གསོའི་སྲི་ཞུ་ལེགས་པར་གྲུབ་པའི་བཀྲ་ཤིས་པའི་རབ་སྟོན་ལ་བྱོན་ནས་རྟེན་གསུམ་དཔག་མེད་ལ་ཡེ་ཤེས་བསྟིམས་པའི་གཟི་འོད་འབར་བར་མཛད་ཅིང་། སྐབས་ཤིག་སྒང་སྤྲུལ་ནས་གདན་འདྲེན་ཏེ་སྒང་སྟེང་དུ་ཕེབས། དེར་རྟེན་གསུམ་རྒྱ་མཚོའི་ཚོགས་ལ་ཕྱག་མཆོད་གནས་གཟིགས་རིམ་པར་ཞུ་དུས་རྟེན་སྒམ་དུ་ཡོད་པའི་རིན་པོ་ཆེའི་རྡོ་ཞིག་ཕྱག་ཏུ་བཞེས་པའི་མོད་ལ་བདུད་རྩིའི་ཟིལ་པ་ཁྲོམ་མེར་བྱུང་བ་དེ་དུས་ཀྱི་ཞབས་འབྲིང་པ་དག་གིས་མཐོང་ཆོས་སུ་གྱུར། དུས་སྐབས་ཅི་ཞིག་ན་སྤ་གྲོ་ས་མཚམས་མཆོད་རྟེན་དུ་ཆིབས་བསྐྱོད་གནང་སྟེ་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནས་གསང་ཆེན་རྙིང་མའི་རྒྱུད་འབུམ་ལ་སོགས་པའི་ལྗགས་ལུང་གསན། དགུང་གྲངས་ང་གསུམ་བཞེས་སྐབས་བུམ་ཐང་ཐར་གླིང་དགོན་པར་འདྲེན་མཆོག་ཀཿཐོག་མཁན་རིན་པོ་ཆེའི་མཇལ་ཕྱག་ལ་ཕེབས། དེར་འབུལ་ཚན་གྱི་གཙོ་བོ་བརྟག་གཉིས་སོགས་རང་གིས་རྩོམ་ཆོས་གླེགས་བམ་ཁ་ཤས་དང་ན་བཟའ་སོགས་ཕུལ་བས་བླ་མ་རིན་པོ་ཆེའང་ཤིན་ཏུ་མཉེས་ནས་སླར་ཡང་བསྟན་པའི་དོན་དུ་འཆད་རྩོད་རྩོམ་པའི་ཕྱག་རྗེས་མི་དམན་པར་བཞག་དགོས་པའི་བཀའ་བཟང་ཐོབ། དགོན་སྡེ་གཞན་རྣམས་ཀྱང་གནས་གཟིགས་རིམ་པར་ཞུས་ཏེ་སླར་བྱོན་ནས་ཟས་གྲིབ་ལྟ་བུའི་རྐྱེན་གྱིས་ཟླ་ངོ་ལྔ་དྲུག་གི་རིང་སྐུ་རྒྱབ་ལ་འབྲས་སྨིན་བརྡོལ་བ་ཆེར་སོང་ནས་དྭངས་སུ་མ་བྱུང་བར་སྨན་ཁང་དུ་ཕེབས། མི་དབང་ཞབས་ནས་ཐུགས་བརྩེའི་བཀའ་ནན་ཕེབས་པའི་མཐུས་གསོ་རིག་འཛིན་པའི་སྨན་པ་དག་གིས་ཕྱག་ཕྱི་ཅི་འགྱུར་ཞུས་པ་དང་། དེ་དུས་གྲུབ་བརྙེས་བསོད་ནམས་བཟང་པོའི་ཞལ་སྔ་ནས་མི་ཕལ་པ་སྟོང་བས་ཁོང་གཅིག་བཞུགས་ན་བསྟན་འགྲོ་ལ་ཕན་པ་ཆེ་ཞེས་གསུངས་ནས་སྐུ་རིམ་ཚེ་བསྙེན་གནང་སྟེ་ཚེ་རིལ་ཚེ་ཆང་སོགས་བསྩལ་ནས་སྐུ་ཚེ་བསྐལ་པ་བརྒྱར་བརྟན་པའི་སྨོན་འདུན་དང་བཅས་བརྟན་བཞུགས་ཚིགས་སུ་བཅད་པ་འདི་ལྟར་འབུལ་བ་གནང་སྟེ། ཨོཾ་སྭསྟི། ཚེ་འོད་དཔག་མེད་གཙུག་ཏོར་རྣམ་པར་རྒྱལ། །ཡིད་བཞིན་འཁོར་ལོ་པད་འབྱུང་གྲུབ་རྒྱལ་སོགས། །ཚེ་ཡི་རིག་འཛིན་རྣམས་ཀྱི་བདེན་མཐུ་ཡིས། །བཤེས་གཉེན་དམ་པའི་ཞབས་པད་བརྟན་གྱུར་ཅིག །ཞེས་དྲང་སྲོང་བདེན་པའི་གསུང་གསང་གིས་རྩོམ་ནས་འབུལ་བར་མཛད། གཞན་ཡང་གྲྭ་བུ་སློབ་ཏུ་གྱུར་པ་ཀུན་གྱིས་ཀྱང་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཀླགས་པ་སོགས་ཞབས་རིམ་ཅི་འགྱུར་གྱི་ཐུན་ཁ་འཛུགས་པའི་མཐུས་སྐུ་དཀྱིལ་ཆུ་ཤེལ་གྱི་དྭང་མ་དུས་ངན་གནས་སྐབས་ལྔ་པའི་སྒྲ་གཅན་ལས་ཐར་ཏེ་ལྗོངས་འདིར་སྣང་བའི་རྒྱན་དུ་འཚོ་ཞིང་གཞེས་པས་བདག་ཅག་རྣམས་ཀྱང་སྐལ་བ་བཟང་བར་སེམས། སྨན་ཁང་དུ་བཞུགས་དུས་དཔལ་ལྡན་ལྷ་མོའི་རིམས་ནད་བཟློག་པའི་ཆོ་ག་རྒྱས་པར་གནང་བའི་དེ་ནུབ་ཀྱི་མནལ་ལམ་དུ་བུད་མེད་ལུས་བོང་ཆེ་བ་གཅིག་གིས་རྗེ་བླ་མའི་སྐུ་ཡོངས་རྫོགས་གསང་བའི་བྷ་ག་ནས་ནང་དུ་བཞེས་ཏེ་སླར་ཞལ་ནས་བཏོན་པ་རྨིས་པས་སྐུ་ཁམས་རིམ་གྱིས་དྭངས་པ་དཔལ་ལྡན་ལྷ་མོ་དང་ཚེ་རབས་ཀྱི་ལས་ཤིག་ཡོད་པ་ཡིན་པ་འདྲ། འོན་ཀྱང་ངའི་ལུས་འདི་ཉིད་ཕན་ཐོགས་པ་རང་ཞིག་འབྱུང་བ་དཀའ་བ་འདྲ། ཞལ་ནས་བཞེས་ཏེ་བྷ་ག་ནས་བཏོན་ན་རྟེན་འབྲེལ་དགེ་བ་ལ་དེ་ལྟར་ལྡོག་པས་མ་བྱུང་གསུངས། དེ་སྐབས་རྗེ་འདིས་རྒྱལ་ཡུམ་སྐལ་བཟང་ལ་སྙན་གསན་ཕབ་སྟེ་རྟ་མགོའི་དབུ་རྩེ་ཉམས་བཅོས་སྲི་ཞུའི་ལས་ཀྱང་དེ་ལོར་གྲུབ་ནས་སླར་རྟ་མགོར་ཕེབས། མཁྱེན་བརྩེ་རིན་པོ་ཆེ་གདན་འདྲེན་ནས་བཀྲ་ཤིས་པའི་རབ་སྟོན་ཉིན་གསུམ་གྱི་བར་རྒྱས་པར་བྱས་པས་ལྷ་སྡེ་མི་སྡེ་ཐམས་ཅད་མགུ་བར་མཛད། རྨད་བྱུང་ངོ་མཚར་གྱི་མཛད་པ་ལ་དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་ཐམས་ཅད་མགུ་བའི་རྟགས་སུ་གཞི་བདག་བག་ཡོད་པ་རང་གཟུགས་བསྟན་ནས་ཤིང་ཏོག་གི་མཚར་ཟས་སྣ་ཚོགས་ཐོགས་ཏེ་སྐུ་མདུན་དུ་འོང་བར་གཟིགས་པས་གཞི་བདག་ལ་བསྟོད་པ་ངེས་དོན་ཆོས་ཀྱི་སྒྲ་དབྱངས་གསར་དུ་མཛད། དུས་སྐབས་དེ་དག་གི་ཚེ་རྗེ་བླ་མ་ཡང་དབེན་པའི་བདུད་རྩི་ལ་དགྱེས་པའི་ཐུགས་ཀྱིས་སྤང་ལྗོངས་མེ་ཏོག་སྣ་ཚོགས་སྐྱེས་ཤིང་སྤོས་ཀྱི་ཤིང་སྣ་མང་པོ་ཡོད་པའི་ལམ་ནས་རིམ་གྱིས་ས་འཛིན་མངོན་པར་མཐོ་བའི་རི་རྩེ་ག་བུར་གྱི་བསིལ་ངད་ལྡང་བ་ཕྱོགས་ཀུན་ཏུ་སྣང་གཡེར་ཆེ་བའི་དབེན་གནས་ལྟོ་ཅུང་ཞེས་པར་ཕེབས་ཏེ་སྤོང་བའི་ཁང་པ་ཆུང་ངུ་ཡོད་པ་ལ་ཞག་མལ་བརྟེན། དེ་ལྟ་བུའི་དབེན་པའི་བདེ་བ་ལ་རོལ་བཞིན་དུ་སླར་རྟ་མགོ་རྫོང་ཁ་བརྒྱུད་བྱོན་སྐབས་སྤོང་བ་པ་རྣམས་ལ་བསམ་གཏན་གྱི་ཆོས་དང་མཐུན་པའི་ཞལ་གདམས་འདི་གནང་བར་མཛད་དེ། ཀ་དག་གདོད་མའི་གནས་ལུགས་རང་གཤིས་ལ་ཡོད་ཀྱང་། །ཁ་དོག་མཚོན་པ་མེད་པས་བློ་ཡུལ་ལས་འདས་པས། །ག་དེར་དབེན་པར་རང་སེམས་ཐུལ་བ་ཞིག་མེད་ན། །ང་བདག་གཟུང་འཛིན་རྩ་བ་ཆོད་དུས་ནི་མིན་འདུག །ཅ་ཅོ་དབེན་པའི་ནགས་སུ་གཅིག་པུ་རུ་གནས་ཏེ། །ཆ་མེད་མི་རྟག་དྲན་པས་ཚེ་འདི་ཡི་བསླུ་འདྲིད། །ཇ་ཆང་འདོད་ཡོན་སྲེད་པའི་འཆིང་བ་འདི་བཅད་ན། །ཉ་བ་སྒྲ་གཅན་ཁ་ནས་ཐར་བ་བཞིན་ཡོང་བས། །ཏ་ཐཱ་ག་ཏའི་རྗེས་འཇུག་ངོ་མ་ཞིག་བྱེད་ན། །ཐ་མལ་ངང་དུ་མི་ཚེ་ཟད་པས་ནི་མི་ཆོག །ད་ནི་མི་ཚེ་ལྷག་མ་སྒྲུབ་པ་ལ་བསྐྱལ་ཏེ། །ན་མར་ཉམས་ལེན་ཆུ་བོའི་རྒྱུན་བཞིན་དུ་སྐྱོངས་དང་། །པཱ་ར་མི་ཏཱ་གཉིས་མེད་རང་བྱུང་གི་ཡེ་ཤེས། །ཕ་རོལ་ག་ཤེད་ཞིག་ནས་བཙལ་དགོས་ནི་མི་གདའ། །བ་ཐག་རྟོག་པའི་དྲྭ་བ་རང་ཡལ་དུ་སོང་ནས། །མ་བཅོས་གཉུག་མའི་རང་ཞལ་རྩོལ་མེད་དུ་མཇལ་ཡོང་། །ཙ་ཀོ་ར་བཞིན་གདམས་པའི་བདུད་རྩི་ལ་བསྟེན་ན། །ཚ་བའི་གདུང་བ་མ་སྤངས་རང་ས་རུ་ཞི་ནས། །ཛ་ལང་གནས་འགྱུར་སྣང་སྲིད་སྐུ་གསུམ་གྱི་རང་བཞིན། །ཝ་ལེར་གསལ་བས་སངས་རྒྱས་ཡིད་སྨོན་དུ་མི་དགོས། །ཞྭ་ལྟར་འབྲལ་བ་མེད་པར་སེམས་ཅན་གྱི་དུས་ནས། །ཟ་བྱེད་སྲིན་པོ་ཡན་ཆད་སངས་རྒྱས་སུ་ངེས་ན། །འ་ཅག་ད་རེས་སངས་རྒྱས་ལག་བཅངས་སུ་ཡོད་པས། །ཡ་མཚན་རྨད་དུ་བྱུང་བའི་གདམས་ངག་དང་མཇལ་དུས། །ར་གན་གསེར་དུ་བརྫུ་བའི་འཁྲུལ་སྣང་ལ་མ་ཞེན། །ལ་འུར་ཉིད་དུ་སྙིང་པོའི་སྒྲུབ་པ་ལ་འབུངས་ན། །ཤ་རུས་སྒྱུ་མའི་ལུས་རྟེན་འདི་ཉིད་ཀྱི་ཐོག་ནས། །ས་ལམ་ཡུད་ཀྱིས་ཆོད་པའི་ཁྱད་ཆོས་ཤིག་འདུག་པ། །ཧ་ཅང་བརྩོན་པའི་དམ་བཅའ་མི་ལྷོད་པའི་སྒོ་ནས། །ཨ་མའི་སྐྱེས་བུ་མདོ་རྩ་མི་ཆུང་བར་མཛོད་ཅིག །ཅེས་གསུངས་པས་སྒྲུབ་པ་བ་རྣམས་ཀྱི་བློ་ལ་འཕྲོད་པ་བྱུང་སྟེ་ཉམས་ལེན་ལ་སྔར་ལས་ཀྱང་ལྷག་པར་བརྩོན་བཞིན་དུ་གནས་སོ། །

རྗེ་བླ་མ་ཡང་རྟ་མགོར་ཕེབས་ནས་ཆོས་ཀྱི་འཁོར་ལོ་ན་མར་སྐོར་བཞིན་བཞུགས་པའི་སྐབས་ཤིག་གི་མནལ་ལམ་དུ་རྗེ་བཙུན་གྱི་གསུང་མགུར་རས་གདངས་སུ་གྲགས་པ་གདུང་དབྱངས་དང་བཅས་པ་ལེན་པའི་གཟིགས་སྣང་ཞིག་ལ། ད་ལྟའི་གདན་སའི་ཕྱོགས་ཀྱི་རི་བོ་དེའི་སྟེང་ན་སྤྲིན་དཀར་གདུགས་དབྱིབས་དང་ཆོས་མཚུངས་པའི་ལྡིང་གུར་དང་། བཀྲ་ཤིས་པའི་རི་མོའི་རྣམ་པ་ཅན་སོགས་དགེ་ལེགས་ཀྱི་མཚན་མ་མང་དུ་གཟིགས་པ་བཞིན། ཐོ་རངས་ནམ་ལངས་མ་ཐག་ཀྱང་དེ་བཞིན་མངོན་སུམ་དུ་གཟིགས་པའི་རྟེན་འབྲེལ་གྱིས་དགུང་གྲངས་ང་བཞི་བཞེས་པའི་ས་ལུག་ལ་ས་གཞི་སྦྱང་བའི་རིམ་པ་སྔོན་དུ་བཏང་སྟེ་བྱ་བ་ལས་ཀྱི་འཁོར་ལོའི་ཕྱག་རྗེས་གྲོ་ལུང་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་ཉིས་ཐོག་མ་གསར་དུ་བཏབ། དེ་དུས་བདག་ཅག་བུ་སློབ་རྣམས་ཀྱིས་ཀྱང་ལུས་ངག་གི་ཞབས་ཏོག་ཟླ་བ་ཁ་ཤས་བསྒྲུབས་ཁུལ་བགྱིས་པས་བསོད་ནམས་གསོག་པའི་གོ་སྐབས་ཅུང་ཟད་བརྙེས་སོ། །དེར་རྟེན་གཙོ་ཐུབ་དབང་མི་ཚད་ལྷག་པ་དང་། གཡས་སུ་མར་པ་ང་འདྲ་མ་མི་ཚད་མ། གཡོན་དུ་འགྲོ་མགོན་རྒྱ་རས་མི་ཚད་མ་སོགས་རྟེན་གསུམ་རྒྱ་མཚོས་མཛེས་པར་བྱས་ཏེ་ལྷག་གནས་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད་ཅིང་། དེ་དུས་བླ་མ་རང་གི་ཕྱག་ལ་ཅི་ཡོད་ཀྱི་དངོས་པོ་ཐམས་ཅད་རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པའི་རྒྱུར་བཏང་ནས་བྱང་ཆུབ་ཀྱི་རྒྱུར་བསྔོ་བར་མཛད་དོ། །རྟ་མགོའི་ཆོས་སྡེར་བཞུགས་དུས་ཀྱི་རྩོམ་ཆོས་རགས་རིམ་ཙམ་བསྡེབས་སུ་སྨོས་ན། དཔལ་ལྡན་འབྲུག་པའི་བསྟན་འཛིན་བློ་གསར་དང་པོའི་ལས་ཅན་རྣམས་ཀྱི་རྣ་བའི་རྒྱན་དུ་གནའ་རབས་ཀྱི་ཆོས་ཁུངས་བསྟན་པ་ལྷོའི་ཆོས་འབྱུང་། སྡོམ་གསུམ་གྱི་མཆན་འགྲེལ་ཞུས་དག་གིས་འཕྲི་བསྣན་བགྱིས་ཏེ་སླད་འབྱོན་བསྟན་འཛིན་གྱི་ལུས་མཛེས་པར་བྱེད་པ་དང་། གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཡུན་དུ་གནས་པར་བྱ་བའི་ཆེད་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་པའི་ཚིག་དོན་རྣམ་པར་བཤད་པ་མན་ངག་གི་མཛོད་དང་། འཁྲུལ་མེད་ལྟ་སྒོམ་གྱི་དཀའ་གནད་བསྟན་པའི་ཆེད་དུ་དབུ་མའི་བསྡུས་དོན་གསལ་བྱེད་ལུང་གི་ཕྲེང་བ། གསུམ་ལྡན་རྡོ་རྗེ་འཛིན་པ་མཆོག་གི་ལས་རབ་འབྱམས་བསྟན་པའི་དོན་དུ་བདེ་མཆོག་རབ་གནས་རྒྱས་པ་རྒྱུད་ལུང་མན་ངག་གི་བང་མཛོད་དང་། འབྲིང་པོ་ཡན་ལག་བཞི་པའི་ཟིན་བྲིས། བསྡུས་པ་ཁང་བཟང་རབ་གནས་སུ་གྲགས་པ་རྣམས་དང་། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་ཧོམ་མཆོད་དང་བཅས་པ། གཞན་ཡང་སྔགས་ཀྱི་སྤྱི་དོན་རྒྱུད་སྡེའི་རྣམ་བཞག་ལ་སོགས་པ་མཛད་དེ་བཤད་པའི་རྒྱུན་དང་སྒྲུབ་པའི་ལམ་སྲོལ་གཏོད། ཟབ་མོའི་རྒྱུད་འགྲེལ་དེ་ཡང་བྱིན་རླབས་ཀྱི་ཚན་ཀ་ཤིན་ཏུ་ཆེ་བའི་དགོངས་གཏེར་ཡིན་ཏེ་རྗེ་བླ་མས་དེ་རྩོམ་སྐབས་སང་ཉིན་ཡི་གེར་ཕབ་རྒྱུའི་ཚིག་དོན་ཐམས་ཅད་དོ་ནུབ་ནས་ཐུགས་དགོངས་ལ་པྲ་ཕབ་ཀྱི་སྣང་བ་བཞིན་འཆར་བའི་སང་ཉིན་དཔེ་བཤུས་འདྲ་བ་མ་གཏོགས་དཀའ་ཚེགས་མ་བྱུང་གསུངས། དེ་ལྟར་ཚུལ་དགུའི་དམ་པའི་འོད་ཀྱིས་ལོ་ངོ་བཅུ་ཕྲག་གི་རིང་རྒྱལ་བསྟན་ཕན་བདེ་སྣང་བའི་སྒོ་བརྒྱ་དུས་གཅིག་ལ་འབྱེད་དེ་ཆོས་སྲིད་ལེགས་ཚོགས་ཀྱི་དཔལ་དགུང་དུ་འཕྱུར་བའི་མཛད་བཟང་བླ་ན་མེད་དོ། །དེ་ལྟར་ཡང་རྗེ་བླ་མས། དེ་ནས་རང་ལོ་ཞེ་ལྔར་སོན་པའི་སྐབས། །རྒྱལ་ཡུམ་ལཀྵིཾ་ཀཱ་རའི་བཀའ་བཞིན་དུ། །རྟ་མགོ་ཆོས་དབྱིངས་ཕོ་བྲང་ག་ལ་བར། །སློབ་པའི་གྲྭ་ལ་ཆོས་སྟོན་གནས་པའི་སྐབས། །དང་པོའི་ལས་ཅན་རྣམས་ལ་ཕན་པའི་ཕྱིར། །བློ་གསར་རྣ་བའི་རྒྱན་དུ་ཆོས་འབྱུང་བྲིས། །སླད་མའི་བསྟན་འཛིན་གཞོན་ནུ་རྣམས་ཀྱི་ཆེད། །སྡོམ་པ་གསུམ་གྱི་རྒྱན་ནི་མཛེས་པར་བྱས། །གསང་ཆེན་བསྟན་པ་ཡུན་དུ་གནས་པའི་ཕྱིར། །ཟབ་མོའི་རྒྱུད་ཀྱི་ཚིག་དོན་གསལ་བར་བྱས། །རྡོ་རྗེ་སློབ་དཔོན་མཆོག་གི་ལས་བསྟན་ཕྱིར། །རབ་གནས་སྦྱིན་སྲེག་ལ་སོགས་ལས་ཚོགས་བྲིས། །ལྟ་དང་སྒོམ་པའི་ལུགས་གཉིས་གསལ་བའི་ཕྱིར། །དབུ་མའི་བསྡུས་དོན་གསལ་བྱེད་མེ་ལོང་བྲིས། །བསྟན་པ་འདི་ལ་བྱས་པ་མི་ཆུང་བར། །དངོས་དང་བརྒྱུད་ནས་བསྟན་དོན་སྒྲུབ་པའི་སྐབས། །ཞེས་གསུངས་པ་ལྟར་རོ། །དེ་ནས་སྙིགས་མ་ལྔ་ཡི་རང་མཚང་ཆེ་ཆེར་བདོ་བའི་སྣང་ཚུལ་ལ་ཐུགས་བསུན་ནས་དུས་ཚོད་ཀྱི་གནད་དང་སྦྱར་བའི་མཛད་པ་ལ་དམ་པ་རྣམས་ནི་ཤིན་ཏུ་མཁས་པས་དགུང་གྲངས་ང་ལྔ་བཞེས་པའི་ལྕགས་སྤྲེལ་ལ་སྦྱིན་བདག་རྒྱལ་ཡུམ་ཆེན་མོ་ལ་ནང་ལུགས་ཀྱི་ཞུ་ཡིག་འབུལ་ནས་དགོངས་རྒྱ་བཀྲོལ་ཏེ་རང་གནས་གྲོ་ལུང་དུ་ཕེབས། ཟླ་ཤས་ཀྱི་བར་རྟ་མགོ་ནས་ཆོས་ཀྱིས་འབྲེལ་བའི་བུ་སློབ་རྣམས་དང་། ཕྱོགས་ཕྱོགས་ནས་ལྷགས་པའི་དད་ལྡན་དག་ལ་རང་ལུགས་རྩ་གསུམ་རྒྱ་མཚོའི་དབང་བསྐུར་མཐར་ཆགས་སུ་བསྩལ་བ་དང་། བརྟག་གཉིས་དང་སྡོམ་གསུམ་ལ་སོགས་པའི་ལྗགས་ལུང་ལྷུག་པར་གནང་བས་དུས་དགེ་བར་བྱས་སོ། །དེ་ལྟར་ཡང་རྗེ་བླ་མས། ལྷོ་ཕྱོགས་ཙནྡན་ནགས་ལས་འོང་བཞིན་པའི། །གཞན་གསོས་བུ་མོའི་སྐད་ཀྱི་འགྱུར་ཁུགས་ལ། །བརྟགས་པས་རྣམ་འགྱུར་མི་འདྲ་སྣ་ཚོགས་མཐོང་། །དུས་སྐབས་ཤེས་ནས་རང་ཚུགས་བཟུང་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །གྲུབ་པའི་བསྟི་གནས་དེར་བསམ་གཏན་གྱི་ཆོས་ལས་བཤད་པའི་འགལ་རྐྱེན་རྣམ་གཡེང་འདུ་འཛི་ལ་སོགས་པ་དང་བྲལ་ཞིང་། མཐུན་རྐྱེན་གྱི་ཡོན་ཏན་ཐམས་ཅད་རྩོལ་མེད་ལྷུན་གྲུབ་ཏུ་མངའ་བས་ཐུགས་ལྷག་པར་བག་ཕེབས་ཏེ་གནས་ཀྱི་ཆེ་བའི་ཡོན་ཏན་ལ་བསྔགས་པའི་གསུང་མགུར་དང་། འགའ་དང་འགའ་ནས་གདན་ས་ལ་བརྟེན་རི་བོང་གི་ཅལ་སྒྲ་ལྟར་ངེས་མེད་དུ་སྨྲ་བའི་ལན་དུ་འོས་པ་ཆོས་བཞིན་སུས་ཀྱང་རྒོལ་བ་མི་ནུས་པ་ཚངས་པའི་དྲང་ཐིག་ཏུ་འདེབས་པའི་ཚུལ་ཡང་། རྗེ་བླ་མས། དེ་ནས་ཞི་བའི་ནགས་སུ་སོང་བའི་ཚེ། །ལྗོན་ཤིང་བཟང་པོ་དག་གི་ལག་པས་ཀྱང་། །དེང་འདིར་འོངས་པ་ལེགས་ཞེས་བསྟན་པ་དང་། །ལྷན་ཅིག་དབེན་པའི་ཡོན་ཏན་འདི་ལྟར་མཐོང་། །འདུག་ན་བག་བྲོ་བལྟས་ན་སྣང་གཡེར་ཆེ། །འདི་ལ་བསམ་གཏན་སྒོམ་པར་འོས་སོ་ཞེས། །སྤྲིན་དཀར་གུར་དང་གཡུ་ལོའི་མལ་སྟན་བཅས། །ལྷ་ཡིས་ཆེད་དུ་བཀོད་པ་མིན་ནམ་སྙམ། །ས་ཕྱོགས་གཙང་ཞིང་ཉམས་དགའ་དབེན་གནས་འདིར། །མཐོང་ཞིང་ཆོས་བཟང་དགའ་ཚལ་ལྷ་ཡུལ་ཏེ། །གནས་དང་ཡུལ་གྱི་ཁྱད་པར་དེ་ཙམ་ལས། །ཇི་ལྟར་བརྟགས་ཀྱང་འབྱེད་ཆོས་གཞན་མ་དམིགས། །ལྗོན་ཤིང་ལོ་འདབ་རྒྱས་པའི་ལྡིངས་ཁང་ནས། །བྱ་དང་བྱིའུའི་སྐད་སྙན་ཐོས་ཙམ་གྱིས། །མདོངས་མཐའི་རྣ་བར་དབྱར་སྐྱེས་སྒྲ་བཞིན་དུ། །དགའ་བདེ་ཐོབ་པ་སེམས་ལྡན་སུས་མི་ཤེས། །དྲི་ཞིམ་མེ་ཏོག་ཕང་ཕུང་གཡོ་བ་ལས། །གསེར་སྦྲང་བུང་བའི་གླུ་དབྱངས་ཐོས་པ་ཡང་། །སྙན་འཇེབས་ཚངས་སྲས་ལྷ་མོའི་ཕང་འགྲོ་དང་། །མཚུངས་ཤིང་དཔེ་ཟླ་གཞན་གྱི་རྗེས་མི་འགྲོ། །འདི་ལ་བག་ཡངས་གནས་པ་འདི་ཁོ་ནས། །མཐོ་རིས་མདུན་ས་མཚུངས་ཞེས་བརྗོད་མིན་ཏེ། །དཀར་བརྒྱུད་གོང་མ་ཞི་བའི་ནགས་ཁྲོད་དུ། །བདེ་ཆེན་ཡེ་ཤེས་གཟིགས་པར་མཐོང་བས་ཀྱང་། །མདོར་ན་རི་དྭགས་འཚོལ་བའི་རྔོན་པ་ཡང་། །དབེན་པའི་ཡོན་ཏན་མཐོང་བས་ཞི་བ་ཐོབ། །རེ་ཞིག་སྨྱུག་མ་སྲོང་བའི་མདའ་མཁན་ཡང་། །འདུ་འཛི་དབེན་པས་བྱ་བ་གྲུབ་པ་དང་། །འཐག་མཁན་གཞོན་ནུ་མ་ཡི་གདུ་བུ་ཡང་། །མང་པོ་སྤངས་པས་བདེ་བ་ཐོབ་པ་བཞིན། །བདག་ཀྱང་འདི་ལ་སྤོང་བའི་ས་བཟུང་བ། །དབེན་པའི་ཡོན་ཏན་མཐོང་བའི་ལག་རྗེས་ཡིན། །བསྟན་དོན་འབའ་ཞིག་སེམས་པའི་བསེ་རུ་ངས། །ནགས་སུ་གནས་མལ་འཆའ་བའི་དགོས་པ་ཡང་། །བསམ་མེད་སྐྱིད་བདེར་ངང་དུ་གནས་པའི་ཕྱིར། །ཚང་མལ་འཆའ་བ་འཕྱི་བ་ལྟ་བུ་མིན། །གཞན་ལ་འགྲན་པའི་ཀུན་སློང་འབའ་ཞིག་གིས། །རི་ལ་གནས་པ་གཅན་གཟན་ལྟ་བུ་མིན། །མནོག་ཆུང་ཁ་ཟས་ཙམ་ཞིག་རེ་བའི་ཕྱིར། །བྱ་བྱེད་མང་བ་སྤྲེའུ་ལྟ་བུ་མིན། །ཁྱིམ་གྱི་བྱ་བ་དོན་དུ་གཉེར་བའི་ཕྱིར། །གང་ཐོབ་བཙལ་བ་ཝ་སྐྱེས་ལྟ་བུ་མིན། །ཁོ་བོ་བསྟན་དོན་འབའ་ཞིག་བསྒྲུབ་པའི་ཕྱིར། །སྒྲུབ་བརྒྱུད་བསྟན་པའི་གནས་གཞི་ཚུགས་པ་ཡིན། །འདིར་སྣང་ཞེན་པ་ལོག་སྟེ་དབེན་པའི་རིར། །མི་རྟག་འཆི་བ་སྙིང་ལ་དྲན་བཞིན་དུ། །རྩེ་གཅིག་བྱང་ཆུབ་སྒྲུབ་པར་དམ་བཅས་ཀྱང་། །ཞེས་གསུངས་པ་བཞིན་ནོ། །རྗེ་བླ་མ་ཉིད་སྐུ་ཚེ་འདིའི་བྱ་བཞག་ཐམས་ཅད་སྙིང་པོ་མེད་པར་གཟིགས་ནས་དབེན་པའི་བདུད་རྩི་ངོམས་པ་མེད་པར་བསྟེན་བཞིན་བཞུགས་སྐབས། སླར་ཡང་དགེ་འདུན་ལྷན་ཚོགས་ཀྱི་བཀའ་ནན་གནམ་རྡོ་དྲག་པོ་ལྟ་བུས་བསྐུལ་ཏེ་དགུང་གྲངས་ང་དྲུག་བཞེས་པའི་ལྕགས་བྱ་ལ་གཞུང་གྲྭ་ཚང་དང་ཕྱོགས་ཀྱི་རབ་སྡེ་ཁག་ནས་བློ་གསལ་སྐྱེ་བོ་བརྒྱ་ཕྲག་མ་ཟིན་ཙམ་འདུས་པ་དང་ལྷན་ཅིག་ཕ་སྡིངས་བྱམས་པ་ལྷ་ཁང་དུ་བཤད་གྲྭའི་ཆོས་སྡེ་ཆེན་པོ་གསར་དུ་བཙུགས། དེར་དགེ་ལེགས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དགའ་སྟོན་ནས་བརྩམས་ལོ་ངོ་ལྔ་ཙམ་གྱི་རིང་ལ་ངལ་བ་མེད་པར་བྱམས་བརྩེའི་གཟིགས་པ་ཆེན་པོས་ཐུན་མོང་རིག་གནས་ཀྱི་སྐོར་དག་ཡིག་ངག་སྒྲོན། སུམ་རྟགས་སྙན་དངགས་སོགས་དང་། ཐུན་མིན་ནང་དོན་རིག་པ་སྤྱོད་འཇུག་ནས་དབུ་བརྩམས་དབུ་མའི་གཞུང་སྐོར་ཆ་ལག་དང་བཅས་པ། ཆོས་མངོན་པ་མཛོད་དང་། རྒྱུད་བླ་མ་སོགས་རིག་གཞུང་གི་བཤད་པ་དང་། གཞན་ཡང་ཆོས་རྗེ་དྭགས་པོའི་ལམ་རིམ་ཐར་པ་རིན་པོ་ཆེའི་རྒྱན་དང་། སྙིང་ཏིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་། སྡོམ་གསུམ་རྒྱན་ཀྱི་མཆན་འགྲེལ་སོགས་གང་ལ་གང་འོས་ཀྱི་ཞལ་ཁྲིད་གནང་རྗེས། དེ་ནས་སྔགས་ཀྱི་འཇུག་སྒོ་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་སྒྲུབ་དཀྱིལ་ཡོངས་རྫོགས་དང་། སྒྲུབ་ཐབས་རྒྱ་མཚོ་དང་རྗེས་གནང་ཉེར་གཉིས་སོགས་དབང་བཞིའི་ཆུ་བོ་ཅིག་ཅར་དུ་ཕབ་སྟེ་གནས་སྐབས་བཞིའི་སྒྲིབ་ཚོགས་བཀྲུས་པའི་བཀའ་དྲིན་མཛད། དེ་རྗེས་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་དང་། བདེ་མཆོག་རྩ་རྒྱུད་ཉུང་ངུ་ལ་སོགས་པའི་མན་ངག་གི་བཤད་པ་དཔྱིས་ཕྱིན་པར་གནང་བ་ལ་ཞུམ་པ་དང་ཐུགས་བསུན་པ་མེད་པའི་ཚུལ་ཡང་། ཤེས་རབ་སྡོང་བུ་ལས། དམ་པས་མང་པོ་ཁས་འཆེ་མི་བྱེད་ཅིང་། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་མངོན་ནོ། །

དེ་དུས་རྗེ་བླ་མས་བདག་ཅག་རྣམས་ལ་ཉིན་མཚན་ཀུན་ཏུ་གཡེང་བ་སྤངས་ཏེ་ཆོས་ལ་བརྩོན་དགོས་པའི་བསྐུལ་མར་དམིགས་ཏེ་ཞལ་གདམས་བསྩལ་བ་འདི་ལྟར། ཀ་གདན་རྡོ་ལྟར་འགྱུར་མེད་དམ་བཅའ་ཞིག་བཟུང་ནས། །ཁ་ཞེ་མེད་པར་དམ་པའི་ལྷ་ཆོས་ལ་བརྩོན་དགོས། །ག་ནས་བལྟས་ཀྱང་ཆོས་མིན་སྙིང་པོ་ནི་མི་འདུག །ང་ཡི་སྙིང་གཏམ་འདི་དང་མཐུན་པ་ཞིག་མཛོད་དང་། །ཅ་ཅོ་སྙན་པའི་ཚིག་གི་རྣམ་འགྱུར་ཞིག་མེད་ཀྱང་། །ཆ་ཙམ་དོན་དང་མཐུན་པའི་བསླབ་བྱ་ཞིག་ཡོད་པས། །ཇ་ནག་འཐུང་སྟེ་དམ་པའི་ལྷ་ཆོས་ལ་བརྩོན་དུས། །ཉ་མོ་ཟས་ལ་ཆགས་བཞིན་འདོད་ཡོན་ལ་སྲེད་ན། །ཏ་ལའི་བསྟན་པའི་ལྷ་ཆོས་ཡང་དག་ཏུ་མི་འགྲོ། །ཐ་སྙད་རིག་པའི་གནས་ལ་སྦྱངས་པ་ཞིག་མེད་ན། །ད་གཟོད་ལྷ་ཆོས་ཟབ་མོ་རྟོགས་ཐབས་ནི་མི་འདུག །ན་ཚོད་གཞོན་དུས་ཆོས་ལ་བརྩོན་པ་ཞིག་མེད་ན། །པ་རྒན་སོང་དུས་ཆོས་མགོ་འཐོན་པ་ནི་དཀའ་བས། །ཕ་མའི་བསླབ་བྱ་བཟང་ཡང་མི་ཆོས་ཀྱི་བསླུ་འདྲིད། །བ་ཕྱུགས་ནོར་རྫས་བསགས་འཇོག་ཤེས་པ་ཙམ་ཡིན་པས། །མ་ལུས་ཆོས་ཀྱི་གནད་འགག་ཤེས་པ་ཞིག་དགོས་ན། །ཙ་ཀོ་ར་བཞིན་དམ་པའི་བདུད་རྩི་ལ་བསྟེན་ནས། །ཚ་གྲང་དཀའ་སྤྱད་བཟོད་པའི་སྙིང་སྟོབས་ཀྱིས་འཐུང་དགོས། །ཛཱ་ཏི་རླུང་ནད་ཅན་ལ་བདུད་རྩི་རུ་འགྱུར་བཞིན། །ཝ་ལེར་དྲན་པའི་སེམས་ལ་ཕན་པ་འདི་མ་གཏོགས། །ཞྭ་གོས་དམར་སེར་ཙམ་གྱིས་ཕན་པ་རང་མི་གདའ། །ཟ་ཆོག་ཙམ་ལ་མཁས་ཀྱང་མི་ཆོས་ཙམ་ཡིན་པས། །འ་ཅག་སེམས་ལ་ཕན་པའི་ལྷ་ཆོས་ཤིག་ཡོད་ན། །ཡ་གི་སངས་རྒྱས་གོ་འཕང་ཐག་རིང་ན་མེད་པས། །ར་རིས་དྲི་མ་མེད་པའི་བྱང་ཆུབ་ཀྱི་ལམ་བཟང་། །ལ་ལུང་མང་པོ་རྒྱབ་སྟེ་བཙལ་དགོས་ནི་མི་འདུག །ཤ་རུས་ཁོང་པས་བློ་རྩེ་ལྷ་ཆོས་ལ་གཏོད་དང་། །ས་ལམ་བཟང་ངན་བསམ་པའི་བྱེ་བྲག་ལས་མེད་པས། །ཧ་ཅང་བརྩོན་པས་རང་རྒྱུད་ཐུལ་བ་ཞིག་མཛད་ན། །ཨ་ལོ་ཁྱེད་ཚོ་དོན་དང་ལྡན་པ་ཞིག་འགྱུར་ཡོང་། །ཞེས་དང་། འགྲོ་བའི་བདེ་སྐྱིད་ཉི་མ་དགུང་ལས་ཡོལ། །དམ་ཆོས་ཉིན་བྱེད་སྣང་བའང་ནུབ་རིར་གཞོལ། །དམ་པ་རྣམས་ཀྱང་ཞི་བར་གཟིམས་ཉེ་དུས། །དམ་པའི་ཆོས་ལ་མི་བརྩོན་ཐབས་ཅི་ཡོད། །ཆོས་བྱེད་མི་ལ་སྡང་དགྲ་ལྟ་བུར་མཐོང་། །ཆོས་ཀྱི་དག་སྣང་བཟང་པོའང་བར་ལ་ཡལ། །ཆོས་མིན་སྣང་བ་ལང་ཚོ་མཛེས་པའི་དུས། །ཆོས་མེད་གྱི་ནར་གནས་པ་ཅང་ཕོད་དམ། །སྐྱེ་བོ་ངན་སྤྱོད་སྣ་དགུ་མང་བ་དང་། །ཆོས་བྱེད་མི་ལ་བར་ཆད་མང་བ་སོགས། །གང་ལ་བསམས་ཀྱང་དམ་པའི་ལྷ་ཆོས་ལ། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བར་རིགས། །བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་དང་། །མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་ཅེས་གསུངས། །ཡོན་ཏན་མ་ལུས་བརྩོན་འགྲུས་རྗེ་འགྲོ་བས། །ཚུལ་གནས་ཐོས་བསམ་སྒོམ་པ་གང་ལ་ཡང་། །མྱུར་བར་མྱུར་བར་བརྩོན་པར་བྱ་འོས་ཞེས། །བསྐུལ་བའི་ལྷག་བསམ་རབ་དཀར་ཟླ་བ་དེས། །ལག་པད་སྙིང་མཚོར་ཟུམ་པའི་མྱ་ངན་གྱིས། །ངག་གི་བུང་བ་དབང་མེད་སྨྲེ་ངག་བཅས། །ཁྱེད་ཀྱི་སྒྲ་འཛིན་ལམ་དུ་སོན་པའི་མོད། །བློ་གྲོས་པདྨའི་ཚལ་དུ་བཟུང་འཚལ་ལོ། །ཞེས་གསུངས་པས་དེར་འདུས་སློབ་མ་རྣམས་ཀྱང་སྒོ་གསུམ་གྱི་གཡེང་བ་སྤངས་ཏེ་ཐོས་བསམ་གྱི་བདུད་རྩི་ལ་ཉིན་མཚན་ཀུན་ཏུ་བརྩོན་པའི་སྙིང་སྟོབས་ཀྱིས་འཐུང་སྟེ་ཡོན་ཏན་གྱི་ལུས་ཟུང་བརྟས་སོ། །དེ་དུས་རྗེ་བླ་མས་ཆོས་ཐུན་གྱི་བར་སེང་དུ་བརྩམས་པ་བློ་གསར་བཤད་གྲྭར་འཁོད་པ་རྣམས་བླ་སློབ་ཀྱི་བསྟེན་ཚུལ་ཇི་བཞིན་པ་ཤེས་པའི་ཆེད་དུ་བཤེས་གཉེན་བསྟེན་ཚུལ་དང་། བློ་ལྡན་ཆོས་ལ་བསྐུལ་བའི་བསླབ་བྱ་ཚིག་གསུམ་གནད་དོན་དང་། ཚེགས་ཆུང་ངུས་ངེས་དོན་ཟབ་མོའི་གནས་ལུགས་བདེ་བླག་ཏུ་རྟོགས་པའི་ཆེད་དུ་དབུ་འཇུག་རྣམ་བཤད་ལྟ་གྲུབ་གསལ་བྱེད་སྒྲོན་མེ་དང་། ཐེག་པ་ཆེན་པོ་རྒྱུད་བླ་མའི་ཚིག་དོན་རྣམ་པར་བཤད་པ་རིན་ཆེན་སྒྲོན་མེ་དང་། བཤེས་སྤྲིངས་དང་དབུ་འཇུག་ལ་སོགས་པའི་ས་བཅད་སྣ་ཚོགས་དང་། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའང་སྔར་ནས་བརྩམས་གྲུབ་པའི་བརྟག་གཉིས་ཀྱི་འགྲེལ་པ་གཟིགས་པས་ཐུགས་ཡིད་འཕྲོག་ནས་བདེ་མཆོག་རྩ་རྒྱུད་ལ་འགྲེལ་པ་འདི་ལྟ་བུ་ཞིག་ངེས་པར་རྩོམ་དགོས་པའི་བཀའ་མཆིད་གནང་བ་བཞིན་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་པད་དཀར་ཞལ་ལུང་ཞེས་པ་གསར་དུ་རྩོམ་ནས་མཉེས་པར་མཛད། དེ་རྩོམ་སྐབས་ཉིན་གཅིག་ཚོགས་འཁོར་རྒྱས་པ་ཞིག་མཛད་ནས་ཁ་སིང་མཁའ་འགྲོ་རྣམས་ཚོགས་ཀྱི་སྐལ་བ་ལེན་དུ་མཆིས་ཞེས་གསུངས་པ་ཐོས་ཙམ་ལས་དེ་སྐོར་ཇི་བཞིན་ཞུ་བའི་ཀུན་རྟོག་བདུད་ཀྱིས་ཟིན་པས་ཕྱིས་འགྱོད་པའི་གནས་སུ་གྱུར། གཞན་ཡང་ཉེར་མཁོའི་སྒྲུབ་ཐབས་དང་ལས་ཚོགས་བསམ་གྱིས་མི་ཁྱབ་པ་རྩོམ་པ་སོགས་ཕྲ་ཞིབ་ཡི་གེ་མང་གིས་དོགས་ནས་བརྗོད་པར་མ་བྱས་སོ། །གྲུབ་བརྙེས་བསོད་ནམས་བཟང་པོ་ཡང་ཕ་སྡིངས་སྨན་བླའི་སྒྲུབ་སྡེ་གསར་འཛུགས་ཀྱི་ཐོག་མའི་རྟེན་འབྲེལ་ལ་ཕེབས་དུས་གཞན་དང་མི་མཉམ་པའི་སྐྱེས་མཆོག་ཏུ་དགོངས་ནས་བསྔགས་པའི་མེ་ཏོག་འཐོར་ཏེ་སྐྱབས་མགོན་ངག་དབང་རྣམ་རྒྱལ་ལ་བརྟེན་པའི་ཚེ་དབང་དང་། རྒྱུད་བརྟག་པ་གཉིས་པའི་འགྲེལ་པ་གསར་རྩོམ་གྱི་ལྗགས་ལུང་གསན་པར་མཛད། སྡེ་དེར་རྒྱལ་འགོང་གི་སྲི་ཁམས་ལྟ་བུས་སྐབས་ཤིག་རྗེ་བླ་མའི་མནལ་ལམ་དུ་གཙུག་ལག་ཁང་གི་སྒོ་དྲུང་ནས་གྲྭ་དམག་མང་དུ་འོང་བར་གཟིགས་པས་འཕྲལ་དུ་སྒོ་གླེགས་བསྡམས་པར་རྩོམ་ཡང་གཅིག་གཉིས་ནང་དུ་ཤོར་བས། དེ་དག་གི་ཆོ་འཕྲུལ་ལྟ་བུས་དུས་མིན་དུ་རླུང་འཚུབས་ལྡང་བ་དང་སློབ་བུ་འགའ་དང་འགའ་ནད་གདོན་དྲག་པོས་མནར་བ་སོགས་མི་ཤིས་པའི་མཚན་མ་ངན་པ་མང་དུ་བྱུང་བས། བར་ཆད་བཟློག་པའི་ཐབས་ལ་ཉེ་བར་དགོངས་ཏེ་དཔལ་ལྡན་ལྷ་མོའི་ལས་མཐའ་རིམས་ནད་བཟློག་པའི་ཆོ་ག་དང་། བསྐུལ་བྱང་རྒྱས་པ་གསར་དུ་རྩོམ་ནས་ལྷ་མོ་ལ་བསྟན་པའི་གཉེར་བཅོལ་གཏད་ནས་ཏིང་འཛིན་དྲག་པོས་གཟིར་བས་བར་ཆད་རང་སར་ཞི་ནས་ཕྱིན་ཆད་མི་གནོད་པ་དེར་འདུས་ཀུན་གྱིས་མཐུན་སྣང་དུ་གྲུབ་པའི་ཚུལ་ཡང་། སྐྱེས་རབས་ལས། བདེ་ལེགས་ཆེན་པོས་འགྲོ་བ་འདི། །ཡོངས་སུ་བསྐྱངས་པར་གྱུར་པས་ན། །ལྷ་ཡི་དབང་པོ་དག་གིས་ཀྱང་། །འདི་དག་གཙེ་བར་མི་ནུས་ན། །ཤ་ཟ་དག་གིས་ག་ལ་ནུས། །ཞེས་གསུངས་པ་བཞིན་ནོ། །རྒྱུད་སྡེའི་འཆད་ཉན་ལ་ཞུགས་པའི་སྔོན་དུ་རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་འཕྲིན་ལས་བཅོལ་ནས་བརྟག་པ་ཞུ་དུས་རྒྱུད་འགྲེལ་འཆད་པ་ཤིན་ཏུ་ལེགས་ཞེས་བབ་པར་སྣང་། དེ་ནས་ཤིན་ཏུ་ཟབ་པའི་རྒྱུད་སྡེ་བརྟག་གཉིས་དང་། བདེ་མཆོག་ཉུང་ངུ་སོགས་སློབ་བཤད་ཞིབ་པར་གནང་དུས་ཀྱི་མནལ་ལམ་དུ་བུད་མེད་མཛེས་མ་མཚར་སྡུག་ཕུལ་དུ་ཕྱིན་པ་ལྔ་འོང་ནས་ཞིང་གཞན་དུ་འབྱོན་པར་བསྐུལ་བའི་ལྟས་འདྲ་བྱུང་ཡང་ཞལ་བཞེས་མ་གནང་བས་ཡུན་རིང་དུ་འཚོ་ཞིང་གཞེས་ནས་བཞུགས་པའང་དེའི་རྟེན་འབྲེལ་ཡིན་པར་སེམས་སོ། །དེ་ལྟར་ངལ་བ་མེད་པར་བསླབ་སྟོན་མཛད་པས་གདུལ་བྱ་དད་བརྩོན་ཤེས་རབ་ཀྱི་སྐལ་བ་ཅན་དག་ལ་གཙུག་ལག་རིག་གཞུང་གི་ཤེས་ཡོན་གང་ལ་གང་འཚམས་ཐོབ་ཅིང་། ཐ་མ་རྣམས་ཀྱིས་ཀྱང་བཤེས་གཉེན་བསྟེན་ཚུ་གྱི་སྤང་བླང་ཐམས་ཅད་སྔོན་བྱོན་གོང་མའི་རྗེས་སུ་བྱ་མིག་གྱེན་བལྟས་བྱས་ཏེ་མཉེས་པར་མཛད་དོ། །དེ་ལྟར་ཡང་རྗེ་བླ་མས། ལས་ངན་བསེ་རུ་ཁོ་བོའི་རྭ་ཅོག་ལ། །གཞན་དབང་ཞགས་པས་ཟིན་ཏེ་དབང་མེད་དུ། །བྱང་ཐང་སྐྱ་མོའི་ལོགས་ལ་ཁ་བསྒྱུར་ཏེ། །མནོ་མེད་ཕྱུགས་དང་ལྷན་ཅིག་གནས་དགོས་བྱུང་། །དེ་ལྟ་ན་ཡང་རང་གི་ལས་སུ་བསམས། །སྐྱོ་ངལ་མེད་པར་བསླབ་སྟོན་བྱས་པ་ལས། །ཕྱུགས་ཀྱིས་རྫི་བོ་བསྟེན་ཚུལ་ཤེས་ཙམ་རེ། །བྱུང་བ་དེ་ཡང་ཐོས་པའི་ཕན་ཡོན་ཡིན། །ཞེས་གསུངས་པ་བཞིན་ནོ། །

དགུང་གྲངས་དྲུག་ཅུ་བཞེས་པའི་ཤིང་གླང་ནས་དམ་པ་འདིས་འདུས་བྱས་ཐམས་ཅད་མི་རྟག་ཅིང་འཇིག་པའི་རང་བཞིན་ཡིན་པ་བཞིན་དུ་ངེད་ཅག་སྔོན་སྨོན་གྱིས་འབྲེལ་བའི་དཔོན་སློབ་རྣམས་ཀྱང་འདུས་པའི་ཐ་མ་བྲལ་བར་ངེས་པའི་བསླབ་སྟོན་དང་། ལྷག་པར་གཏན་བདེ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་འདོད་ན་ཁ་ཕྱིར་བལྟས་ཀྱི་ཐོས་བསམ་ཙམ་གྱིས་ཆོས་ཀྱི་གནད་དོན་མི་རྟོགས་པ་དང་། ཁ་ནང་དུ་ལོག་ནས་ལྐོག་ཏུ་རང་སེམས་འདུལ་བའི་ཐབས་ཞི་ལྷག་གི་ཏིང་ངེ་འཛིན་ལ་སྦྱོར་ཚུལ་གྱི་ཞལ་གདམས་ན་མར་བསྩལ་བས་འཁོར་དུ་འཁོད་པ་ལ་ལ་ལོ་གསུམ་ཕྱོགས་གསུམ་ལ་སོགས་པའི་སྒོམ་སྒྲུབ་ལ་སྦྱོར། ལ་ལ་ལུང་གི་བསྟན་པའི་ཞབས་འདེགས་སུ་དམིགས་ནས་ཐོས་བསམ་ལ་སྦྱོར་བ་སོགས་མོས་བསམ་དབང་པོ་དང་འཚམས་པར་མཛད་དོ། །དེ་ལྟར་ཡང་རྗེ་བླ་མས། ཇི་ལྟར་གླང་ཆེན་འདུལ་སྦྱོང་མཁན་དག་གིས། །ལུས་འདུལ་སེམས་ནི་ཐུལ་བ་མི་ནུས་བཞིན། །ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་མི་སྲིད། །ཐོས་དོན་སེམས་ལ་ཕོབ་ཅིག་ཤེས་ལྡན་ཚོ། །ཞེས་གསུངས་པ་བཞིན་ནོ། །

ད་ནི་རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་མཆོག་ཕྱི་གདུལ་བྱ་གཞན་སྣང་དང་མཐུན་པར་མཁས་པའི་བྱ་བ་གསུམ་པོ་གཙོ་བོར་སྟོན་པར་མཛད་ཀྱང་ནང་དུ་གཉུག་མའི་ཡེ་ཤེས་ཀྱི་རང་བཞིན་བལྟ་བྱ་ལྟ་བྱེད་དང་བྲལ་བ་མངོན་དུ་གྱུར་ཏེ་གྲུབ་པའི་ས་ལ་བཞུགས་པས་དེ་ལྟར་མ་རྟོགས་པ་རྣམས་ལ་དམིགས་མེད་སྙིང་རྗེ་ཆེན་པོས་ལྟ་སྒོམ་གྱི་སྤུ་རིས་འབྱེད་པའི་ཞལ་གདམས་ཚིགས་སུ་བཅད་པ་བསྩལ་བ་འདི་ལྟར། ད་ནི་རང་སེམས་ཐུལ་བར་འདོད་པ་དག །ཚེ་འདིའི་ཆགས་སྡང་ཁོང་དུ་མི་འཚང་བར། །དབེན་པའི་གནས་སུ་སྒོ་གསུམ་བཅོས་ཤེས་ན། །ད་ལྟའི་ཆོས་གཟུགས་ཕལ་གྱི་དོ་ཟླ་མིན། །ལུས་ནི་རི་དྭགས་བཞིན་དུ་གཅིག་པུར་གནས། །སེམས་ནི་བྱིང་རྒོད་དབང་དུ་མ་སོང་བར། །ཐོལ་སྐྱེས་རྣམ་རྟོག་རང་ངོ་བལྟས་ཤེས་ན། །བླུན་སྒོམ་ཡིད་བྱེད་ཕལ་གྱི་དོ་ཟླ་མིན། །ནགས་སུ་འགྲིམས་པའི་ཆ་ལས་གཅན་གཟན་དང་། །མཚུངས་ཀྱང་རྣམ་རྟོག་དགྲ་རུ་མི་ལྡང་བར། །གང་ཤར་རིག་པ་རྗེན་ལ་འཕུལ་ཤེས་ན། །སྟོབས་ལྡན་དཔའ་བོ་ཕལ་གྱི་དོ་ཟླ་མིན། །རི་ལ་གནས་པའི་ཆ་ལས་སྤྲེའུ་དང་། །མཚུངས་ཀྱང་བྱ་བྱེད་ཟར་ཟིར་མ་མང་བར། །རྩོལ་མེད་ངང་དུ་ཡང་དག་འཇོག་ཤེས་ན། །མཁས་པ་རང་མཐོང་ཅན་གྱི་དོ་ཟླ་མིན། །སྦས་པའི་བརྟུལ་ཞུགས་བཟུང་ལ་ཝ་སྐྱེས་དང་། །མཚུངས་ཀྱང་རེ་དོགས་འཇུར་བུས་མ་འཆིང་བར། །སེམས་ཉིད་རིན་ཆེན་ལྟ་བའི་མིག་ཡོད་ན། །འབྱོར་ལྡན་ཕྱུག་པོ་ཕལ་གྱི་དོ་ཟླ་མིན། །ཀྱཻ་ལགས་ཉོན་དང་ཤེས་ལྡན་རི་དྭགས་ཚོ། །རི་ལ་གནས་པ་ཙམ་གྱིས་སེམས་མི་མཐོང་། །བྱ་ཁྲ་བསམ་བཞིན་གཞུང་ལ་ཕར་ལྟོས་དང་། །དེ་བཞིན་དཔྱད་པའི་ལྟ་བ་ཡོད་ན་མཐོང་། །དབྱིངས་དང་ཡེ་ཤེས་ཡེ་ནས་རང་ཆས་སུ། །གནས་ཀྱང་སེམས་ཀྱིས་བསྒྲིབས་ཏེ་མཐོང་མི་འགྱུར། །ཞི་གནས་མཚན་མ་མེད་པའི་ཏིང་འཛིན་འདི། །སོ་སོར་རྟོག་པའི་ཤེས་རབ་དུ་ལྡང་སྟེ། །དཔྱད་པ་རྣོ་ལ་མྱུར་བའི་མཆུ་ཅན་གྱིས། །སྒྲིབ་བྱེད་སེམས་ཀྱི་སྒོ་ང་བརྟོལ་ཙ་ན། །ཁྱུང་ཕྲུག་སྒོ་ངའི་སྦུབས་ནས་འཕུར་བ་བཞིན། །རིག་པ་སེམས་ཀྱི་རྒྱ་ལས་གྲོལ་བ་ཡིན། །ངེས་དོན་ལྟ་ལ་གོམས་པའི་མིག་ཅན་གྱིས། །འཁྲུལ་གཞི་སེམས་ཀྱི་རྩ་བ་ཆོད་པའི་ཚེ། །གསལ་ལ་ངོས་བཟུང་མེད་པའི་ཡེ་ཤེས་འདི། །སེམས་ཀྱི་གོ་སར་བཞུགས་པ་ལྷག་གེར་མཐོང་། །མཐོང་ཞེས་བློ་དང་མཚན་མས་མིང་འདོགས་ཀྱང་། །ཡུལ་དང་ཡུལ་ཅན་ཚུལ་གྱིས་མཐོང་བ་མིན། །དོན་དུ་བལྟ་བྱ་ལྟ་བྱེད་མེད་པས་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ཡིན། །དེ་ནས་སྒོམ་པའི་རང་ཚུགས་མ་ཤོར་བར། །ཆུ་བོའི་རྒྱུན་བཞིན་བསྐྱང་ན་རྟོགས་པ་འཆར། །སྟོང་པའི་དབྱིངས་དང་གསལ་བའི་ཡེ་ཤེས་ཀྱི། །ཆ་ལས་བྱུང་བའི་གནས་འགྱུ་ངོ་ཤེས་ཏེ། །འཕྲོ་ཡང་རིག་པའི་རང་རྩལ་ལས་མ་འདས། །འདུ་ཡང་དབྱིངས་ཀྱི་ངང་ལས་མི་འདའ་ན། །གཟིངས་ལས་འཕུར་ཞིང་བབ་པའི་བྱ་རོག་བཞིན། །སྐྱེ་མེད་དོན་ལ་བློ་གདེང་རྙེད་པར་འགྱུར། །ནང་དུ་འཇོག་པའི་རིག་ཆ་སྐྱེ་མེད་དུ། །སོང་བས་ཡུལ་གྱི་འཛིན་སྟངས་ཞིག་པ་ལས། །སྣང་བའི་ཐོག་ཏུ་སེམས་ཀྱི་འདུག་ཚུལ་རིག །ཕྱི་ལ་སྣང་བའི་གསལ་ཆ་འགགས་མེད་དུ། །ཤེས་པས་ཡུལ་སྣང་སྒོམ་དུ་ཤར་བ་ལས། །སེམས་ཀྱི་ཐོག་ཏུ་སྣང་བའི་འཆར་ཚུལ་རྟོགས། །སྒོམ་དང་མ་སྒོམ་ཁྱད་པར་མི་འདུག་ན། །དེ་ཚེ་སྒོམ་པའི་འཛིན་རྩོལ་ཞིག་པ་ཡིན། །འཁོར་འདས་དབྱེར་མེད་རྟོགས་པའི་རྣལ་འབྱོར་པ། །སྒོམ་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་འགྱུར། །ད་ནི་རང་ཡང་བགྲང་བྱའི་ཁུར་གྱིས་དུབ། །སྒྱུ་ལུས་གཡར་ཁང་འདི་ཡང་འགྱེལ་ལ་ཐུག །སེམས་ཀྱི་མགྲོན་པོའང་ལམ་དུ་ཞུགས་རན་པས། །ཤེས་ལྡན་ཁྱེད་རྣམས་བདེ་བར་བཞུགས་ཤིག་ཀྱེ། །གཏན་བདེའི་གནས་སུ་བགྲོད་པའི་བློ་ཡོད་ན། །ཞི་ལྷག་སྒོམ་པའི་གྲུ་གཟིངས་ལ་ཞུགས་དང་། །འཁོར་བའི་རྒྱ་མཚོ་བརྒལ་ལ་དཀའ་ཚེགས་མེད། །རྣམ་གྲོལ་རིན་ཆེན་གླིང་དུ་མཇལ་སྨོན་ཞུ། །ཞེས་གསུངས་པ་བཞིན་ནོ། །

རྗེ་བླ་མ་ཡང་སྐུ་ན་སྨིན་པས་དགེ་འདུན་ལྷན་ཚོགས་སུ་སྙན་གསན་ཕབ་སྟེ་རང་གནས་གྲོ་ལུང་གི་རི་ཁྲོད་དུ་ཕེབས་ཏེ་གཉུག་མའི་སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ལས་གཡོ་བ་མེད་པར་བཞུགས། དེ་གའི་སྒྲུབ་སྡེ་པ་རྣམས་ལ་བསྐྱེད་རིམ་ལྷ་ཁྲིད་ཀྱི་མན་ངག་དང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་དམིགས་ཁྲིད་སོགས་བཏབ་ནས་སྒོམ་སྒྲུབ་ལ་སྦྱོར་ཏེ་དོན་བརྒྱུད་བསྟན་པའི་མེ་རོ་གསོས་པར་མཛད། དེ་སྐབས་སྤོང་བ་པ་རྣམས་ལ་ཆོས་བརྒྱད་འདོར་ལེན་གྱི་ཞལ་གདམས་གནང་བ་འདི་ལྟར། ཆོས་རྗེ་དྲིན་ཅན་བླ་མའི་ཞབས་པད་ལ་བཏུད་ནས། །ཆོས་བཞིན་སྤྱོད་པ་དག་ལ་བསླབ་སྟོན་ཞིག་གསོལ་ན། །ཆོས་བརྒྱད་མ་སྤངས་དམ་པའི་ལྷ་ཆོས་ནི་མི་འགྲུབ། །ཆོས་དང་མཐུན་པའི་འདོར་ལེན་དམ་བཅའ་ཞིག་མཛོད་ཅིག །ནོར་རྫས་རྙེད་པར་དཀའ་བའི་སེམས་ཁོ་ལ་ཤོད་དང་། །དད་ཤིན་དཀོར་གྱི་ནོར་རྫས་བག་མེད་དུ་སྤྱོད་ན། །ཕྱི་མར་བུ་ལོན་ལུས་ལས་འཇལ་དགོས་པར་འདུག་གོ །ཆོག་ཤེས་ནོར་ལ་བསྟེན་པའི་དམ་བཅའ་ཞིག་མཛོད་ཅིག །རྙེད་མེད་མི་དགའ་བ་ཡི་སེམས་ཁོ་ལ་ཤོད་དང་། །འདོད་སྲེད་ནོར་གྱི་རྙིང་རྒྱ་དམ་པོ་རུ་ཚུད་ན། །ནམ་ཡང་འཁོར་བའི་འཕྲང་ལས་མི་ཐར་བར་འདུག་གོ །ནོར་མེད་བློ་བདེ་ཞིག་ལ་དམ་བཅའ་ཞིག་མཛོད་ཅིག །ལུས་སེམས་བདེ་ན་དགའ་བའི་སེམས་ཁོ་ལ་ཤོད་དང་། །ད་ལྟའི་འཁོར་བའི་བདེ་བ་ཆུང་ངུ་ལ་ཆགས་ན། །ནམ་གཞར་གཏན་གྱི་བདེ་བ་མི་ཐོབ་པར་འདུག་གོ །སྐྱིད་འདོད་རེ་བ་མེད་པའི་དམ་བཅའ་ཞིག་མཛོད་ཅིག །སྡུག་ན་མི་དགའ་བ་ཡི་སེམས་ཁོ་ལ་ཤོད་དང་། །རྐྱེན་ངན་མི་འདོད་སྡུག་བསྔལ་རང་ཐོག་ཏུ་བླངས་ན། །སྔར་བྱས་ལས་ངན་མཛད་པའི་ཕྱགས་ཤིང་དུ་འདུག་གོ །སྡུག་བསྔལ་དང་ལེན་བྱེད་པའི་དམ་བཅའ་ཞིག་མཛོད་ཅིག །གཏམ་སྙན་གྲགས་པར་འདོད་པའི་སེམས་ཁོ་ལ་ཤོད་དང་། །མཁས་ལོ་བཙུན་ལོ་ཟེར་བའི་ཚིག་སྐམ་ལ་རེ་ན། །རེ་བ་ཆེ་རྣམས་སྡུག་བསྔལ་ཆེ་བ་རུ་འདུག་གོ །གཏམ་རྣམས་བྲག་ཅར་ཤེས་པའི་དམ་བཅའ་ཞིག་མཛོད་ཅིག །གྲགས་མེད་མི་དགའ་བ་ཡི་སེམས་ཁོ་ལ་ཤོད་དང་། །རང་སེམས་ཁོང་དུ་སྦས་པའི་གོ་ཆ་འདི་གྱོན་ན། །ཆགས་སྡང་མཚོན་གྱིས་ཕིག་པ་དཀའ་བ་རུ་འདུག་གོ །སྦས་པའི་རྣལ་འབྱོར་བྱེད་པའི་དམ་བཅའ་ཞིག་མཛོད་ཅིག །བསྟོད་བཀུར་བསྔགས་པར་དགའ་བའི་སེམས་ཁོ་ལ་ཤོད་དང་། །ཁ་གསག་གཅམ་བུའི་ཚིག་གི་སྨྱོ་ཆུ་འདི་འཐུང་ན། །རང་རྒྱུད་ཤིང་ལྟར་རེངས་པའི་རྒྱུ་ཉིད་དུ་འདུག་གོ །གདོང་གསོལ་དགའ་སྣང་མེད་པའི་དམ་བཅའ་ཞིག་མཛོད་ཅིག །སྨད་ན་མི་དགའ་བ་ཡི་སེམས་ཁོ་ལ་ཤོད་དང་། །རང་མཚང་དྲུང་ནས་འབྱིན་པའི་ཚིག་ངན་འདི་བཟོད་ན། །རང་སྐྱོན་ངོ་སྤྲོད་སྟོན་པའི་སློབ་དཔོན་དུ་འདུག་གོ །སྨད་ཚིག་དང་དུ་ལེན་པའི་དམ་བཅའ་ཞིག་མཛོད་ཅིག །དེ་ལྟར་ཆོས་བརྒྱད་མགོ་བོ་སྙོམས་པ་ཞིག་མེད་ན། །ལྷ་ཆོས་བྱེད་ཀྱང་དོན་དུ་མི་ཆོས་ལས་མ་འདས། །དེ་འདྲའི་ཆོས་ཀྱིས་སེམས་ལ་ཕན་ཐབས་ནི་མི་འདུག །རང་སེམས་ངན་གོམས་ཆོད་པའི་དམ་བཅའ་ཞིག་མཛོད་ཅིག །ཅེས་གསུངས་པས་ཆོས་བརྒྱད་ཀྱི་ཆིངས་ཞགས་ཅུང་ཟད་ལྷོད་དེ་སྒོ་གསུམ་དུལ་བར་གནས་སོ། །དེ་ནས་གཉུག་མར་གནས་པ་རྣམས་དང་ཆོས་སྡེ་སོ་སོ་ནས་ལྷགས་པའི་སྒྲུབ་སྡེའི་སློབ་དཔོན་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། རྗེ་བླ་མ་མཆོག་ནས་བྱམས་བརྩེ་གཟིགས་པ་ཆེན་པོས་དཔལ་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་དང་། བདེ་མཆོག་ཉུང་ངུ་སོགས་བླ་མ་རང་གིས་མཛད་པའི་འགྲེལ་པའི་སྟེང་ནས་སློབ་བཤད་དཔྱིས་ཕྱིན་པར་གནང་བར་མཛད། དེ་དུས་མི་དབང་མངའ་ཞབས་ཀྱི་བཀས་བསྐུལ་ནས་སྐྱབས་མགོན་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར་རྒྱ་མཚོའི་སྙིང་པོ་རྒྱས་བསྡུས་དང་། གཞན་ཡང་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གསལ་བྱེད་སྒྲོན་མེ། བླ་མ་དྲག་པོ་ཀཱི་ལ་ཡའི་བསྙེན་སྒྲུབ་ལས་སྦྱོར་ཆིག་སྒྲིལ་གྱི་མན་ངག་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་གཏེར་མཛོད། དབྱངས་མའི་ཚོགས་གཏམ་སྐལ་བཟང་རྣ་བའི་བཅུད་ལེན་སོགས་གསར་དུ་མཛད། གདན་ས་རྙིང་པ་ལ་ཆོས་སྐྱོར་གྱི་སྲི་ཞུ་དང་། ལྷག་པར་ལོ་མཚམས་དག་གི་ཐུན་ཁང་དང་འབྲེལ་དགྱེས་རྡོར་ལྷ་དགུའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་གསར་བཞེངས་གནང་། དགྱེས་རྡོར་གྱི་ཆོ་ག་ཆོག་སྒྲིགས་མཛད་དེ་ཡོ་བྱད་སྦྱར་ནས་ལོ་ལྟར་རྒྱུན་མི་ཆད་པའི་ལམ་སྲོལ་བཟང་པོ་བཙུགས། དེ་སྐབས་རྗེ་བླ་མའི་མནལ་ལམ་དུ་ད་ལྟ་དགྱེས་རྡོར་ལྷ་ཁང་གི་ཕྱོགས་སུ་དཔའ་བོ་དཔའ་མོའི་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་བྱས་པ་ཞིག་ཀྱང་རྨིས་གསུངས། དེས་མཚོན་ངོ་མཚར་གསང་བའི་གཟིགས་སྣང་མཐའ་ཡས་ཀྱང་རང་ཅག་སྐལ་བ་དམན་པས་གོ་ཐོས་སུ་གྱུར་པ་དེ་ཙམ་ལས་གཞན་མཐའ་དག་བརྗོད་པར་མི་ནུས་པའི་ཚུལ་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཐོག་མེད་དུས་ནས་རྟག་ཏུ་འགྲོགས་པ་ཡི། །མི་འགྱུར་སེམས་ཀྱི་གཤིས་ཀྱང་མི་མཐོང་ན། །བཙན་ཐབས་སྒོམ་གྱིས་གསར་དུ་བསྐྱེད་པ་ཡི། །ཡ་མཚན་གྲུབ་པའི་གཟིགས་སྣང་ག་ལ་མཐོང་། །ཞེས་གསུངས་པ་ལྟ་བུའོ། །ཅི་ཞིག་ན་སྐུ་མཚམས་སྒྲུབ་པ་མཆོག་ནས་གསོལ་བ་བཏབ་སྟེ་དར་དཀར་འབྲུག་རྒྱས་སྒང་དུ་ཆིབས་བསྐྱོད་གནང་། དེར་སྐྱ་སེར་ཕོ་མོ་ཡོངས་ལ་རང་ལུགས་ཐུན་མོང་ཐུན་མིན་གྱི་ལམ་རིམ་དང་། རྩ་གསུམ་གཙོ་བོར་གྱུར་པའི་སྨིན་བྱེད་ཀྱི་དབང་དང་། ཟབ་ཁྲིད་བཀའ་རྒྱ་ཅན་ལྔ་ལ་སོགས་པའི་གདམས་པ་མཐར་ཆགས་སུ་བསྩལ་བས་སྐལ་བ་འགེངས་པར་མཛད། དར་དཀར་བཀྲ་ཤིས་ཡང་རྩེའི་རབ་སྡེ་ནས་གདན་འདྲེན་ཏེ་གྲུབ་ཐོབ་བརྒྱད་ཅུའི་རྗེས་གནང་དང་། མི་འཁྲུགས་པ་དང་སྤྱན་རས་གཟིགས། ཚེ་དབང་སོགས་སྨིན་བྱེད་ཀྱི་བདུད་རྩི་ཅི་དགར་འགྱེད། སླར་རང་གནས་སུ་བྱོན་ཏེ་སྤྲོས་བཅས་ཀྱི་དགེ་སྦྱོར་མཐའ་དག་སྤངས་ཏེ་གཡོ་མེད་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་ལ་བཞུགས་སོ། །

དེ་ནས་དགུང་གྲངས་དྲུག་ཅུ་རེ་ལྔ་བཞེས་པའི་རབ་མྱོས་ཞེས་པ་ལྕགས་ཕོ་རྟ་དང་། སྤྱི་ལོ་༡༩༩༠འི་ལོར་མི་དབང་མངའ་བདག་རིན་པོ་ཆེ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ཞབས་ཀྱིས་སྙིགས་དུས་བསྟན་པའི་བཀའ་བབ་ཏུ་འོས་པར་གཟིགས་ནས་གདན་འདྲེན་ཏེ་སྤུངས་ཐང་བདེ་བ་ཅན་གྱི་ཕོ་བྲང་དུ་ཕྱག་ཕེབས། དེར་དབོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་གཟའ་ཚེས་དུས་སྦྱོར་ཕུན་སུམ་ཚོགས་པའི་ཉིན་བསུ་བ་གསེར་སྦྲེང་གི་བཀོད་པས་མདུན་བདར་ནས་དཔལ་འབྲུག་པའི་སྐུ་གདུང་ཡིད་བཞིན་ནོར་བུའི་སྤྱན་སྔར་མཆོད་སྤྲིན་གྱི་བཀོད་པ་མཛེས་པས་བརྒྱན་པ་ལ་ཟོང་སྣ་རིགས་ལྔའི་གྲངས་ཀྱི་ཕྱག་རྟེན་དང་ཡན་ལག་བདུན་པའི་ལྷ་ཕྱག་སྔོན་དུ་བཏང་ནས། ཆོས་སྲིད་བསྟན་པའི་བདག་པོར་མངའ་གསོལ་བའི་བཀྲ་ཤིས་པའི་ལྷ་གོས་སྲིད་དུ་རིང་བ་རིགས་ལྔའི་མདངས་ཀྱིས་མཛེས་པའི་མགུལ་དར་བཞེས། དེ་ནས་མཁན་ཟུར་རྡོ་རྗེ་འཛིན་པ་ཆེན་པོས་དར་དཀར་གྱི་ཕྱག་རྟེན་དང་བཅས་རྡོར་དྲིལ་རྩིས་འབུལ་མཛད་དེ་དཔལ་འབྲུག་པའི་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་བའི་རྟེན་འབྲེལ་དགེ་བར་བྱས་སོ། །སྤོས་དང་རྒྱ་གླིང་པས་སྣ་དྲངས་ནས་ཆིབས་གྲལ་དལ་གྱིས་ཕེབས་པའི་སྔོན་རྗེས་སུ་མི་དབང་མངའ་ཞབས་རྒྱལ་སྲས་བཙུན་མོའི་ཚོགས་དང་། མཁན་ཟུར་རྡོ་རྗེ་འཛིན་པ་ཆེན་པོ་འཁོར་རིག་པ་འཛིན་པའི་དགེ་འདུན་བརྒྱ་ཕྲག་དུ་མའི་ཚོགས་དང་བཅས་ཀུན་དགའ་ར་བ་རྟེན་གསུམ་རྒྱ་མཚོས་བརྗིད་པའི་ཚོམ་ཆེན་པོའི་དགུང་དུ། སྟོན་པའི་རྒྱལ་ཚབ་དགྲ་བཅོམ་གནས་བརྟན་མཁན་རབས་རྣམས་རིམ་པར་བྱོན་པའི་གདན་སེངྒེའི་ཁྲི་བཤམས་པ་ལ། མཚོ་སྐྱེས་རྒྱལ་བའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་སྡོམ་བརྩོན་སྡེ་སྣོད་འཛིན་པ་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་བྱོན་པ་མཚན་དུ་སྨོས་ན་ངག་དབང་དགེ་འདུན་རིན་ཆེན་ཞེས་གྲགས་པ་དེ་ཉིད། སྐུ་ཆོས་གོས་རྣམ་གསུམ་གྱིས་ཀླུབས་པས་གཟི་བརྗིད་ཉིན་མོར་བྱེད་པ་ལྟ་བུ་ལྷམ་མེར་གསལ་བའི་གཡས་གཡོན་དུ་གོང་ས་དང་མཁན་ཟུར་རྣམ་གཉིས་ཀྱིས་གྲལ་གོང་མནན་ཅིང་དགེ་འདུན་བརྒྱ་ཕྲག་མང་པོས་མཐའ་བརྒྱན་ཏེ་བཞུགས་པ་ལ། ཐོག་མར་རྟེན་འབྱུང་གི་སྒོ་ཟབ་མོ་དབྱེ་བའི་ཆེད་དུ་གྲོ་མ་དང་། དྲི་བཟང་། བསོད་ནམས་མཆོད་ཇ། འབྲས་བསྲེས་ལ་སོགས་པ་དང་། ཤིང་འབྲས་སྣ་ཚོགས་ལ་སོགས་པ་མཚར་ཟས་ཀྱི་སྟོན་མོ་བྲིམ་པ་དང་ལྷན་ཅིག་དགེ་འདུན་འདུས་པ་རྒྱ་མཚོ་ཐམས་ཅད་ནས་མགྲིན་གཅིག་ཏུ་འཁྲུངས་རབས་ཕུན་སུམ་ཚོགས་པ་དལ་གྱིས་འདོན་པའི་མཐར། མཚུངས་མེད་འགྲོ་བའི་དཔལ་མགོན་ལུང་རྟོགས་བསྟན་པའི་སྣང་བྱེད་མཁན་ཟུར་བསྟན་འཛིན་དོན་ཀུན་གྲུབ་པས་གང་སྐུ་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་འཕང་མཆོག་ལ་སྐུ་ཚེ་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་འཚོ་ཞིང་གཞེས་ཏེ་བསྐལ་པ་རྒྱ་མཚོར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་བསྐོར་བའི་རྟེན་འབྱུང་དུ་ཚངས་སྤྱོད་དྲང་སྲོང་བདེན་པའི་གསུང་གི་བརྟན་བཞུགས་འདི་ལྟར་འབུལ་བ་གནང་སྟེ། ཨོཾ་སྭསྟི། མདོ་སྔགས་མང་ཐོས་ལུང་གིས་སྤྲིན་འཁྲིགས་ཤིང་། །མངོན་རྟོགས་བསླབ་གསུམ་ལུས་ཀྱི་རྩལ་རྫོགས་ཏེ། །ཟབ་རྒྱས་ཆོས་སྒྲ་སྒྲོག་པའི་མགྲིན་སྙན་ཅན། །དགེ་འདུན་རིན་ཆེན་བསྐལ་བརྒྱར་འཚོ་གཞེས་གསོལ། །སེམས་ཀྱི་རང་བཞིན་འགྱུར་མེད་བདེ་ཆེན་དང་། །རྩལ་གདངས་སྣ་ཚོགས་སྐྱེ་འགག་གནས་བྲལ་ཆ། །ཀུན་ཀྱང་ཟུང་འཇུག་ཀློང་ཡངས་ཆེར་རྫོགས་པ། །མཚུངས་མེད་རིགས་ཀྱི་བདག་པོར་འཚོ་གཞེས་གསོལ། །དེ་ལྟར་སྙིང་ནས་གསོལ་བ་བཏབ་པའི་མཐུས། །མགོན་ཁྱོད་རྡོ་རྗེ་ཁྲི་ལ་རྟག་བརྟན་ཅིང་། །རྒྱ་ཆེ་རྒྱུན་མི་ཆད་པའི་ཕྲིན་ལས་ཀྱིས། །བསྟན་ལ་སྨན་ཞིང་འགྲོ་དོན་མཐར་ཕྱིན་ཤོག །ཅེས་ཕུལ་བར་མཛད། དེ་ནས་བསླབ་གསུམ་གྱིས་ཐུགས་རྒྱུད་གཏམས་པ་སྒྲ་སློབ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ཞབས་ནས་ཕུན་ཚོགས་ལྔ་ལྡན་དང་། སྐུ་གསུམ་མཎྜལ་གྱི་བཤད་པ་ལུང་རིགས་དང་སྦྱར་བ་རྒྱས་པར་གནང་ནས་སྐུ་གསུང་ཐུགས་རྟེན་སོགས་རིམ་པར་འབུལ། གོང་ས་དང་མཁན་ཟུར་རྣམ་གཉིས་ཀྱིས་གཙོས་ལྗོངས་འདིའི་ཆོས་སྡེ་ཁག་དང་ཞི་དྲག་གི་དཔོན་ཁག་དད་ལྡན་གྱི་མི་སེར་སོགས་ལྷ་སྡེ་མི་སྡེ་ཡོངས་ཀྱི་གཙུག་ཕུད་ཀྱིས་བཏུད་དེ་འབུལ་ཚན་གྱི་རིམ་པ་འོད་ཡངས་ཚ་བོའི་མཛོད་ལས་དྲངས་པ་ལྟ་བུ་བསམ་པའི་རྭ་བ་ལས་འདས་པ་དགུང་དུ་བརྩེགས་ཏེ་སྐྱབས་མགོན་ངག་གི་དབང་པོའི་རྒྱལ་ཚབ་ཆོས་ཚུལ་མ་ལུས་པའི་བདག་པོར་མངའ་གསོལ་བའི་བརྟན་བཞུགས་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བར་གྱུར་ཏོ། །

དེའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཞལ་ནས་ལེགས་སོའི་དབྱངས་ཀྱིས་བསྔགས་པའི་ཚུལ་ཡང་གདོན་མི་ཟ་སྟེ། ཀུན་མཁྱེན་ཆེན་པོས། དཀྱིལ་འཁོར་འཁོར་ལོ་མ་ལུས་པའི། །གཙོ་བོའི་གནས་བཞུགས་སློབ་དཔོན་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པར། །བཏུད་དེ་དབང་གི་ཆོ་ག་བཤད། །ཅེས་གསུངས་པ་ལྟར་རོ། །དེ་ནས་མཁན་པོ་རིམ་བྱོན་གྱི་གཟིམས་ཁང་དུ་ཕེབས་ཏེ་བཞུགས་གྲལ་དང་། བཟང་རྒུའི་མཚར་ཟས་སྣ་ཚོགས་ལ་དགྱེས་པར་རོལ་ནས་ཐོག་མའི་རྟེན་འབྲེལ་བསྒྲིགས་པར་བྱས། དེར་ཕྱོགས་ཕྱོགས་ནས་ལྷགས་པའི་སྐྱེ་འགྲོ་མཆོག་དམན་ཀུན་དང་ཐུན་མོང་དུ་གར་འཆམ་གྱི་རིགས་དང་། སྐྱེས་པ་དང་བུད་མེད་དག་གི་གླུ་གཞས་ཀྱི་གཟིགས་མོ་དག་ཀྱང་སྒྱུ་མ་ལྟ་བུ་དགྱེས་པར་རོལ། ཟས་ཀྱི་སྟོན་མོ་བཟང་པོས་ཐམས་ཅད་ཡིད་ཚིམས་པར་མཛད་པས་སྐལ་བ་འགེངས་པར་བྱས་སོ། །དེ་ནས་རྟེན་གསུམ་ལ་མཆོད་སྤྲིན་དཔག་མེད་དང་། དགེ་འདུན་ལ་མང་ཇ་སྐྱབས་རྟེན་དང་བཅས་པ། རྫོང་གཞིའི་ཉམས་གསོའི་ལས་བྱེད་པ་རྣམས་ལ་བཟའ་བཏུང་དང་དངུལ་ཀྲམ་གྱི་གནང་སྦྱིན་བཅས་གྱ་ནོམ་པ་བསྩལ་བར་མཛད། དགེ་འདུན་པ་ཡོངས་ལ་ཆོས་དང་མཐུན་པའི་བསླབ་བྱ་བཟང་པོས་ཀུན་སྤྱོད་བག་ཡོད་ཀྱི་རྭ་བར་བཅུག་ནས་དཔལ་འབྲུག་པའི་བཅའ་ཡིག་ཆེན་མོ་བཞིན་མཛད་དགོས་པའི་ཞལ་གདམས་ཞིབ་པར་ཡང་ཡང་བསྩལ། ཐོག་མར་སྤུངས་ཐང་དུ་ཆོས་ཀྱི་མཛོད་སྒོ་དབྱེ་ནས་སྐྱ་སེར་ཕོ་མོ་ཡོངས་ལ་སྐྱབས་མགོན་ངག་དབང་རྣམ་རྒྱལ་ལ་བརྟེན་པའི་ཚེ་དབང་རྒྱས་པ་དང་བྱིན་རླབས་ཀྱི་བསྒྲུབས་རིལ་སྲུང་མདུད་དང་བཅས་ཀུན་ལ་ཁྱབ་པར་གནང་། ཟླ་གསུམ་པའི་ཚེས་ལ་འདུ་ཁང་ཆེན་མོར་མགོན་པོའི་རྟེན་མདོས་དང་། ཞབས་དྲུང་སྐུ་མཆོད་ཀྱི་ཚོགས་དབུར་ཕེབས་པ་སོགས་སྤུངས་རྫོང་དུ་མཛད་སྒོའི་རིགས་མཐའ་དག་སྔོན་སྲོལ་ལས་མི་དམན་པར་མཛད། དེ་ནས་རིམ་གྱིས་ས་ག་ཟླ་བའི་ཡར་ཚེས་གཅིག་ལ་དབྱར་གནས་བསིལ་ལྡན་མངྒ་དྷའི་གཙུག་ལག་ཁང་དུ་གསོལ་ཐབས་ཐེག ཐོག་མར་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དང་། ཚེས་གསུམ་ནས་འདུས་དམང་གི་སྐུ་རིམ་བླ་མ་དྲག་པོ་ཀཱི་ལ་ཡའི་སྒྲུབ་ཆེན་དང་། དཔལ་ལྡན་ལྷ་མོ་བཀའ་སྲུང་དང་བཅས་པ་ལ་བསྐང་བ་ཕྲིན་ལས་ཀྱི་རིམ་པ་གཉེར་དུ་གཏད་པའི་ཚོགས་དབུར་ཕེབས་པས་གཙོས་དབྱར་ཟླ་དྲུག་གི་རིང་འབུམ་གཏེར་ཆེན་མོའི་རིགས་མཐའ་དག་ལ་ཕེབས་པར་མཛད། སླར་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཉིན་སྤུངས་ཐང་བདེ་ཆེན་ཕོ་བྲང་དུ་གསོལ་ཐབས་ཕེབས། དེར་ཡང་དམང་གི་སྐུ་རིམ་གྱིས་གཙོས་འབུམ་གཏེར་ཆེན་མོའི་ཚོགས་གཙོར་བྱོན་དགོས་པའི་རིགས་ཆག་མེད་དུ་ཕེབས་པར་གནང་། ལོ་བསྟར་ཆོ་འཕྲུལ་དུས་ཆེན་དང་བསྟུན་དགེ་ཚུལ་སློང་གི་དངོས་པོར་བསྒྲུབ་པའི་མཁན་པོ་མཛད་པ་དང་། ཆོས་སྡེ་ཁག་ཏུ་དགེ་སློང་སྒྲུབ་པར་གནང་བའི་གྲངས་ཀྱང་བརྒྱ་ཕྲག་མང་པོར་ལང་བ་སོགས་ཁྲི་མ་བཤོལ་གྱི་བར་བསྟན་འགྲོར་སྨན་པའི་མཛད་བཟང་བླ་ན་མེད་པས་འགྲོ་རྣམས་བདེ་བར་འཚོ་བའི་ཐབས་ཚུལ་སྦྱིན། ལྷག་པར་ལྕགས་རྟའི་དུས་ཀྱི་ཟིངས་རྐྱེན་སྐབས་སྲིད་པ་སྤྱི་མདོས་སོགས་མངོན་སྤྱོད་དྲག་པོའི་འཕྲུལ་འཁོར་སྣ་ཚོགས་པའི་མཐུས་ཟློག་པར་མཛད་དེ་ད་ལྟའི་བར་དུ་རྒྱལ་ཁབ་ཞི་བདེ་ལ་གནས་པའང་རྗེ་བླ་མའི་བཀའ་དྲིན་ཡིན་པར་འཁུམས། དེ་ནས་དགུང་གྲངས་དྲུག་ཅུ་རེ་དྲུག་ལ་ཡབ་ཨུ་རྒྱན་རྡོ་རྗེ་སྐུ་འཁོར་ནས་གདན་འདྲེན་ཏེ་སྤ་གྲོ་ཀུན་དགའ་ཆོས་གླིང་ལ་རབ་གནས་ཉིན་གསུམ་དང་། གསང་ཆེན་ཆོས་འཁོར་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པའི་བཀྲ་ཤིས་པའི་རབ་སྟོན་ཉིན་གསུམ་གྱི་བར་རྒྱས་པར་གནང་སྟེ་ལྷ་གནས་བྱིན་རླབས་ཀྱི་གཟི་འོད་བཀྱེ་བར་མཛད། དཔལ་མགོན་ལྕམ་དྲལ་གྱི་ཚོགས་ལ་བསྟན་པ་དར་རྒྱས་སུ་འགྱུར་བའི་ཕྲིན་ལས་བཅོལ་ནས་བཤད་གྲྭ་ཕྱག་བཏབ། ཐོག་མའི་རྟེན་འབྲེལ་དང་འབྲེལ་བའི་ཆོས་མཐུན་ཡང་རྗེ་བླ་མས་གནང་བར་མཛད། སླར་ཐིམ་ཕྱོགས་སུ་ཕེབས་གྲུབ་རྗེས་ཆུ་ཁའི་ཕྱོགས་སུ་རབ་སྡེ་གྲྭ་ཚང་གསར་འཛུགས་ཀྱི་སྒོ་འབྱེད་རྟེན་འབྲེལ་དང་འབྲེལ་ཏེ་ཆིབས་བསྐྱོད་གནང་ནས་ཉིན་གསུམ་གྱི་རིང་གུ་རུ་དྲག་པོ་ཀཱི་ལ་ཡ་དང་། སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་། ཚེ་དབང་དང་མ་ཎི་བཛྲ་གུ་རུའི་བཟླས་ལུང་སོགས་སོ་སོའི་བློ་དང་འཚམས་པའི་ཆོས་ཀྱི་འབྲེལ་བ་བཞག་པས་སྐལ་བ་འགེངས་པར་མཛད། དགུན་བཞུགས་སྤུངས་རྫོང་དུ་དགེ་འདུན་པ་བརྒྱ་སྐོར་ཙམ་ལ་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་རྗེ་རང་གིས་མཛད་པའི་སྟེང་ནས་སློབ་བཤད་དང་མགོན་པོ་ལྷ་མང་གི་བསྐྱེད་རིམ་གྱི་མན་ངག་སོགས་གང་ལ་གང་འདོད་དུ་སྩལ། དགུང་གྲངས་རེ་བདུན་བཞེས་པའི་སྐབས་ཕྱོགས་ཀྱི་རྫོང་ཁག་སོ་སོ་ནས་གསོལ་བ་བཏབ་པ་ལྟར་ཐོག་མར་སྤུངས་ཐང་ནས་ཆོས་རྩེར་ཆིབས་བསྐྱོད་གནང་། དེ་ནས་རིམ་པར་བུམ་ཐང་སྐུ་རྗེས། ལྷུན་རྩེ་རབ་སྡེ། མོང་སྒར། བཀྲ་ཤིས་སྒང་། བཀྲ་ཤིས་གཡང་རྩེ། ཝོམ་རོང་། པདྨ་དགའ་ཚལ། བསམ་གྲུབ་ལྗོངས། དགེ་ལེགས་ཕུ། གཞལ་མོ་སྒང་སོགས་ཕྱོགས་ཀྱི་རྫོང་ཁག་དང་སྨན་ཁང་ཡུལ་གྲུ་སོགས་གང་དང་གང་དུ་བྱོན་པ་ཐམས་ཅད་དུ་བསངས་ཀྱི་དུད་སྤྲིན་ནམ་མཁའི་ཕ་མཐར་ཁྱབ་པ་དང་། བསུ་བ་གསེར་སྦྲེང་གི་བཀོད་པ་ཆོས་བཟང་ལྷའི་མདུན་ས་ལྟ་བུ་བསམ་པའི་རྭ་བ་ལས་འདས་པ་དང་། རང་རང་གི་ཡུལ་ན་མཆོག་ཏུ་བསྔགས་པའི་བཟའ་བཏུང་སྣ་ཚོགས་པའི་ཕུད་ཀྱིས་མཆོད་ཅིང་བཀུར་སྟིའི་རྣམ་པ་ཅི་འགྲུབ་ཞུས། གྲྭ་ཚང་དང་མི་དམང་ཡོངས་ལ་ལམ་ཟབ་བླ་མ་རིགས་དྲུག་པ་དང་། རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་མ། སྤྱན་རས་གཟིགས་གསེར་ཕྲེང་། ཨུ་རྒྱན་ཚེས་བཅུའི་རྗེས་གནང་། རྟ་ཕྱག་ཁྱུང་གསུམ། ཚེ་དཔག་མེད་ཞི་ཁྲོ་སོགས་སྨིན་བྱེད་དབང་གི་རིམ་པ་དུ་མ་དང་། ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་མ་དང་། བཛྲ་གུ་རུའི་བཟླས་ལུང་སོགས་མོས་བསམ་དབང་པོའི་བྱེ་བྲག་དང་འཚམས་པར་ཅི་དགར་བསྩལ་བས་འབྲེལ་ཚད་དོན་ལྡན་གྱི་གནས་ལ་བཀོད་དེ་ཡུལ་ཕྱོགས་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་དགེ་ལེགས་ཀྱི་མེ་ཏོག་འཐོར་བར་མཛད། དེ་དུས་བཀྲ་ཤིས་གཡང་རྩེ་མཆོད་རྟེན་སྐོར་རར་ཁྲོམ་དབང་གནང་སྐབས་གནམ་གཤིས་དྭངས་པའི་ངོས་ལས་མེ་ཏོག་གི་ཆར་སིལ་མར་བབས་པ་དང་། ལྷག་པར་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་སྒོམ་ཕུག་སྐོར་རར་གནས་གཟིགས་དང་བཀའ་དབང་གནང་དུས་བྲག་ལས་བདུད་རྩིའི་རྒྱུན་ཆེས་ཆེར་བབས་ཏེ་ཀུན་གྱིས་ལོངས་སྤྱོད་པའི་སྐལ་བཟང་རྙེད་པ་སོགས་དགེ་ལེགས་ཀྱི་མཚན་མ་མང་དུ་བྱུང་། སྔོན་ཆད་ཆོས་ཀྱི་སྐལ་བས་ཕོངས་པ་ཁྲི་ཁྲག་མང་པོ་གསང་སྔགས་ཟབ་མོའི་དབང་ཆོས་ཀྱིས་ཚིམས་པར་མཛད། ཡུལ་གྱི་བདུད་རྩི་དགྱེས་པར་རོལ་བཞིན་སླར་ཆོས་རྩེ་བརྒྱུད་དེ་སྤུངས་ཐང་དུ་ཕྱག་ཕེབས། ཡང་རིན་སྤུངས་གྲྭ་ཚང་ནས་གདན་འདྲེན་ཏེ་སྤ་ལུང་སྤྱིའི་སེར་སྐྱ་ཕོ་མོ་ཡོངས་ལ་སྐྱབས་མགོན་ངག་དབང་རྣམ་རྒྱལ་ལ་བརྟེན་པའི་ཚེ་དབང་དང་། ཡི་གེ་དྲུག་མའི་བསྒོམ་བཟླས་སོགས་ཅི་དང་ཅི་འདོད་པ་བསྩལ་བས་བསྔགས་བརྗོད་གུར་གུམ་གྱི་དྲི་ཡིས་ཕྱོགས་མཐར་ཁྱབ། དེ་དུས་དབུས་ཕྱོགས་གདན་ས་ཕན་ཚུན་དུའང་དབང་ཆོས་དང་བསྐྱེད་རིམ་གྱི་མན་ངག་སོགས་འཕྲིན་ལས་རྣམ་བཞིའི་སྒོ་བརྒྱ་དུས་གཅིག་ལ་འབྱེད་དེ་འགྲོ་རྣམས་བདེ་བར་འཚོ་བའི་བཀའ་དྲིན་མཛད། དགུང་གྲངས་རེ་བདུན་བཞེས་པའི་ཆུ་སྤྲེལ་ལ་སྔོན་སྨོན་རྣམ་དཀར་གྱི་འབྲེལ་བ་དུས་སུ་སྨིན་པས་རྗེ་བླ་མ་ལ་མི་ཕྱེད་པའི་དད་པ་འཆང་ཞིང་ཞབས་ཏོག་གཏོས་ཆེར་སྒྲུབ་པ་ཕུན་ཚོགས་སྡེ་བཞིའི་དཔལ་ལ་རང་དབང་དུ་སྤྱོད་པ་ཨ་ཞེ་བུ་དར་དང་སྦྱིན་བདག་ཨོ་རྒྱན་ལྷན་རྒྱས་དང་། དྲག་ཤོས་པ་སངས་རྡོ་རྗེ་བཟའ་ཚང་བཅས་པས་ཡོན་བདག་བྱས་ཏེ་གསོལ་བ་བཏབ་པའི་ངོར། ཁ་བཞིའི་དབུས་འགྱུར་འཆང་ཐིམ་ཕྱོགས་བཀྲ་ཤིས་ཆོས་རྫོང་གི་ཉེ་འདབ་ཅང་གླིང་མའི་ཐང་དུ་སྐྱ་སེར་ཕོ་མོ་ཁྲི་ཁྲག་ལས་འདས་པའི་ཚོགས་ལ་རང་རེ་དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཐུན་མོང་ཐུན་མིན་གྱི་ལམ་རིམ་གྱི་ཁྲིད་མཐར་ཆགས་སུ་བསྩལ་རྗེས། ལམ་ཟབ་བླ་མ་རིགས་དྲུག་པའི་དཀྱིལ་འཁོར་དུ་འཇུག་པ་སོགས་སྨིན་བྱེད་ཀྱི་དབང་བསྐུར་གྱི་རིམ་པར་སྩལ་སྐབས། མི་དབང་མངའ་ཞབས་ཀྱི་ཐུགས་ལའང་མི་ཕྱེད་པའི་དད་པ་བླ་ལྷག་ཏུ་འཁྲུངས་ནས་ཡོན་བདག་མཛད་དེ་བདེ་མཆོག་བཅུ་གསུམ་མའི་དབང་ཆེན་གསན། གྲྭ་ཚང་དང་ཆོས་སྡེ་ཁག །དད་ལྡན་གྱི་མི་དམངས་ཡོངས་ནས་དབང་དང་མཎྜལ་སྐུ་གསུང་ཐུགས་རྟེན་གྱི་སྦྱིན་བདག་ཀྱང་ཉིན་རིམ་བཞིན་གྲངས་ཀྱིས་མི་ཆོད་པ་ཙམ་བྱུང་། སྨིན་ཟིན་གྲོལ་བར་བྱེད་པ་གདམས་ངག་སྡོང་པོ་གསུམ་དྲིལ་གྱི་ཆོས་ཆར་ཅིག་ཅར་དུ་ཕབ་སྟེ་འགྲོ་བའི་བདེ་སྐྱིད་ཀྱི་རྒྱ་མཚོ་དགུང་དུ་འཕྱུར་བའི་ཕན་བདེ་བླ་ན་མེད་པའི་རླབས་ཕྲེང་དབང་ཆེན་འཛིན་མའི་ཁྱོན་ཀུན་ཁྱབ་པར་བརྡལ་ཏེ་སྐལ་བཟང་རྫོགས་ལྡན་གསར་པའི་ལང་ཚོ་མགྲོན་དུ་ཁུག་པའི་བཀྲིན་མཛད། དེ་ལྟར་གྲུབ་རྗེས་ཆོས་མཐུན་གྱི་བུ་སློབ་རྣམས་ལ་སྐུ་མཆོད་མ་དངུལ་གང་ལ་གང་འཚམས་རེ་དང་། རྗེ་རང་གི་གསུང་འབུམ་ཡོངས་རྫོགས་རེ་རེ་གྲྭ་ཚང་དང་ཆོས་སྡེ་སོ་སོ་ལ་གཏན་འཇགས་སུ་བཀྱེ་བར་བྱས་སོ། །རང་རེ་ལྗོངས་འདིའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་མཐུ་ཆེན་བླ་མ་ལ་ཐུན་མོང་མ་ཡིན་པའི་ངེས་གསང་རིག་པའི་ཐུགས་བསྐྱེད་ཟླ་མེད་དུ་གྱུར་པས་འཁྲུངས་རབས་ཕུན་སུམ་ཚོགས་པའི་གོས་སྐུ་མཐོང་གྲོལ་ཆེན་མོ་གསར་བཞེངས་ཀྱི་ལས་འགོ་བཙུགས། དེ་སྐབས་རྗེ་རང་གི་ཕྱག་ལ་དད་ལྡན་གྱི་སྦྱིན་བདག་སོ་སོ་ནས་དབང་ཆོས་ཀྱི་འབུལ་བ་བྱུང་ཚད་དང་། གཤིན་པོའི་སྒྲིབ་སྦྱོང་གི་ཆེད་དུ་བསྔོ་རྟེན་གྱི་དངོས་འབུལ་ཆེ་ཕྲ་ཅི་བྱུང་བ་ཐམས་ཅད་ཆུད་སོན་དུ་རྡུལ་ཙམ་ཡང་མི་གཏོང་བར་འབྲེལ་ཐོགས་ཐམས་ཅད་གཏན་བདེ་རྫོགས་བྱང་ལ་འགོད་པའི་དོན་དུ་དེ་དང་དེའི་རྒྱུར་བསྔོས་ཏེ་གནང་བ་སོགས་ཐམས་ཅད་ཡོངས་བསྡོམས་དངུལ་ཀྲམ་ས་ཡ་གཉིས་ཙམ་འགྲོ་གྲོན་བཏང་ནས་བཞེངས་པར་གནང་། དགུང་གྲངས་རེ་བརྒྱད་བཞེས་པའི་ཆུ་བྱ་ལ་སྤུངས་རྫོང་དུ་ཆོས་རྗེ་འབྲུག་པའི་བསྟན་ཞབས་སུ་གཏོགས་པའི་རྒྱལ་བློན་འབངས་འཁོར་ཐམས་ཅད་འདུས་ནས་མཐོང་གྲོལ་ཆེན་མོའི་མཇལ་ཁ་དང་། བཀྲ་ཤིས་བྱིན་འབེབས་ཀྱི་མཐའ་རྟེན་རྒྱས་པར་བྱས་ནས་མཇལ་ཚད་ཐམས་ཅད་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་བཅད་དེ་མཐོ་རིས་དང་ཐར་པའི་ལམ་ལ་འགོད་པར་མཛད་པའི་བཀྲིན་གྱི་ཕ་མཐའ་སུས་གཞལ་བར་ནུས་ཏེ་མི་ནུས་སོ། །

དགུང་གྲངས་དོན་གཅིག་བཞེས་པའི་མེ་བྱི་ནས་སྐུ་ན་ཆེས་སྨིན་པའི་ངལ་བ་དང་སྐུ་ལ་བྲོ་འཚལ་བའི་སྣང་ཚུལ་ཙམ་བསྟན་ནས་གོང་ས་དང་འདུས་དམངས་ལ་དེ་ལུགས་ཀྱི་སྙན་གསན་ཕབ། ནག་པ་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་ཐུགས་སྲས་བུ་སློབ་ཡོངས་ཀྱི་ཐུ་བོ་རྡོར་སློབ་མཆོག་སྤྲུལ་འཇིགས་མེད་ཆོས་གྲགས་རྗེ་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་མཛད་དེ་རྡོར་དྲིལ་རྩིས་འབུལ་སོགས་སྔར་ལུགས་བཞིན་གནང་ནས་ཐོག་མའི་རྟེན་འབྲེལ་དགེ་བར་བྱས་སོ། །དེ་ནས་རྗེ་བླ་མ་གྲོ་ལུང་གསང་སྔགས་ཆོས་གླིང་གི་གདན་སར་ཕེབས་ནས་དབེན་པའི་བདུད་རྩི་བསྟེན་པར་བཞེད་ཀྱང་མཛད་པའི་ཕྱག་རྗེས་ཆེ་བ་ལ་བརྟེན། གཞུང་ཞབས་ནས་གཞན་དང་མི་མཉམ་པའི་གུས་བཀུར་ཆེ་བར་གནང་སྟེ་ཕེབས་འགྲུལ་སྣུམ་འཁོར་གྱི་ལམ་དང་འབྲེལ་ཞིང་སྨན་ཁང་དང་ཧ་ཅང་རིང་བ་མ་ཡིན་པ་ཕུན་སུམ་ཚོགས་པའི་གཟིམ་ཁང་ཞིག་གྲབ་སྒྲིག་མཛད་ནས་དེར་བཞུགས་དགོས་པའི་སྙན་གསན་ཕབ་པ་བཞིན་ཞལ་བཞེས་གནང་། ཟླ་དེའི་ཚེས་བཅུ་བདུན་ལ་དགེ་འདུན་གྱི་ཀུན་དགའ་རྭ་བའི་ཆབ་སྒོར་རབ་དཀར་སྲིད་དུ་རིང་བའི་ལྷ་གོས་དཔྱངས་ཏེ་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ལྡན་མཁའ་ལ་སྒྲ་སྒྲོག་དབང་པོའི་རིང་ལུགས་དར་རྒྱས་སུ་འབྱུང་བའི་ཐུགས་སྨོན་རྒྱ་ཆེན་པོ་གནང་ནས་ཀུན་དགའ་རྭ་བ་གཡས་བསྐོར་གྱིས་ཕེབས། མཁན་ཁྲི་པས་ཀྱང་རྫོང་གི་སྒོ་ར་ཆེན་མོ་ཚུན་བསྐྱལ་ཐུང་ཞུས་པ་ལ། བཀའ་སློབ་ཞིབ་པར་གསུངས་ནས་བྱམས་བརྩེས་འབྲལ་མི་ཕོད་བཞིན་སོ་སོར་གྱེས། འདུས་དམང་བྱིངས་ཀྱིས་ཁྲུས་སྤང་ཚུན་ཞབས་བསྐྱལ་ཞུས་པ་ལ་བྱིན་མདུན་དང་དངུལ་ཀྲམ་གྱི་གནང་སྦྱིན་སོགས་བསྩལ་ཏེ་སླར་ལྡོག །དེ་ནས་རྗེ་བླ་མ་ཕེབས་འགྲུལ་ལ་ཞུགས་ནས་ཞལ་སློབ་ཀྱི་ཚོགས་དང་ཞི་དྲག་གི་དཔོན་ཁག་རྣམས་ཀྱིས་ཞབས་འདེགས་ཞུས་རྡོ་སྐྱོང་ལ་བརྒྱུད་དེ་དབྱངས་ཅན་ཕུ་བྱང་ཆུབ་སྡིངས་ཀྱི་གཟིམ་ཁང་དུ་ཕྱག་ཕེབས་གནང་སྟེ་ཐུགས་འགན་སྤངས་ནས་སྐུ་ཁམས་ཀྱི་ངལ་བ་གསོས་པས་དགྱེས་བཞིན་བཞུགས་སོ། །དེ་སྐབས་སྦྱིན་བདག་སོ་སོའི་མོས་ངོ་དང་བསྟུན་པའི་བཀའ་ཆོས་གང་ལ་གང་འཚམས་རེ་བསྩལ་ནས་བཞུགས་དུས་ཕ་ཇོ་ནས་གསོལ་བ་བཏབ་པའི་ངོར་ཞབས་དྲུང་དག་སྣང་མའི་ཚེ་དབང་སྩལ་བ་འདི་ནི་སྐུ་དངོས་ཀྱི་བཀའ་དབང་གནང་བའི་ཐ་མར་གྱུར་པའོ། །དེའི་སྟོན་ཀར་གཞུང་ཞབས་ནས་གཟིགས་བསྐྱངས་ཚད་མེད་པའི་རོགས་རམ་ལ་བརྟེན། གྲོ་བོ་ལུང་གི་གདན་ས་གཞི་ནས་ཉམས་བཅོས་ཀྱི་སྲི་ཞུ་བླ་ན་མེད་པ་གཉྫི་ར་དང་བཅས་པ་ངོ་མཚར་རྨད་དུ་བྱུང་བ་བསམ་པའི་རྭ་བ་ལས་འདས་པ་ལེགས་པར་གྲུབ་པའི་རབ་གནས་ཀྱི་ཆེད་དུ་སྨིན་དྲུག་ཟླ་བའི་ཡར་ཚེས་བཅུ་གཉིས་ལ་གདན་སར་ཕེབས། དེར་གཙུག་ལག་ཁང་ཕྱི་ནང་གི་བཀོད་པ་ཐམས་ཅད་སྤྱན་གྱིས་གཟིགས་རྟོག་ལེགས་པར་གནང་ནས་མཚན་སློབ་སངས་རྒྱས་རྡོ་རྗེ་དང་། ལས་བྱེད་ཀྱི་འགོ་འདྲེན་པ་དྲག་ཤོས་ཆོས་ཀྱི་སེངྒེ་སོགས་སྐུ་དྲུང་ན་མཆིས་པ་རྣམས་ལ་ད་ནི་ངའི་བསམ་པའི་དོན་ཐམས་ཅད་དེས་མཐར་ཕྱིན་པ་ཡིན་པས་ཁོ་བོ་ཡུན་རིང་དུ་སྡོད་ཀྱང་ལོ་ན་སྨིན་པས་བསྟན་འགྲོར་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བའང་དཀའ་བ་སོགས་མཐའ་མའི་ཞལ་ཆེམས་ལྟ་བུ་འགའ་ཞིག་གསུངས་ནས་སྐུ་མི་བདེ་བའི་རྣམ་པ་གང་ཡང་མེད་པར་སྟ་གོན་གྱི་ཚོགས་དབུར་བཞུགས་པར་མཛད། དེའི་སང་ཉིན་ནས་སྐུ་རླུང་འཁྲུགས་པས་ཆོ་གའི་ཚོགས་གཙོར་ཕེབས་མ་ཐུབ་པར་གཟིམ་ཁང་དུ་སྐུ་བྲོ་འཚལ་བའི་ཚུལ་དུ་བཞུགས་ནས་ཉིན་ཕྱེད་ཙམ་ན་ལྷ་ཁང་གི་རབ་གསལ་དུ་བྱོན་ཏེ་ལྕགས་རི་རྟ་མགོ་སོགས་དབེན་པའི་ཆོས་སྡེ་ཐམས་ཅད་སྤྱན་ལམ་དུ་བསྟར་བས་དགྱེས་བཞིན་བཞུགས་པར་གནང་། རབ་གནས་ཀྱི་མཐའ་རྟེན་བཀྲ་ཤིས་རྫས་བརྒྱད་གཏད་པ་དང་བསྟུན་སྦྱིན་བདག་ཨུ་རྒྱན་སོགས་ནས་སྐུ་ཚེའི་རྟེན་འབྱུང་དུ་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་རྩིས་ཀྱིས། བླ་མ་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་ཁྲི་སྟེང་དུ་ཕེབས་དགོས་པའི་སྙན་གསན་ཇི་ལྟར་ཕབ་ཀྱང་ངའི་བདེ་ཉམས་དེ་མ་དཀྲོགས་ཞེས་གསུངས་ནས། ནང་དུ་ཕེབས་པའི་ཞལ་བཞེས་མ་གནང་བར་ཆོས་དབྱིངས་སུ་ཕེབས་པའི་ཐུགས་ཐག་བཅད་པ་ལྟ་བུའི་གསུང་འགའ་རེ་ཐོལ་བྱུང་དུ་གནང་བས་དེར་གནས་པ་རྣམས་ཀྱང་ཡིད་བློང་བློང་པོར་གྱུར་ཏེ་ཅི་བྱ་གཏོལ་མེད་ཀྱི་ངང་ལས་སྐུའི་གཡས་གཡོན་ནས་བཏེག་སྟེ་གཟིམ་ཁང་དུ་གདན་དྲངས། སྐུ་གསུང་ཐུགས་རྟེན་དང་འབུལ་ཆས་ཀྱི་རིགས་སྐུ་མདུན་དུ་ཕུལ་དུས་བླ་མ་རིན་པོ་ཆེའི་ཞལ་ནས། སྙིང་ནས་མི་ཕྱེད་པའི་དད་པ་ཞིག་ཡོད་ན་དེས་ཆོག་ཅིང་དུས་ཙམ་ན་མཚན་མ་རྫས་ཀྱི་དངོས་འབུལ་གྱི་དགོས་པ་མེད་ཅེས་གསུངས། དེའི་སང་ཉིན་འདོ་ལི་ལ་གདན་དྲངས་སླར་དབྱངས་ཅན་ཕུའི་གཟིམ་ཁང་དུ་ཞུས་ཏེ་སྨན་བཅོས་དང་སྐུ་རིམ་གང་ཟབ་བགྱིས་ཤིང་། ལྷག་པར་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་མཁའ་འགྲོ་བསུན་ཟློག་གི་བརྟན་བཞུགས་རྒྱས་པར་ཕུལ་བས་སྐུ་ཚེའི་ཚེ་འཕྲང་དབྱིངས་སུ་ཞི་ནས་སྙུན་ལས་གྲོལ་ཚུལ་གྱི་སྣང་བ་བསྟན་ཏེ་ཞབས་འབྲིང་པ་རྣམས་ཀྱང་སེམས་བདེ་བར་གནས་སོ། །དེ་དུས་བླ་མ་རང་ནས་ཀྱང་ལས་བྱེད་པ་སོ་སོར་ལས་འགན་དང་བསྟུན་པའི་གནང་སྦྱིན་དང་ཉིན་རིམ་གྱི་གླ་ཆ་བཅས་ཡོངས་བསྡོམས་དངུལ་ཀྲམ་ས་ཡ་ལྷག་ཙམ་གནང་བ་སོགས་ཡང་དག་དོན་གྱིས་སྤོང་དག་གནང་བར་མཛད། དེ་ཡན་གྱིས་རྗེ་བླ་མའི་མཛད་རྣམ་བསམ་གྱིས་མི་ཁྱབ་པ་ལས་དུས་ཚིགས་གཙོ་བོར་བཟུང་བ་ཡོངས་གྲགས་ཕྱོགས་ཙམ་སྨོས་པའོ། །

གཞན་ཡང་ཐ་ན་ཆབ་ཚན་དུ་བྱོན་ཞོར་ཡང་དབང་བསྐུར་ཆོས་བཤད་བྱེད་པ་དང་རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་མཛད་པ། གདོན་བགེགས་དྲག་པོས་མནར་བ་ལ་བཀའ་བསྒོའི་བྱིན་རླབས་གནང་བ། སྐྱེ་འགྲོ་སྤྱི་ལ་མ་ཎི་དང་བཛྲ་གུ་རུའི་བཟླས་ལུང་འབོགས་པ་སོགས་གངྒའི་རྡུལ་ཕྲན་སུས་བགྲང་བར་ནུས་ཏེ་མི་ནུས་སོ། །

མདོར་ན་རྗེ་བླ་མ་དགུང་གྲངས་སོ་ལྔ་བཞེས་པའི་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་ལས་བཞེངས་པ་ནས་བཟུང་དོན་གཅིག་གི་བར་དམ་པའི་ཚུལ་དགུའི་སྒོ་ནས་གཞན་དོན་གྱི་ཕྲིན་ལས་དུས་ལས་མི་ཡོལ་བ་ལྷའི་རྔ་བོ་ཆེ་དང་། འགྲོ་བའི་རེ་བ་སྐོང་བ་ཡིད་བཞིན་གྱི་ནོར་བུ་དང་། གང་འདོད་འབད་མེད་དུ་རྩོལ་བ་དཔག་བསམ་གྱི་ཤིང་ལྟར་མོས་བསམ་དབང་པོ་དང་འཚམས་པའི་ཆོས་ཚུལ་རྒྱ་མཚོས་ལེགས་བྱས་ཀྱི་སྣང་བ་དར་ལ་ཕབ་པར་མཛད་པའི་མཐུ་ལ་བརྟེན་ནས། ལྗོངས་འདིའི་ཆོས་ཀྱི་མཁྱེན་ཡོན་མངའ་བ་ཕལ་ཆེར་དངོས་སློབ་དང་ཡང་སློབ་ཏུ་མ་གྱུར་པ་མེད་ཅིང་། དེ་དག་ལས་ཆོས་ཀྱི་བདུད་རྩི་ཐུགས་ལ་སིམ་པའི་ཞལ་སློབ་རགས་རིམ་ཙམ་མཚན་དུ་སྨོས་ན། ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་མཆོད་སྡོང་༧སྐྱབས་རྗེ་མཁན་རིན་པོ་ཆེ་འཇིགས་མེད་ཆོས་གྲགས་མཆོག་དང་། པད་གླིང་སྐུ་ཕྲེང་དགུ་པ་སྒང་སྤྲུལ་ཀུན་བཟང་པདྨ་འཕྲིན་ལས། མདའ་སྟོང་སྤྲུལ་སྐུ་རིག་འཛིན་པདྨ་རྣམ་རྒྱལ། པད་ཚལ་གླིང་སྤྲུལ་སྐུ་ཀུན་བཟང་བསྟན་འཛིན་རྒྱ་མཚོ་སོགས་འགྲོ་བའི་དོན་དུ་བསམ་བཞིན་སྲིད་པར་བཟུང་བའི་བླ་སྤྲུལ་གྱི་རིགས་དང་། གཞན་ཡང་ལུང་རིགས་སྨྲ་བའི་དབང་ཕྱུག་མཚན་སློབ་ཆོས་ཀྱི་ཉི་མ། བསྐྱེད་རྫོགས་མན་ངག་གི་གན་མཛོད་དབྱངས་སློབ་སངས་རྒྱས་རྡོ་རྗེ། གཞུང་ལུགས་རབ་འབྱམས་སྨྲ་བའི་ཁྱུ་མཆོག་སྒྲ་སློབ་ལེགས་བཤད་རྒྱ་མཚོ། དཔལ་ལྡན་སྒྲ་རིག་རྒྱ་མཚོའི་བདག་ཉིད་བཤེས་གཉེན་མཁྱེན་རབ་རྒྱ་མཚོ། མདོ་སྔགས་སྨྲ་བའི་ལྗགས་ལྡན་སློབ་དཔོན་ཡེ་ཤེས་རིན་ཆེན། ལེགས་བཤད་དུ་མའི་མཛོད་འཆང་སློབ་དཔོན་རྡོ་རྗེ་རིན་ཆེན། བསླབ་གསུམ་སྡེ་སྣོད་འཛིན་པ་སློབ་དཔོན་རིག་འཛིན་དབང་ཕྱུག་སོགས་ཆོས་སྡེ་ཁག་གི་མཁན་སློབ་རྣམས་དང་། གཉུག་མའི་དེ་ཉིད་གཟིགས་པ་སློབ་ཕན་ཐོགས། མ་ལུས་གདམས་པའི་མཛོད་འཛིན་གདན་སའི་སྒྲུབ་སློབ་ཟླ་བ་རྒྱལ་མཚན། དོན་བརྒྱུད་བསྟན་པའི་སྲོག་ཤིང་སློབ་དཔོན་སངས་རྒྱས་རྡོ་རྗེ་སོགས་སྒྲུབ་སྡེ་ཁག་གི་ཁྲིད་དཔོན་རྣམས་དང་། དེ་བཞིན་མི་མེད་དབེན་པའི་རི་ཁྲོད་རྣམས་སུ་རྩེ་གཅིག་སྒྲུབ་ལ་གཞོལ་བའི་སྐུ་མཚམས་དཔལ་འབྱོར་ལ་སོགས་པ་མཁས་གྲུབ་ཀྱི་ཁྱུ་མཆོག་བརྡོལ་བའི་གནས་སུ་གྱུར་ཏོ། །

དེས་ན་དཔྱོད་ལྡན་རྣམས་ནས་དྲིན་ལན་གསབ་པའི་ཕྱིར་བླ་མའི་ཐུགས་དགོངས་རྫོགས་ཐབས་སུ་སྒོ་གསུམ་གྱི་ཤེད་བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་བ་ལ་འབུངས་དགོས་པའི་ཚུལ་ཡང་ཀུན་མཁྱེན་ཆེན་པོས། སྙིགས་མ་ལྔ་ཞིང་གདུལ་དཀའ་འདི་འདུལ་ལ། །སངས་རྒྱས་གཞན་རྣམས་སྤྲོ་བ་ཞན་པའི་ཚེ། །མགོན་པོ་ཁྱོད་ཀྱི་ཐུགས་རྗེས་བདག་ཅག་ལ། །ལྷག་པར་གྱུར་སྙམ་སྙིང་ནས་གསོལ་བ་འདེབས། །བཀའ་དྲིན་ལན་བློན་བདག་ལ་མཐུ་མེད་ཀྱང་། །ལུས་ངག་ཡིད་གསུམ་གང་གི་འབངས་སྦྱར་ནས། །ཚུལ་གནས་ཐོས་བསམ་སྒོམ་ལ་འབད་པ་ཡིས། །ཁྱོད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །ཅེས་གསུངས་པ་ལྟར། ལྷ་མིའི་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་ལ་ཚད་མར་བཟུང་ན་ཡ་རབས་དམ་པའི་རྗེས་སུ་བྱ་མིག་གྱེན་བལྟས་བྱས་ཏེ་ཅི་གསུངས་གདམས་ངག་ཏུ་གོ་བ་དང་། ཅི་མཛད་ལེགས་པར་མཐོང་བའི་སྤང་བླང་གི་གནད་མི་འཆུག་པར་མཛད་དུ་གསོལ། ཞེས་ཕྱིས་འབྱོན་རྣམས་ལ་འཕྲོས་དོན་དུ་གདམས་པའོ། །སློབ་མའི་ཕྱོགས་ཞེན་ཆེ་བའི་བསྟོད་ར་དང་། །ལ་ལ་ཅལ་རྒྱུའི་རྗེས་སུ་ལོག་སྨྲའི་ཆ། །སྤངས་ནས་མཛད་རྣམ་ཟབ་ཡངས་རྒྱ་མཚོ་ལས། །ཡོངས་གྲགས་ཆུ་ཐིགས་ཙམ་ཞིག་བཀོད་པའོ། །ཞེས་མཁན་ཆེན་བླ་མའི་རྟོགས་པ་བརྗོད་པ་དྭངས་ཤེལ་མེ་ལོང་ལས། མཛད་རྣམ་དངོས་བཤད་པའི་སྐབས་ཏེ་གཉིས་པའོ།། །།

མཚོ་སྐྱེས་རྒྱལ་བའི་གསང་གསུམ་ཉིན་བྱེད་ཀྱིས། །མཁྱེན་རབ་པདྨོའི་འཛུམ་རྒྱ་གྲོལ་བ་ལས། །ཟབ་རྒྱས་ཆོས་ཀྱི་དྲི་བསུང་སྤྲོ་མཛད་པ། །རྗེ་བཙུན་བླ་མས་སླར་ཡང་ཤིས་པ་སྩོལ། །ངེས་འབྱུང་གདུང་བའི་རླུང་གིས་རབ་བསྐུལ་བས། །མོས་པའི་རྒྱ་མཚོ་འཁྲུགས་པའི་རླབས་ཕྲེང་གིས། །བཞིན་རས་འཛིན་མ་བརླན་པའི་རང་བཞིན་དུ། །གྱུར་ཀྱང་སྨྲ་བར་ཞུགས་འདི་ཁོ་བོའི་ལས། །ཞེས་སྐབས་ཀྱི་གླེང་བསླངས་ནས། 

གསུམ་པ་ཐ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་བཤད་པ་ནི། 


དེ་ཡང་རྗེ་བླ་མ་དགུང་གྲངས་བདུན་ཅུ་དོན་གཉིས་བཞེས་པའི་མེ་མོ་གླང་ལོ་གསར་དུ་ཚེས་པ་ནས་སླར་ཡང་སྐུ་བསྙུང་བའི་ཚུལ་བསྟན་པ་ལ། རྗེ་བླ་མའི་རིགས་དབོན་བཀྲ་ཤིས་རྡོ་རྗེ་ནས་ཐུགས་ཁུར་བཞེས་ཏེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཀླགས་པ་དང་། ཡི་གེ་བརྒྱ་པ་འབུམ་བཟླས། ཚེ་ལྷ་རྣམ་གསུམ་གྲངས་མང་། དམ་ཅན་ཆོས་སྐྱོང་རྣམས་ལ་བསྐང་བ་ཕྲིན་བཅོལ་གྱི་ཞབས་རིམ་ཅི་འགྲུབ་ཞུས་ཀྱང་བསྙུན་གཞི་མེད་དུ་མ་དྭངས་པར་བཞུགས་དུས་ཕྱི་མཐའ་མངོན་སུམ་དུ་གཟིགས་པའི་གསུང་འགའ་རེ་ཐོལ་བྱུང་དུ་གསུངས་པ་བདག་ཅག་ཞབས་འབྲིང་པ་རྣམས་སྙོམས་ལས་ཀྱི་མལ་དུ་གཉིད་པས་ཇི་བཞིན་མ་ཤེས་ཀྱང་ད་ལྟ་བརྟགས་ན་སྐུ་ཡུན་དུ་མི་འཚོ་བའི་ཞལ་ཆེམས་སུ་སྣང་ལ། དེ་ཡང་ཅི་དང་ཅི་གསུང་སྙམ་ན། གུས་ཕྲན་ལ་སོགས་པའི་ཞབས་འབྲིང་པ་དག་ལ་ཞིང་གཞན་དུ་གཤེགས་ཚུལ་གསུངས་ནས་ཁྱེད་རྣམས་ཀྱང་ཁོ་བོ་དང་ལྷན་ཅིག་འགྲོ་ཐུབ་བམ་ཞེས་ཐོལ་འབྱུང་དུ་བཀའ་སྩལ་བ་ལ་སློབ་བུ་རྣམས་ཀྱིས་གང་དུ་ཕེབས་ཞེས་ཞུས་པའི་ལན་དུ་ཡར་ཕེབས་ཞེས་གསུངས་པ་ལ། ངེད་རང་རྣམས་ནས་ཀྱང་ཞིང་ཁམས་དེར་ཕེབས་ཀྱི་དམིགས་བསལ་ཞུ་བ་མ་སྤོབས་ལ། རེས་མདུན་ཕྱོགས་སུ་དག་པའི་ཞིང་ཁམས་ཀྱི་བཀོད་པར་སྣང་ཚུལ་འདྲ་གཟིགས་པས་ཕ་གིའི་སྐུ་རྟེན་གྱི་རིགས་རྣམས་ཅི་དང་ཅི་ཡིན་གསུངས་པ་དང་། ཡང་ཟླ་གཉིས་པའི་ཚེས་བཅུའི་མཚན་མོར་སྐུ་མདུན་དུ་དྲུང་ཡིག་རིག་འཛིན་དང་གཉེར་པ་ཚེ་རིང་གཉིས་ཡོད་པ་ལ་སྐུ་ཚ་རྡོ་རྗེ་ཡང་འབོད་དུ་བཅུག་ནས་ད་ནི་ངེད་རང་རྣམས་དེ་ལྟ་བུར་སྡོད་པའི་དུས་ཀྱང་མཐའ་མར་གྱུར་པས་ཁྱེད་ཀྱི་སེམས་ལ་ཅི་མནོ་ཞེས་གསུངས་དུས། ཚེ་རིང་ནས་བསྟན་པ་དང་སེམས་ཅན་གྱི་དོན་དུ་བཞུགས་དགོས་པར་གསོལ་བ་བཏབ་པས། རྗེ་བླ་མའི་ཞལ་ནས་ཁྱེད་ཀྱིས་སྨྲས་པ་དགོད་བྲོ་པོ་འདུག་ཁོ་བོ་འབོད་པའི་ཕོ་ཉ་རྣམས་དང་དུས་ཚོད་གཏན་ཁེལ་བཟོས་ཚར་ཡོད་ཅེས་དང་། ཁྱེད་རྣམས་ནས་ང་ལ་བཀུར་བསྟི་ཅི་འགྲུབ་ཞུས་པས་ཟང་ཟིང་གི་དངོས་པོ་གྱ་ནོམ་པ་སྦྱིན་རྒྱུ་མེད་ཀྱང་ངས་ཁྱེད་རྣམས་ལ་སྨོན་ལམ་ལེགས་པར་བཏབ་བོ་ཞེས་གསུངས་ནས་ཕྱག་མགོ་ལ་བཞག་ཅིང་ཐུགས་སྨོན་མཛད་པས་དགའ་ཞིང་དད་པའི་གནས་ལ་བཀོད། རྡོ་རྗེ་ལ་དྲགོས་མཛོད་དཔོན་དང་བསྟུན་གྲོས་ཐོག་བསྔོ་སྨོན་གྱི་འབུལ་ཆས་མི་ཞན་པར་ཕུལ་དགོས་ཞེས་སོགས་ཞལ་ཆེམས་ཀྱི་རིགས་དང་། ཡང་སྐབས་ཤིག་གི་ཚེ་རྗེ་བླ་མའི་མདུན་ཕྱོགས་སུ་ཤེལ་གྱི་ཁྲི་དང་རྡོའི་ཁྲི་གཉིས་ཡོད་ཚུལ་གཟིགས་ནས་རྡོའི་ཁྲི་སྟེང་དུ་ཁོ་བོ་སྐྱེལ་ཏེ་ངེད་རྣམས་ཚོགས་འཁོར་འདིར་བྱ་རྒྱུ་ཡིན་ཞེས་གསུངས་པ་ཡང་དོན་དུ་སྐུ་གདུང་ཡིད་བཞིན་ནོར་བུ་བསྟན་འགྲོའི་དོན་དུ་མི་ཤིགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་བཞུགས་རྒྱུའི་ལུང་བསྟན་དུ་འདུག་པ་ད་གཟོད་འཁུམས། ཟླ་༣པའི་ཚེས་ནས་སླར་ཡང་གཞན་སྣང་དུ་བསྙུན་སྔར་ལས་ཆེ་ཚུལ་བསྟན་པས་སྐུ་དྲུང་ན་གནས་པ་རྣམས་ཀྱང་ཡིད་བློང་བློང་པོར་གྱུར་ཅིང་། ཁོ་བོ་ལའང་དེ་ལུགས་ཀྱི་གནས་ཚུལ་ཕྲིན་དུ་བསྐུར་བས་རིངས་སྟབས་ཀྱིས་ཚེས་དྲུག་ལ་ཞབས་སུ་འབྱོར། ཚེས་བརྒྱད་ཀྱི་ཉིན་ཐིམ་ཕུ་མགོན་ཁང་དུ་ལྷ་མོའི་རིམས་ནད་ཟློག་པའི་ཆོ་ག་གནང་དུ་བཅུག ཚེས་དགུའི་ཐོ་རངས་ཁར་རིགས་ལྔའི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་བསུན་མ་སྐུ་མདུན་དུ་འོངས་པ་གཟིགས་ནས་ད་ནི་འགྲོ་བའི་དུས་ལ་བབ་བོ་ཞེས་བདག་ཅག་སྐལ་དམན་རྣམས་ལ་རྡོ་རྗེའི་གསུང་གི་ཐ་མ་འདི་བཀའ་བསྩལ་པ་ད་ལྟ་དྲན་པས་ཀྱང་མིག་ནས་མཆི་མ་དབང་མེད་དུ་འབྱིན་པའི་གནས་སུ་གྱུར་ཏོ། །དེ་ལོར་སྐྱེས་ཆེན་འགའ་དང་འགའ་ལ་རྨི་ལམ་འཁྲུགས་པ་དང་གནམ་གཤིས་ཀྱང་མྱ་ངན་གྱིས་གདུང་བ་ལྟ་བུ་རང་མདོག་གི་འོད་གསལ་བར་མི་འབྱིན་པ་སོགས་མི་དགེ་བའི་བལྟས་སྣ་ཚོགས་བྱུང་བ་དང་མཐུན་པར་བདག་སོགས་གདུལ་བྱར་གྱུར་པ་རྣམས་ཀྱི་བསོད་ནམས་ཀྱི་རེ་ཁ་ཟད་པ་དང་། ཞིང་ཁམས་གཞན་གྱི་གདུལ་བྱ་རྒྱ་ཆེན་པོ་འདུལ་བའི་དུས་བབ་པར་གཟིགས་ཏེ་ནག་པ་ཟླ་བའི་ཡར་ངོའི་ཚེས་བཅུ་དང་། སྐྱབས་མགོན་ངག་གི་དབང་པོའི་འདས་མཆོད་ཀྱི་ཉིན་ཐོ་རངས་སངས་རྒྱས་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་ཚོད་དགེ་བར། བདག་ཅག་རྟག་འཛིན་ཅན་རྣམས་ཀྱང་དམ་པའི་ཆོས་ལ་བསྐུལ་བ་དང་། འགའ་ཞིག་སྐུ་གདུང་གིས་གདུལ་བར་དགོངས་ཏེ་སྐུ་ཅུང་ཟད་དྲང་པོར་བསྲང་ཞིང་ཞབས་དྲུང་ན་གནས་པ་རྣམས་ལ་བྱམས་པའི་སྤྱན་གྱི་ཐ་མས་གཟིགས་ནས་ཞིང་འདིའི་གཟུགས་སྐུའི་བཀོད་པ་རེ་ཞིག་གདོད་མའི་གཞི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །

དེ་ནས་སྐུ་དྲུང་ན་གནས་པ་རྣམས་ཀྱང་བླ་མ་དང་བྲལ་བའི་ངེས་འབྱུང་གི་མཆི་མས་མིག་བརླན་བཞིན་དུ་སྐྱེ་བ་དང་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་སྨོན་ལམ་བཏབ་ནས་ཕྱིར་ཐོན་དུ་བཅུག མཚན་སློབ་རིན་པོ་ཆེ་དང་གུས་ཕྲན་གཉིས་ནས་གཞན་སྣང་དང་བསྟུན་ཐུགས་དམ་གྱི་གསལ་འདེབས་ཞུས་པའི་ལད་མོ་བྱེད་པ་ཙམ་མ་གཏོགས་དོན་དུ་རྗེ་བླ་མ་དེ་ཉིད་སྣང་མཆེད་ཐོབ་གསུམ་གྱི་ཐིམ་རིམ་ཤར་གྲོལ་དུ་བཏང་བའི་མཐར་གནས་ལུགས་གཞིའི་འོད་གསལ་དང་སྒོམ་བྱུང་ལམ་གྱི་འོད་གསལ་མ་བུ་གཉིས་གཅིག་ཏུ་འདྲེས་པ་སྟོན་གནམ་དྲི་མ་མེད་པ་ལྟ་བུའི་ངང་དུ་དགུང་ཞག་བཅུ་གཅིག་ཚུན་མི་གཡོ་བར་བཞུགས་སོ། །དེའི་ཚེ་ཞལ་གྱི་དཀྱིལ་འཁོར་ཡང་སྔར་ལས་གཟི་བརྗིད་ཆེ་བ་དང་། ཉེ་འཁོར་དུ་སྔར་མེད་ཀྱི་དྲི་བཟང་པོས་ཁྱབ་པ་སོགས་བྱུང་ཞིང་། དེ་དང་མཐུན་པར་ཕྱི་རོལ་དུའང་སྔོ་སངས་ནམ་མཁའི་བུ་མོས་སྒྲིབ་གཡོགས་ཀྱི་གོས་བསལ་ཏེ་ཆོས་དབྱིངས་ཀྱི་རང་འོད་འགྱུར་བ་མེད་པ་ནི་འདིའོ་ཞེས་བསྟན་ཅིང་། སྲིད་ན་མངོན་པར་མཐོ་བའི་ཟག་མེད་ཡོན་ཏན་གྱི་ཕུང་པོ་དེ་ལྟ་བུའི་ལྗིད་ཀྱིས་དབང་ཆེན་འཛིན་མའི་ཁྱོན་དེ་ཡང་འདར་ཞིང་ཞུམ་ནས་རྣམ་པ་དྲུག་ཏུ་གཡོས་ཤིང་། འབྲུག་སྒྲས་ཀྱང་མཚོན་པར་མི་ནུས་པའི་སྔར་མེད་ཀྱི་སྒྲ་བོ་ཆེ་སྒྲོག་པ་སོགས་གདོད་མའི་ལྷུམས་སུ་མངོན་པར་རྫོགས་པ་འཚང་རྒྱ་བའི་བལྟས་མ་ཚང་བ་མེད་པ་གཞན་སྣང་དུ་བསྟན་པ་དང་། གཞན་ཡང་དག་ཞིང་དུ་ཕེབས་པའི་རྟགས་སུ་ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་རི་རྩེ་ཚུན་འོད་ལམ་དྲི་མ་མེད་པ་རིང་དུ་བརྐྱངས་ཤིང་། ཉི་ཟླའི་དཀྱིལ་འཁོར་ལ་ལ་གཞའ་འོད་ཕྱི་ནང་གཉིས་གསུམ་ལ་སོགས་པ་ཕུབ་པ་དང་། སྤྲིན་དཀར་མཆོད་རྫས་དང་ལྷ་སྐུའི་རྣམ་པ་ཅན་སྣ་ཚོགས་སུ་སྣང་ཞིང་། སྐབས་སྐབས་སུ་མེ་ཏོག་གི་ཆར་སིལ་མར་བབས་པ་སོགས་ཕལ་ཆེར་སྐུ་ཚིགས་མ་རྫོགས་ཀྱི་བར་བྱུང་བ་གདུལ་བྱའི་སྐྱེ་བོ་མཆོག་དམན་ཀུན་གྱི་མཐོང་ཆོས་སུ་གྱུར་པས་གདུལ་བྱ་ལས་དང་སྐལ་བ་ཅན་འགའ་ལ་བླ་མའི་ཐུགས་རྒྱུད་ཀྱི་ཡེ་ཤེས་འཕོ་བ་དང་། བར་མའི་རིགས་ཅན་རྣམས་ཀྱང་དམ་པའི་ཆོས་ལ་འཇུག་ཅིང་ཚེ་འདི་ལ་ཞེན་པ་ལོག་པ་དང་། ཐ་མ་རྣམས་ཀྱང་རྣམ་དཀར་དགེ་བའི་བསོད་ནམས་སྒྲུབ་པ་ལ་བསྐུལ་བས་མཚོན་མཛད་མཐའི་ཕྲིན་ལས་རང་རེའི་ལྗོངས་འདིར་ཁྱབ་པ་ཙམ་དུ་མ་ཟད། འཛམ་གླིང་རྒྱལ་ཁབ་གཞན་དང་གཞན་རྣམས་སུའང་དེའི་སྙན་པས་ཁྱབ་སྟེ་ཐག་རིང་ནས་ཆེད་ཀྱིས་མཇལ་བར་འོངས་པའང་གྲངས་ཀྱིས་མི་ཆོད་པ་བྱུང་བ་དེ་ཡང་གསང་ཆེན་བླ་ན་མེད་པའི་ཆོས་ཀྱི་ཁྱད་ཆོས་དུས་སྙིགས་མའི་སྐབས་སུའང་མཇལ་ཡུལ་དུ་གྱུར་ཏོ། །

ཨེ་མ། སྐྱབས་ཡུལ་རྒྱ་མཚོའི་སྤྱི་གཟུགས་དབྱིངས་སུ་གཤེགས། །བདག་སོགས་འདི་ཕྱིའི་སྐྱབས་མགོན་སུ་ལ་རེ། །འདྲེན་མཆོག་ཉིན་བྱེད་ཕུང་པོ་དགུང་དུ་ཡལ། །ཐོས་བསམ་མིག་ལྡོངས་བདག་ཅག་མུན་དུ་འཁྱམས། །འཕགས་མཆོག་བདུད་རྩིའི་འོད་དཀར་ནུབ་ཏུ་ཕྱོགས། །ལས་ཉོན་ཚ་གདུང་ཅན་རྣམས་ཞིང་འདིར་ལུས། །འཁོར་བའི་ཆུ་ལས་སྒྲོལ་བའི་གྲུ་བོ་ཞིག །མགོན་བྲལ་བདག་སོགས་མ་རིག་རྒྱ་མཚོར་བྱིངས། །མཆོག་མཐུན་དངོས་གྲུབ་སྟེར་བའི་རིན་ཆེན་སྟོར། །འདི་ཕྱིའི་ཕན་བདེ་རེ་རྣམས་དབུལ་ཞིང་ཕོངས། །ཐུབ་བསྟན་རྒྱལ་མཚན་འཛིན་པའི་སྲོག་ཤིང་ཆག །ཆོས་ཀྱི་བ་དན་སྐྱོང་རེས་བདག་ལ་བབ། །ཆོས་ཚུལ་རྒྱ་མཚོ་དུས་ཀྱི་ཉི་མས་སྐམ། །དུག་ལྔའི་མེ་དཔུང་འབར་བས་བདག་ཅག་བསྲེགས། །མཁྱེན་བརྩེ་ནུས་པའི་རྩལ་རྫོགས་མགོན་ཁྱོད་གཤེགས། །ཕན་པའི་མཐུ་བྲལ་བསྟན་པའི་ལས་ལ་ཞུགས། །མཚན་དཔེ་རི་མོ་གསལ་བའི་གཟུགས་སྐུ་འདུས། །དད་པའི་མིག་ལ་བདུད་རྩི་སུ་ཡིས་སྦྱིན། །བསླབ་གསུམ་བརྗོད་བྱར་བསྟན་པའི་གསུང་དབྱངས་འགགས། །ལེགས་ཉེས་འབྱེད་པའི་བླང་དོར་གང་གིས་བསྟན། །མཁྱེན་གཉིས་ཡེ་ཤེས་གཞི་ཡི་དབྱིངས་སུ་ཐིམ། །རང་གནས་ཆོས་སྐུའི་ངོ་སྤྲོད་སུ་ཡིས་བྱེད། །དེ་ལྟར་གདུང་བའི་སྨྲེ་ངག་ཐོལ་བ་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་རྗེ་བླ་མ། །ཞེས་སྨྲེང་དུ་གསོལ་བར་བྱས་སོ། །དེ་ནས་ཞག་བཅུ་གཅིག་སོང་བ་དང་ཐུགས་དམ་བཞེངས་བསྐུལ་ཞུས་ཤིང་རིམ་གྱིས་ཐུགས་དམ་གྲོལ་བའི་རྟགས་སུ་ཞལ་གྱི་རང་མདོག་ཅུང་ཟད་ཉམས་པ་སོགས་བྱུང་བས་ཕྱི་ནང་གི་གསང་རྒྱ་བརྟོལ། དེ་རྗེས་ཐོག་མར་མི་དབང་མངའ་ཞབས་རྒྱལ་སྲས་བཙུན་མོའི་ཚོགས་དང་བཅས་པ་ཕེབས་ཏེ་སྐུ་གདུང་གི་སྤྱན་སྔར་སྙན་དར་དང་ཕྱག་མཆོད་འབུལ་ཏེ་དྲི་མེད་སྨོན་ལམ་གྱི་མཚམས་སྦྱར་བཟང་པོ་གནང་། ༧སྐྱབས་རྗེ་མཁན་རིན་པོ་ཆེ་འདུས་དམང་ལྷན་རྒྱས་དང་བཅས་པ་ཕེབས་ནས་སྙན་དར་སོགས་འབུལ་ཞིང་མཇལ་ཁ་ཞུས་ནས་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་གསོལ་འདེབས་དང་སྨོན་ལམ་འདེབས་པར་མཛད། རིམ་གྱིས་ཞི་དྲག་གི་དཔོན་ཁག་དང་མི་དམངས་ཡོངས་ནས་སྐུ་གདུང་གི་མཇལ་ཁ་དང་ཕྱག་མཆོད་ཞུས་ཏེ་འབྲེལ་ཚད་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་བཅད་དེ་མཐོ་རིས་དང་ཐར་པའི་དཔལ་ལ་འགོད་དོ། །དེ་ལྟར་ན་ཡང་མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་བརྙན་མི་སྣང་ངོ་། །ཞེས་གསུངས་པ་ལྟར། བླ་མ་རིན་པོ་ཆེ་ཞལ་བཞུགས་དུས་འཇིག་རྟེན་མི་ཆོས་ཡེ་ནས་མི་མཛད་པར་མཆོག་དམན་ཀུན་ལ་གསུང་ངག་ཐད་ཀར་དྲང་པོར་གསུང་ཞིང་མཛད་སྤྱོད་ཐམས་ཅད་བཟོ་མེད་ལྷུག་པར་གནང་བས་རང་རྒྱུད་ལོག་ལྟས་བསླད་པའི་དྲི་མའི་བློ་ཅན་འགའ་ཞིག་གིས་ལོག་ལྟ་དང་སྐུར་འདེབས་སྣ་ཚོགས་སུ་ཞུས་པ་མང་དུ་མཐོང་ཡང་དེ་རྣམས་རང་རྒྱུད་ལ་སྡིག་པ་བསགས་ཤིང་བླ་མའི་བྱིན་རླབས་འཇུག་པའི་བར་ཆད་དུ་འགྱུར་བར་སྣང་སྟེ། ཇི་སྐད་དུ། དད་མེད་ཆུ་དཀྱིལ་རྡོ་རིལ་ལྟ་བུ་ལ། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུས་ག་ལ་ཡོད། །ཅེས་གསུངས་པ་ལྟར་རོ། །

དེ་ལྟར་བསམ་གྱིས་མི་ཁྱབ་པའི་མཛད་པ་རྟོག་བཏགས་འཁྲུལ་པའི་བློས་དཔྱད་པར་མི་ནུས་པའི་ཚུལ་ཡང་སློབ་དཔོན་དྲིལ་བུ་པས། ཇི་ལྟར་མེ་ཏོག་པདྨ་ནི། །འདམ་གྱི་སྐྱོན་གྱིས་མ་གོས་ཏེ། །ཐབས་མཆོག་ལྡན་པའི་རྣལ་འབྱོར་པ། །འདོད་པའི་འདམ་གྱིས་མ་གོས་པ། །སྡིག་ཅན་ཁྱོད་ཀྱིས་མི་ཤེས་སོ། །ཞེས་གསུངས་པ་བཞིན་བླ་མ་འདིའི་མཛད་མཐའ་ཉི་མའི་འོད་ཀྱིས་ལོག་ལྟ་དང་མངོན་རློམ་གྱི་གངས་རི་མཐའ་དག་ཆབ་ཏུ་བཞུ་བ་ནི་བསྟན་པའི་དབུ་འཕང་བསྟོད་པའི་སྲི་ཞུ་བླ་ན་མེད་པའོ། །དེ་ལྟ་བུའི་ཡོན་ཏན་མི་ཟད་པའི་གཏེར་གྱི་ཕུང་པོར་གྱུར་པའི་སྐུ་གདུང་དགུང་ཞག་ལྔའི་རིང་གཞན་དད་པས་མཇལ་ཚད་ཀྱི་རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་འདེབས་པའི་ཆེད་དུ་གོང་སའི་བཀའ་བཞིན་དུ་སྐྱེ་བོ་མཆོག་དམན་ཀུན་ལ་མཇལ་ཁ་གནང་ཡང་། དེ་ལྟར་ཡུན་རིང་ན་དམ་ཚིག་ཉམས་ཆག་གི་གྲིབ་སྐྱོན་དང་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་སྐུ་གདུང་རིན་པོ་ཆེའི་ཕྱི་རོལ་གྱི་དངོས་པོ་ཕལ་པ་དང་མཐུན་པར་ཟོང་སོགས་འདོད་རྒུར་འགྱུར་བའི་ཚོང་དང་འདྲ་བ་དང་། དད་མེད་གང་བྱུང་གི་མིག་ལ་ཕྱི་རྒྱལ་གྱི་ལྟད་མོ་ལྟ་བུར་འགྱུར་བ་སོགས་པའི་ཉེས་པ་དགག་པའི་སླད་དུ། སྔོན་བྱོན་གྱི་རྣམ་ཐར་དང་མཐུན་པར་སྤུར་ཞལ་བསྡམས་ཏེ་མཆོད་པ་དང་ཚོགས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་འབུལ་ཏེ་མཆོད་པར་བྱས་སོ། །བླ་མ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་རྫོགས་ཐབས་ལ་ཆོས་རྒྱལ་ས་ཡི་ཚངས་པ་ཆེན་པོས་ཐུགས་བསྐྱེད་བླ་ན་མེད་པ་བཞེས་ཏེ་གྲྭ་ཚང་དང་ལྷན་ཁག་སོ་སོའི་འགོ་དཔོན་རྣམས་ལ་སྤུར་མཆོད་དང་དགོངས་རྫོགས་ལ་ཉེ་བར་མཁོ་བའི་རིགས་མཐའ་དག་སྔོན་དུས་ལས་ལྷག་པར་གྲ་སྒྲིགས་ཕུན་སུམ་ཚོགས་པ་བྱེད་དགོས་པའི་བཀའ་བཟང་བསྩལ་བ་ལ་བརྟེན། དེ་དག་སོ་སོ་ནས་ཚེས་ཉེར་ལྔའི་ཉིན་སྤུངས་རྫོང་དུ་སྐུ་སྤུར་མེ་མཆོད་འབུལ་ཆེད་སྤུར་ཁང་ཀ་བཞི་གདུང་བརྒྱད་ཀྱིས་མཛེས་པའི་དབུས་སུ་ཞི་བའི་མེ་ཐབ་མྱང་འདས་མཆོད་རྟེན་ཚད་དང་མཚན་ཉིད་ཚང་བ་ལེགས་པར་བཞེངས་པ་སོགས་ཕྱི་ནང་གི་གྲ་སྒྲིག་ཅི་དགོས་ཕུན་སུམ་ཚོགས་པར་གྲུབ་ཀྱང་སྐུ་གདུང་རིན་པོ་ཆེ་སྔོན་གྱི་ལུགས་བཞིན་སྤུར་ཚྭ་བརྔོས་ཏེ་འབུལ་བའི་བཅོས་ཁ་དང་དེང་སང་ཕྱི་རྒྱལ་གྱི་ལུགས་དང་མཐུན་པའི་འཁྱག་པའི་བསིལ་སྒྲོམ་ལ་བརྟེན་པ་སོགས་གང་ཡང་མ་བྱེད་ཀྱང་སྐུ་ཤ་ཅུང་ཟད་སྐེམ་པ་དང་རང་མདོག་ཅུང་ཟད་ཉམས་པ་མ་གཏོགས་བམ་ཞིང་རུལ་བ་སོགས་སྐྱོན་གྱི་དྲི་མ་ཡེ་ནས་མ་བྱུང་ཞིང་ཕྱག་ཞབས་ཀྱི་བརྐྱང་བསྐུམ་ཚུན་ཆད་སྔར་བཞིན་བཞུགས་ཡོད་པས། སྤུངས་ཐང་དུ་གདན་འདྲེན་པར་ཉེ་བའི་རང་ཟླ་གསུམ་པའི་ཚེས་ཉེར་གསུམ་གྱི་ཉིན་མི་དབང་མངའ་བདག་རིན་པོ་ཆེ་དང་། སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་གྲྭ་ཚང་ལྟེ་བའི་སློབ་བཞི་དང་བཅས་སྐུ་དྲུང་དུ་བཅར་སྐབས་སྔོན་མེད་ངོ་མཚར་རྨད་དུ་བྱུང་བ་མཇལ་ཡུལ་དུ་གྱུར་པས་ཐམས་ཅད་ཡ་མཚན་ཞིང་ངོ་མཚར་གྱི་གནས་ལ་བཀོད་པས། དེ་དག་བཀའ་བགྲོས་ཐོག་དེ་ལྟ་བུའི་ཁྱད་ཆོས་ཅན་གྱི་སྐུ་གདུང་སྔོན་གྱི་དུས་སུ་རེ་གཉིས་བྱོན་པའི་ལོ་རྒྱུས་འགའ་རེ་ཐོས་པ་མ་གཏོགས་དེང་སང་དུས་ཀྱི་མཐའ་མར་རང་རེའི་མིག་གི་དབང་པོས་མངོན་སུམ་དུ་མཇལ་ཡུལ་དུ་གྱུར་པའི་བསོད་ནམས་ཀྱི་མཆོད་སྡོང་ཆེན་པོ་འདི་ཉིད་འཕྲལ་དུ་མེ་མཆོད་འབུལ་བར་མི་ནུས་ཞེས་གསུངས་ཏེ། སྤུར་སྦྱངས་ཀྱི་ལས་རིམ་ཕྱིར་བཤོལ། ཕྱིས་དུས་སྐབས་དང་བསྟུན་ཉམས་ཉེ་འབྱུང་ན་དེ་འཕྲལ་སྤུར་སྦྱངས་རྒྱུ་དང་། སྔར་བཞིན་འགྱུར་བ་མེད་ན་བསྟན་དང་འགྲོ་ལ་ཕན་བདེ་བླ་ན་མེད་པའི་བདེ་སྐྱིད་ཀྱི་གཞི་མར་དམིགས་ཏེ་དམར་གདུང་དུ་གཞག་རྒྱུ་གཏན་འཁེལ་མཛད། དེ་ནས་སྐུ་ཚིགས་ཞེ་དགུ་མ་རྫོགས་ཀྱི་རིང་གཞུང་ཞབས་རྒྱལ་བཙུན་ལྷན་རྒྱས་དང་བཅས་པ་དང་། ༧སྐྱབས་རྗེ་རིན་པོ་ཆེ་འདུས་དམང་དང་བཅས་པ། ཕྱོགས་ཀྱི་རབ་སྡེ་དབུ་དམང་དང་། བཤད་སྒྲུབ་ཀྱི་ཆོས་སྡེ། ཆོས་མཐུན་གྱི་ཞལ་སློབ། དད་ལྡན་གྱི་སྦྱིན་བདག་ཕོ་མོ། འབྱོར་ལྡན་གྱི་ཚོང་པ་སོ་སོ་ནས་ཡོན་སྦྱོར་བགྱིས་ཏེ་དགོངས་པ་ཆོས་དབྱིངས་སུ་རྫོགས་ཐབས་ལ་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་དགེ་འདུན་པ་བརྒྱ་ཕྲག་ལ་ཉེ་བར་རྣམས་ཀྱིས་བླ་མ་མཆོད་པ་དང་། དགོངས་འདུས། རྡོར་སེམས། མི་འཁྲུགས་པ། སྤྱན་རས་གཟིགས་སོགས་ལྷག་པའི་ལྷ་མང་པོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་མཆོད་པ་དང་ཚོགས་ཀྱི་འཁོར་ལོ་ཉིན་མཚན་ཀུན་ཏུ་རྒྱུན་མི་ཆད་པར་འབུལ་བ་དང་། བཀྲ་ཤིས་ཆོས་རྫོང་གི་ཀུན་དགའ་རྭ་བར་དགེ་འདུན་པ་ཞལ་གྲངས་སྟོང་ཕྲག་ལས་བརྒལ་བ་རྣམས་ཀྱི་དགོངས་རྫོགས་ཉིན་གཉིས་བསྒྲུབས་པ་ལ་སོགས་པའི་ཚུལ་མཐའ་དག་དེར་ཉུང་ངུའི་ངག་གིས་བརྗོད་པར་མི་ནུས་པས་རེ་ཞིག་སྨྲ་བའི་སྤྲོས་པ་མ་བྱས་སོ། །དེ་དག་ལས་འབུལ་བསྔོའི་རྣམ་གཞག་དང་། སྐུ་ཚིགས་སྐབས་ཀྱི་འགྲོ་སོང་རགས་རིམ་ཙམ་བཀོད་ན། སྐུ་སྒེར་གྱི་ཕྱག་མཛོད་ནས་དངུལ་ཀྲམ་དང་། གཞུང་ཞབས་ནས་གནང་བའི་དངུལ་ཀྲམ་བཅས་གཏོང་བའི་སྒོ་འཕར་ཡངས་པོར་ཕྱེ་སྟེ་མཆོད་མེ་འབུམ་ཕྲག་ལ་ཉེ་བ་དང་། ཚོགས་ཀྱི་འཁོར་ལོ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་སྤྲོས་ཏེ་འབུལ་བ་དང་། དགེ་འདུན་ལ་མང་ཇ་དང་ཞལ་ཚོགས་སྐྱབས་རྟེན་བཅས་སྔོན་དུས་ལས་ལྷག་པར་འབུལ་ཞིང་མཆོད་པར་བྱས་སོ། །

དེ་བཞིན་སྐུ་ཚ་རྡོ་རྗེ་ནས་བླ་མ་རིན་པོ་ཆེའི་སྐུ་འདྲ་གསེར་ཟངས་ལས་གྲུབ་པ་བཟོ་བཀོད་ཕུལ་དུ་ཕྱིན་པ་མདའ་ཚད་མ་བི་ཤྭའི་འདུ་བྱེད་ལ་འདྲེན་པ་ལྟ་བུའི་བལ་ཡུལ་གྱི་ལྷ་བཟོ་པ་མཁས་པ་དག་གིས་ཡུན་རིང་དུ་གཟབས་ཏེ་བཞེངས་པ་གཅིག་དང་། ཆོས་མཐུན་གྱི་ཞལ་སློབ་རྣམས་ནས་གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་ཚད་དང་བཟོ་བཀོད་ཐམས་ཅད་གོང་དང་མཚུངས་པ་གཅིག་བཞེངས་པ་སོགས་སྐུ་རྟེན་གྱི་རིགས་བཞེངས་པ་བརྗོད་ཀྱིས་མི་ལངས་སོ། །དེ་ནས་དཔྱིད་དང་དབྱར་གྱི་དུས་རྣམས་རིམ་པར་འདས་ཀྱང་སྐུའི་ཆ་སོ་སོ་ནས་ཞུམ་སྟེ་ཆུང་ངུར་སོང་བ་མ་གཏོགས་གཞན་འགྱུར་མེད་དུ་བཞུགས་པས་མཆོད་ཡོན་ཐུགས་འདུན་གཅིག་འདྲིལ་གྱི་ཐོག་ནས་སྟོན་ཀའི་ལྷ་བབས་དུས་ཆེན་དང་བསྟུན་༧སྐྱབས་རྗེ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་གྲགས་པ་དབུ་བཞུགས་ཐོག་སྐུ་གདུང་ཡིད་བཞིན་ནོར་བུ་ལ་ལོངས་སྐུའི་རྒྱན་ཆ་ཕུལ་ཏེ་ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་མཆོད་སྡོང་དུ་དམར་གདུང་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་མི་ཉམས་པར་བཞུགས་པའི་རྟེན་འབྱུང་དུ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བསྐྱེད་པ་ལ་ཐུན་མོང་ཐུན་མིན་གྱི་མངའ་དབུལ་དང་བཀྲ་ཤིས་རྫས་བརྒྱད་སོགས་ཕུལ་ཏེ་རྟེན་འབྲེལ་གྱི་གཞི་གདིང་ནས་བཀྲ་ཤིས་བྱིན་འབེབས་ཀྱི་མཐའ་རྟེན་རྒྱས་པར་མཛད། རིགས་དབོན་བཀྲ་ཤིས་རྡོ་རྗེ་ནས་ཐུགས་ཁུར་བཞེས་ཏེ་གནམ་ལོ་མེ་སྟག་ཟླ་༣པའི་ཚེས་༡༠འི་ཉིན་འདས་མཆོད་དུ་དམིགས་ཏེ་སྤུངས་རྫོང་དུ་འདུས་དམང་ཡོངས་ནས་བླ་མ་རིགས་དྲུག་པའི་དཀྱིལ་འཁོར་ཞལ་དབྱེ་བའི་སྤྱན་སྔར་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་གཏོར་མི་ཟད་ནམ་མཁའི་མཛོད་དུ་སྤྲོས་ཏེ་མཆོད་པ་དང་། གཞན་ཡང་དད་ལྡན་གྱི་སྦྱིན་བདག་རྣམས་ནས་དེ་ཉིན་སྐུ་གདུང་གི་དྲུང་དང་ཆོས་སྡེ་རྣམས་སུ་བླ་མ་དྲན་པའི་འདས་མཆོད་ལ་བརྩོན་པ་བརྗོད་ཀྱིས་མི་ལངས་ཤིང་། བླ་མ་རིན་པོ་ཆེ་ཞལ་བཞུགས་དུས་ནས་སྤུངས་རྫོང་དུ་གསོལ་འདེབས་འཇིག་དབང་འབུམ་ཐེར་གྱི་མ་དངུལ་དུ་དངུལ་ཀྲམ་ཆིག་འབུམ་གནང་བའི་ཁར་ལོ་བསྟར་སྐུ་མཆོད་རྒྱུན་མི་ཆད་པར་གཟུང་ཆེད་རྗེ་རང་གི་ཕྱག་མཛོད་ནས་གཏན་བཞག་མ་དངུལ་སུམ་འབུམ་ཐམ་པ་འབུལ་བས་མཚོན་དགེ་རྒྱུན་རྒྱ་ཆེར་འཛུགས་པར་མཛད་དོ། །

གནམ་ལོ་ས་མོ་ཡོས་ཟླ་༡པའི་ཚེས་༡༠འི་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དཔལ་གྱི་ཉི་མར་ཆོས་རྒྱལ་དང་མཁན་པོ་རྣམ་གཉིས་དབུ་བཞུགས་ཐོག་བསུ་བ་གསེར་སྦྲེང་གི་བཀོད་པ་མཚར་དུ་དངར་བ་བཤམས་ཏེ་སྐུ་གདུང་རིན་པོ་ཆེ་དབྱངས་ཅན་ཕུའི་གཟིམ་ཁང་ནས་གྲུ་གཟིངས་གཉིས་པ་བཀྲ་ཤིས་ཆོས་རྫོང་གི་དབུ་རྩེར་ཞབས་དྲུང་གི་གཟིམ་ཁང་དུ་གདན་དྲངས། དེ་སྐབས་དབྱངས་ཅན་ཕུའི་གཟིམ་ཁང་ནས་ཐིམ་ཕུག་རྫོང་གི་སྒོ་ར་ཆེན་མོ་ཚུན་ལམ་གྱི་གཡས་གཡོན་ནས་དད་ལྡན་གྱི་སྐྱེ་འགྲོ་ཕོ་མོ་ཁྲི་ཕྲག་ལས་བརྒལ་བ་རྣམས་ཀྱིས་སྤོས་སྣའི་དུད་སྤྲིན་གནམ་ས་འགེངས་པ་ཙམ་དུ་གཡོས་ཏེ་ཕྱག་མཆོད་སྨོན་ལམ་གྱི་རིམ་པ་ལ་བརྩོན་པར་མཛད་དོ། །ཆོས་རྒྱལ་ས་ཡི་ཚངས་པ་ཆེན་པོའི་ཐུགས་བསྐྱེད་བླ་ན་མེད་པའི་སྒོ་ནས་དགེ་བ་ལ་སྦྱར་བའི་དངོས་པོ་ཆུད་མི་ཟ་བའི་ཕྱིར་དངུལ་དཀར་ལྷད་མེད་ཀྱི་བྱང་ཆུབ་མཆོད་རྟེན་རིན་ཆེན་ཁྲ་ཚོམ་གྱིས་མཛེས་པའི་ནང་དུ་བཞུགས་སུ་བཅུག་ནས་ཕུན་སུམ་ཚོགས་པའི་བཞུགས་གྲལ་དང་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་པའི་མཐའ་རྟེན་དང་བཅས་ལེགས་པར་གྲུབ། སྦྱིན་བདག་ཨུ་རྒྱན་མཆོག་ནས་འགོ་འདྲེན་ཐོག་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་འོག་མིན་དང་ཆོས་མཚུངས་པའི་གཟིམ་ཤུལ་དེར་ཡང་བླ་མའི་དགོངས་པ་རྫོགས་ཐབས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་རྒྱུ་གཏན་ཁེལ་བཟོས་གྲུབ་པའི་མཛད་བཟང་ལ་རང་གཞན་རྣམས་ནས་ཡིད་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་པའོ། །

དེས་ན་གདུལ་བྱར་གྱུར་པ་རྣམས་ཀྱང་རྩ་གསུམ་རྒྱལ་བ་རྒྱ་མཚོ་གཅིག་ཏུ་འདུས་པའི་རང་གཟུགས་དམར་གདུང་བྱིན་རླབས་ཀྱི་གོང་བུར་བཞུགས་པའི་སྤྱན་སྔར་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་དང་མྱུར་འབྱོན་གསོལ་འདེབས་ཀྱི་གདུང་དབྱངས་རྒྱུན་མི་ཆད་པར་སྒྲོག་པས་སླར་ཡང་མཚན་དཔེ་ཟླ་ཚེས་གསར་པ་མྱུར་དུ་འབྱོན་པའི་སྨོན་ལམ་ལ་བརྩོན་པར་ཞུའོ། །

སླར་སྨྲས་པ། ལྷར་བཅས་འགྲོ་བའི་བསོད་ནམས་མཆོད་སྡོང་མཚན་དཔེའི་གཟི་འོད་འབར་བའི་སྐུ། །སྤྱི་མཐུན་རྣམ་དཀར་ཤར་རིའི་ངོས་ནས་ལྗོངས་འདིའི་སྣང་བའི་རྒྱན་ཉིད་དུ། །གསར་དུ་འཆར་ལ་སྐལ་བཟང་པད་ཚལ་ཅིག་ཅར་བཞད་པའི་དྲི་ངད་ཀྱིས། །ཕྱོགས་མཐར་ཁྱབ་པའི་གཉེན་དུ་གྱུར་པ་འཇམ་མགོན་སྨྲ་བའི་ཉི་མར་འདུད། །ཕུལ་བྱུང་མཛད་པའི་ཆ་ཤས་ཙམ་ཡང་བསྐལ་པར་བརྗོད་པས་མི་ཟད་ན། །མི་ཟད་རྒྱན་ལྔའི་རང་བཞིན་མཐའ་དག་བདག་འདྲས་སྨྲ་བ་ག་ལ་ནུས། །མགོན་གཞན་འཕངས་པའི་དམུག་རྒོད་བདག་ཅག་རྗེས་སུ་བཟུང་བའི་ལན་ལོན་དུ། །རང་ངོར་སྣང་བ་ཕྱོགས་ཙམ་བརྗོད་ལ་དད་མོས་ལྡན་རྣམས་དགའ་བས་ཉོན། །རྡོ་རྗེ་འཆང་དངོས་བླ་མ་དེ་ཉིད་རྒྱལ་ཀུན་འདུས་པའི་གོང་བུ་རུ། །རབ་ཏུ་བསྔགས་ཀྱང་ལྔ་བདོའི་གཤིས་ཀྱིས་ཆོས་སྤྱན་མངའ་བ་ཕལ་ཆེར་ཡང་། །གྲགས་སྙན་སུ་ཆེ་བླ་མར་རྩིས་ལ་མཁོ་དགུ་བསྩལ་ན་གུས་མདོག་བྱས། །བྱང་ཆུབ་རེ་རྣམས་དྲང་པོས་གཞལ་ནས་མཉེས་ཚུལ་གསུམ་གྱིས་བསྟེན་པ་གཅེས། །བླ་མའི་རྗེས་འཇུག་ཆོས་སྤྱན་མངའ་བ་མཁས་གྲུབ་ཉི་ཟླས་མཛེས་པའི་དབུས། །རྨོངས་པའི་རང་བཞིན་སྲིན་འབུའི་སྣང་བ་སྤྲོ་བའི་འོས་སུ་མི་འགྱུར་མོད། །འོན་ཀྱང་རང་མཉམ་མོས་པའི་བློ་ཅན་འགའ་དང་འགའ་ལ་ཕན་ནམ་སྙམ། །ཅུང་ཟད་བཤད་པའི་ནོངས་པ་གང་མཆིས་གཟུར་གནས་དམ་པའི་ཚོགས་ལ་བཤགས། །ལེགས་བྱས་འདིས་ཀྱང་རང་གཞན་ཀུན་གྱི་ཚེ་རབས་གཏན་དུ་བླ་མ་ལ། །མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ཏེ་གདམས་པའི་བདུད་རྩིར་སྤྱོད་པའི་མཐུས། །ས་བཅུ་ལམ་ལྔའི་བགྲོད་པ་མཐར་ཕྱིན་སྐུ་བཞིའི་རྒྱལ་ས་ཟིན་གྱུར་ནས། །འགག་མེད་གཞན་དོན་ལྷུན་གྱིས་གྲུབ་སྟེ་མཐའ་ཡས་འགྲོ་ཀུན་སྨིན་གྲོལ་ཤོག །ཅེས་མཁན་ཆེན་བླ་མའི་རྟོགས་པ་བརྗོད་པ་དྭངས་ཤེལ་མེ་ལོང་ལས། མཇུག་ཡོངས་སུ་རྫོགས་པའི་བྱ་བ་བཤད་པའི་སྐབས་ཏེ་གསུམ་པ་རྫོགས་སོ།། །།

ཞེས་མཁན་ཆེན་བླ་མའི་རྟོགས་བརྗོད་མདོར་བསྡུས་སུ་བཀོད་པ་འདིའང་རང་གཞན་གདུལ་བྱར་གྱུར་པ་ཀུན་གྱི་ཡིད་ལ་བླ་མའི་བཀའ་དྲིན་དྲན་ཞིང་གསོལ་བ་འདེབས་པའི་ཆེད་དུ་སྔར་ཐིམ་ཕུ་བཀའ་ཁྲིད་བསྩལ་སྐབས་ཕྲན་པས་རྒྱང་འཕྲིན་དུ་གཏོང་ཆེད་ལྡེབ་མ་གཉིས་ཙམ་ཟིན་བྲིས་སུ་བྱས་པ་རྗེ་བླ་མས་གཟིགས་པར་བརྟེན། མཚན་བྱང་ཞིག་ཀྱང་ཕྱག་མཆན་གནང་སྟེ་ཡི་གེར་བྲི་ཆོག་པའི་བཀའ་བཟང་གསེར་གྱི་ཅོད་པཎ་ཕྲན་པའི་གཙུག་གི་རྒྱན་དུ་ཕབ་པའི་རྒྱུ་དང་། ཉེ་ཆར་རྗེ་བླ་མའི་དྲུང་ནས་ཆོས་ཀྱི་བདུད་རྩི་བཞེས་པ་རིགས་དབོན་བཀྲ་ཤིས་རྡོ་རྗེས་གཙོས་པའི་ཞལ་སློབ་རྣམས་དང་། ལྷག་པར་རྣམ་ཀུན་མི་ཕྱེད་པའི་དད་པ་འཆང་བའི་སྦྱིན་བདག་དྲགོས་ཨུ་རྒྱན་མཆོག་ནས་བླ་མའི་རྣམ་ཐར་དགོས་ལུགས་ཡང་ཡང་བསྐུལ་བའི་རྐྱེན་ལ་བརྟེན། མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཤལ་བ་བསོད་ནམས་རྒྱ་མཚོས་ཞལ་གསུངས་ཚིགས་བཅད་ལ་གཞིར་བཟུང་ཞིང་སྔོན་ནས་ད་བར་ཐོས་པའི་བླ་མ་རིན་པོ་ཆེའི་གསུང་ངག་གིས་ཟུར་བརྒྱན་ཏེ་དགུང་གྲངས་རེ་དགུ་ཚུན་གྱི་མཛད་པ་རགས་རིམ་ཙམ་རང་བློས་གང་ཟིན་ཟིན་བྲིས་སུ་བྱེད་ནས་བླ་མའི་སྤྱན་སྔར་སྤྱན་འབུལ་ཞུས་གྲུབ་པ། སླར་ཡང་ཞུས་དག་གི་འཕྲི་བསྣན་དང་དེ་མན་གྱི་མཛད་པ་ཡོངས་སུ་རྫོགས་པའི་འཕྲོ་རྣམས་རང་བྱུང་བཅུ་བདུན་པའི་ས་མོ་ཡོས་ལོ་གསར་དུ་ཚེས་པ་དང་བསྟུན་སྐུ་གདུང་ཡིད་བཞིན་ནོར་བུའི་སྤྱན་སྔར་བླ་མའི་རྣལ་འབྱོར་ལ་བརྩོན་ངང་ནས་སྦྱར་བའི་ཡི་གེ་པ་ནི་བླ་མའི་གསུང་གི་བདུད་རྩིས་འཚོ་བའི་སློབ་བུ་ཚེ་རྡོར་པས་བགྱིས་པ་འདིས་ཀྱང་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་བླ་མ་མཉེས་པའི་རྒྱུར་གྱུར་ཅིག།                   །།

Post a Comment

0 Comments