གསར་པ།

6/recent/ticker-posts

མཐོང་སྤང་ལོག་ཞུགས་དག་གིས་བདེན་བཞི་ལ་ལོག་པར་རྟོག་ཚུལ་གྱི་སྐོར།

མཐོང་སྤང་ལོག་ཞུགས་དག་གིས་བདེན་བཞི་ལ་ལོག་པར་རྟོག་ཚུལ་གྱི་སྐོར།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།

མངོན་པའི་གསུང་རབ་མ་ཕམ་གཡུ་མཚོ་ལས། །ལེགས་པར་བཏུས་པའི་ལེགས་བཤད་ནོར་བུའི་དཔྱིད།

བློ་ལྡན་དོན་གཉེར་གཟུ་བོར་གནས་རྣམས་ལ། །ཅི་དགར་སྦྱིན་མཛད་དབྱིག་གཉེན་ཞབས་ལ་འདུད།


བདག་ཀྱང་དེ་ལ་གོམས་པ་ལྷུར་ལེན་ཕྱིར། །ཐོས་པའི་གྲུར་ཞུགས་བསམ་པའི་སྐྱ་བས་སྐུལ།

ཕྲ་རྒྱས་ནོར་བུའི་གླིང་དུ་ཕྱིན་པ་ལས། །གང་རྙེད་དཔྱོད་ལྡན་ཚོང་འདུས་དབུས་སུ་བཀྲམ།

ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་གང་ཞིག་ཞུ་བར་བྱ་བ་ནི། 

དམ་པའི་ཆོས་མངོན་པ་མཛོད་ལསཿ སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང་། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། །ཞེས་གསུངས་པ་ལྟར། མཐོང་སྤང་ལོག་ཞུགས་དག་གིས་བདེན་བཞི་ལ་ལོག་པར་རྟོག་ཚུལ་གྱི་སྐོར་ཞུ་བར་བྱེད་པ་ལ། དང་པོ་བདེན་པ་དང་པོ་གཉིས་ཀྱི་མཐོང་སྤང་གྱི་ལོག་པར་རྟོག་ཚུལ་ནི། སྡུག་བསྔལ་མཐོང་སྤང་གི་ལྟ་བ་ལྔ་དང་། ཐེ་ཚོམ་དང་དེ་དག་དང་འདྲེས་པའི་མ་རིག་པ་དང་མ་འདྲེས་པའི་མ་རིག་པ་བཅས་ཕྲ་རྒྱས་བདུན་པོས་སྡུག་བསྔལ་བདེན་པ་ལ་དངོས་སུ་ལོག་པར་ཞུགས་པ་ཡིན་ཏེ། སྡུག་བདེན་གྱི་མཚན་ཉིད་དང་འཛིན་སྟངས་དངོས་སུ་འགལ་བར་ཞུགས་པའི་ཕྱིར་རོ།། ལྟ་བ་དང་པོ། འཇིག་ལྟ་ཆོས་ཅན། སྡུག་བདེན་ལ་དངོས་སུ་ལོག་པར་ཞུགས་ཏེ། སྡུག་བདེན་བདག་མེད་ཀྱི་མཚན་ཉིད་ཅན་ལ་ཁྱེད་ཀྱིས་བདག་ཏུ་འཛིན་པའི་ཕྱིར་རོ།། གཉིས་པ། མཐར་ལྟ་ཆོས་ཅན། སྡུག་བདེན་ལ་དངོས་སུ་ལོག་པར་ཞུགས་ཏེ། སྡུག་བདེན་མིག་རྟག་པའི་མཚན་ཉིད་ཅན་ལ་རྟག་པར་འཛིན་པ་དང་། དེ་ལས་ཉོན་གྱིས་སྐྱེ་བ་ནས་སྐྱེ་བར་འཁོར་བར་ལེན་པ་ན་མཐར་ལྟས་དེ་ལས་ལྡོག་སྟེ་རྒྱུན་ཆད་པར་འཛིན་པའི་ཕྱིར་རོ།། གསུམ་པ། ལོག་ལྟ་ཆོས་ཅན། སྡུག་བདེན་ལ་དངོས་སུ་ལོག་པར་ཞུགས་ཏེ། སྡུག་བདེན་དེ་ལས་ཉོན་གྱི་འབྲས་བུ་ཡིན་པ་ལ་དེས་ལས་འབྲས་མེད་པར་འཛིན་པའི་ཕྱིར་རོ།། བཞི་པ། ལྟ་བ་མཆོག་འཛིན་ཆོས་ཅན། སྡུག་བདེན་ལ་དངོས་སུ་ལོག་པར་ཞུགས་ཏེ། སྡུག་བདེན་མི་གཙང་བ་དང་སྡུག་བསྔལ་བའི་རང་བཞིན་ཡིན་པ་ལ་དེས་གཙང་བ་དང་བདེ་བར་འཛིན་པའི་ཕྱིར་རོ།། ལྔ་པ། ཚུལ་ཁྲིམས་བརྟུལ་ཞུག་མཆོག་འཛིན་ཆོསཅན། སྡུག་བདེན་ལ་དངོས་སུ་ལོག་པར་ཞུགས་ཏེ། སྡུག་བདེན་དེ་དག་གྲོལ་གྱི་རྒྱུ་མ་ཡིན་པ་ལ་རྒྱུར་འཛིན་པའི་ཕྱིར་རོ།། ལྟ་མིན། མ་རིག་པ་དག་དང་ཐེ་ཚོམ་གཉིས་པོ་ཆོས་ཅན། སྡུག་བདེན་ལ་དངོས་སུ་ལོག་པར་ཞུགས་ཏེ། སྡུག་བདེན་གྱི་རང་བཞིན་ལ་རྨོངས་པ་དང་རྩེ་གཉིས་སུ་འཇུག་པའི་ཕྱིར་རོ།། ཀུན་འབྱུང་མཐོང་སྤང་གི་ལོག་ལྟ་དང་ལྟ་བ་མཆོག་འཛིན་དང་ཐེ་ཚོམ་དང་འདྲེས་མ་འདྲེས་པའི་མ་རིག་པ་བཅས་ཕྲ་རྒྱས་བཞི་པོས་ཀུན་འབྱུང་གི་བདེན་པ་ལ་དངོས་སུ་ལོག་པར་ཞུགས་པ་ཞེས་བྱ་སྟེ། ཀུན་འབྱུང་བདེན་པའི་མཚན་ཉིད་དང་དངོས་སུ་འཛིན་སྟངས་འགལ་བར་ཞུགས་པའི་ཕྱིར་རོ།། དང་པོ། ལོག་ལྟ་ཆོས་ཅན། ཀུན་འབྱུང་གི་བདེན་པ་ལ་དངོས་སུ་ལོག་པར་ཞུགས་ཏེ། ཀུན་འབྱུང་གི་བདེན་པ་ནི་སྡུག་བསྔལ་སྐྱེད་བྱེད་ཀྱི་རང་བཞིན་ཡིན་པ་ལ་དེས་དེ་མེད་པར་འཛིན་པའི་ཕྱིར་རོ།། གཉིས་པ། ལྟ་བ་མཆོག་འཛིན་ཆོས་ཅན། ཀུན་འབྱུང་གི་བདེན་པ་ལ་དངོས་སུ་ལོག་པར་ཞུགས་ཏེ། ཁྱོད་འཕགས་པས་སྤངས་པས་དམན་པ་ཡིན་པ་ལ་ལྟ་བ་མཆོག་འཛིན་གྱིས་ཁྱོད་མཆོག་ཏུ་འཛིན་པའི་ཕྱིར་རོ།། གསུམ་པ། རྨོངས་པ་དག་དང་ཐེ་ཚོམ་གཉིས་པོ་ཆོས་ཅན། ཀུན་འབྱུང་གི་བདེན་པ་ལ་དངོས་སུ་ལོག་པར་ཞུགས་ཏེ། ཁྱོད་ཀྱི་རང་བཞིན་མ་ཤེས་པ་དང་རྩེ་གཉིས་སུ་འཇུག་པའི་ཚུལ་གྱིས་ཁྱོད་ཀྱི་རང་བཞིན་དང་འཛིན་སྟངས་དངོས་སུ་འགལ་བར་ཞུགས་པའི་ཕྱིར་རོ།། བདེན་པ་དང་པོ་གཉིས་པོ་རང་གི་ཀུན་འགྲོ་མ་ཡིན་པའི་མཐོང་སྤང་ཕྲ་རྒྱས་རྣམས་ཆོས་ཅན། བདེན་པ་དང་པོ་གཉིས་པོ་རང་ལ་དངོས་སུ་ལོག་པ་ལ་ལོག་ཞུགས་ཡིན་ཏེ། བདེན་པ་དང་པོ་གཉིས་པོའི་རང་བཞིན་དང་དངོས་སུ་མི་འགལ་ཡང་དངོས་སུ་ལོག་ཞུགས་ཁོ་ན་ལ་དམིགས་ནས་ཕྱིན་ཅི་ལོག་པར་རྟོག་པའི་ཕྱིར་རོ།། འོ་ན།  རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བའི་ཚུལ་བརྟུལ་མཆོག་འཛིན་ཆོས་ཅན། ཀུན་འབྱུང་མཐོང་སྤང་ཡིན་པར་ཐལ། རྒྱུ་དེ་དག་ནི་ཀུན་འབྱུང་ཡིན་ལ་དེ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར་རོ།། ཟེར་ན་སྐྱོན་མེད་དེ། ཚུལ་བརྟུལ་ངན་པ་སོགས་སྡུག་བདེན་ཡིན་ལ། དེ་ལ་དམིགས་ནས་རྟག་བདག་ཏུ་བལྟ་བ་དང་མཆོག་འཛིན་སོགས་ཀྱིས་ལོག་ཞུགས་ཡིན་པས་སྡུག་བསྔལ་མཐོང་སྤང་ཉིད་ཡིན་ནོ་ཞེས་བྱེ་སྨྲས་སྐྱོན་སྤོང་མཛད་དོ།།

གཉིས་པ་བདེན་པ་ཕྱི་མ་གཉིས་ཀྱི་མཐོང་སྤང་གི་ལོག་པར་རྟོག་ཚུལ་ནི། འགོག་པ་མཐོང་སྤང་གི་ཟག་མེད་ལ་དམིགས་པའི་ལོག་ལྟ་དང་ཐེ་ཚོམ་དང་། དེ་དག་དང་འདྲེས་མ་འདྲེས་པའི་མ་རིག་པ་བཅས་གསུམ་པོ་ཆོས་ཅན། འགོག་པའི་བདེན་པ་ལ་དངོས་སུ་ལོག་པར་ཞུགས་པ་ཡིན་ཏེ། དམིགས་པ་འགོག་བདེན་ལ་དངོས་སུ་དམིགས་ནས་དེའི་རྣམ་པ་དང་འཛིན་སྟངས་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར་རོ།། ཟག་མེད་ལ་དམིགས་པ་མ་གཏོགས་པའི་འགོག་པ་མཐོང་སྤང་གི་ཕྲ་རྒྱས་ལྷག་མ་རྣམས་ཆོས་ཅན། འགོག་པའི་བདེན་པ་ལ་ལོག་པ་ལོག་ཞུགས་ཡིན་ཏེ། དམིགས་པ་འགོག་བདེན་མཐོང་སྤང་དངོས་སུ་ལོག་ཞུགས་ལ་དམིགས་ནས་འཛིན་སྟངས་ལོག་པར་རྟོག་པ་ཡིན་པའི་ཕྱིར་རོ།། ལམ་བདེན་མཐོང་སྤང་གི་ཟག་མེད་ལ་དམིགས་པའི་ལོག་ལྟ་དང་ཐེ་ཚོམ་དང་། དེ་དག་དང་འདྲེས་མ་འདྲེས་པའི་མ་རིག་པ་བཅས་གསུམ་པོ་ཆོས་ཅན། ལམ་གྱི་བདེན་པ་ལ་དངོས་སུ་ལོག་ཞུགས་ཡིན་ཏེ། ལམ་གྱི་བདེན་པ་ལ་དམིགས་ནས་འཛིན་སྟངས་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཡིན་པའི་ཕྱིར་རོ།། ཟག་མེད་ལ་དམིགས་པ་མ་གཏོགས་པའི་ལམ་མཐོང་སྤང་གི་ཕྲ་རྒྱས་རྣམས་ཆོས་ཅན། ལོག་པ་ལ་ལོག་ཞུགས་ཡིན་ཏེ། དམིགས་པ་ལམ་མཐོང་སྤང་དངོས་སུ་ལོག་ཞུགས་ཁོ་ན་ལ་དམིགས་ནས་འཛིན་སྟངས་ལོག་པར་ཞུགས་པ་ཡིན་པའི་ཕྱིར་རོ།།

འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། ཚུལ་བརྟུལ་མཆོག་འཛིན་དང་། ལྟ་བ་མཆོག་འཛིན་སོགས་དེ་དག་གིས་ཅིའི་ཕྱིར་འགོག་ལམ་ལ་དངོས་སུ་མི་དམིགས་ཞེ་ན། རྩ་བར། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །ཞི་དང་དག་དང་མཆོག་གྱུར་ཕྱིར། །ང་རྒྱལ་མ་ཡིན་མཆོག་འཛིན་ཕྱིར། ཞེས་པ་ལྟར། འདོད་ཆགས་ཆོས་ཅན། ཁྱོད་ཀྱིས་འགོག་ལམ་ལ་དངོས་སུ་མི་དམིགས་ཏེ། ཁྱོད་ཀྱི་ཡུལ་ཡིན་ན་སྤང་བྱ་ཡིན་པས་ཁྱབ་པ་གང་ཞིག་འགོག་ལམ་སྤང་བྱ་མ་ཡིན་པའི་ཕྱིར་རོ།། ཁོང་ཁྲོ་ཆོས་ཅན། ཁྱོད་ཀྱིས་འགོག་ལམ་ལ་དངོས་སུ་མི་དམིགས་ཏེ། འགོག་ལམ་ཀུན་ནས་མནར་སེམས་པའི་གཞིའི་མཚན་ཉིད་ལས་འདས་པ་ཡིན་པའི་ཕྱིར་རོ།། ང་རྒྱལ་ཆོས་ཅན། ཁྱོད་ཀྱིས་འགོག་ལམ་ལ་དངོས་སུ་མི་དམིགས་ཏེ། ཁྱོད་ཁེངས་པའི་རྣམ་པ་ཅན་ཡིན་པ་གང་ཞིག་འགོག་ལམ་ཞི་བའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ།། ཚུལ་བརྟུལ་མཆོག་འཛིན་ཆོས་ཅན། ཁྱོད་ཀྱིས་འགོག་ལམ་ལ་དངོས་སུ་མི་དམིགས་ཏེ། ཁྱོད་རྒྱུ་མིན་ལམ་མིན་ལ་དེར་ལྟ་བའི་རྣམ་པ་ཅན་ཡིན་པ་གང་ཞིག འགོག་ལམ་ནི་རྒྱུ་དང་ལམ་ཡིན་པའི་ཕྱིར་རོ།། ལྟ་བ་མཆོག་འཛིན་ཆོས་ཅན། ཁྱོད་ཀྱིས་འགོག་ལམ་ལ་དངོས་སུ་མི་དམིགས་ཏེ། ཁྱོད་དམན་པ་ལ་མཆོག་འཛིན་ཡིན་པ་གང་ཞིག འགོག་ལམ་ནི་ཡང་དག་པ་ཆོས་ཀུན་གྱི་མཆོག་གྱུར་ཡིན་པའི་ཕྱིར་རོ།། མདོར་ན་དངོས་སུ་ལོག་ཞུགས་དང་ལོག་པ་ལ་ལོག་ཞུགས་ཀྱི་གོ་དོན་ནི། བདེན་པ་དེ་དག་གི་མཚན་ཉིད་དང་འཛིན་སྟངས་འགལ་བའི་བློ་ཞིག་ཡོད་ན་དེ་དེ་ལ་དངོས་སུ་ལོག་ཞུགས་དང་། དངོས་སུ་ལོག་ཞུགས་དེ་དག་ལ་དམིགས་ནས་འཛིན་སྟངས་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཞིག་ཡོད་ན་ལོག་པ་ལོག་ཞུགས་ཞེས་ངོས་འཛིན་དགོས་པ་མིན་ནམ་སྙམ་མོ།།

༼སླར་སྨོན་པ༽

མངོན་པའི་གཞུང་ལུགས་རྒྱ་མཚོ་ཆེན་པོའི་གཏིང་། །ཚུལ་བཞིན་དཔོག་པ་སངས་རྒྱས་ཉ་གཅིག་ལས།

ས་ལ་གནས་པའི་འཕགས་པ་དག་གིས་ཀྱང། །མིན་ན་བདག་འདྲ་ངན་པས་ག་ནས་འོང་།


འོན་ཀྱང་ཚད་ལྡན་མཁས་པའི་ལེགས་བཤད་ལ། །གཏུག་སྟེ་ཅུང་ཟད་འདི་རུ་དྲངས་ཡོད་པས།

འདི་ལ་ནོར་བའི་མུན་པས་སྒྲིབ་ཡོད་ན། །ལུང་རིགས་སྒྲོན་མེའི་སྣང་བ་སྤར་འཚལ་ལོ།


དེ་ལྟར་འབད་ལས་བྱུང་བའི་དགེ་བ་འདིས། །བསམ་སྦྱོར་ངན་པ་དག་དང་དེའི་ལུགས་ངན།

ཀུན་ནས་བསྐྲད་དེ་མཁས་པའི་ལས་གསུམ་གྱིས། །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཤོག


སྔོན་ཚེ་དཔལ་ལྡན་འབྲུག་པའི་སྤྱན་སྔ་རུ། །ཚུལ་མིན་ཚར་གཅོད་ཚུལ་ལྡན་སྐྱོང་བ་ལ།

དུས་ལས་མི་ཡོལ་ཞལ་བཞེས་དམ་ཅན་རྣམས། །འཕྲིན་ལས་དུས་ལས་གཡོ་བ་མེད་པར་ཤོག  



ཞེས་དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་འདིར་རང་ལྟོས་དགའི་ཕྱིར་དབྱར་རྔ་པའི་བསྟན་པ་ལ་གཅེས་འཛིན་ཅན་སངས་རྒྱས་མིང་ཅན་གྱིས་བཏུས་པ་དགེའོ།།      །།

 

 

 

 

 

 

 



 

Post a Comment

0 Comments