དབྱར་གསུམ་སྤང་གི་ལོགས་ལ། །མེ་ཏོག་མཛེས་པའི་ལང་ཚོ། །
དགུན་གསུམ་བ་མོས་འཕྲོག་དུས། །སྙིང་པོ་གང་ཡང་མིན་འདུག །
དེ་ལ་ཆགས་པའི་སྦྲང་བུ། །སྦྲང་རྩི་རང་གིས་བསགས་པ། །
ལོངས་སུ་གཞན་གྱིས་སྤྱོད་ཚེ། །འགྱོད་ཀྱང་ཕན་པ་མིན་འདུག །
ན་ཆུང་ཡིད་འོང་མཛེས་མའི། །ལང་ཚོ་རིམ་གྱིས་ཡོལ་ནས། །
མི་སྡུག་རྒན་མོར་གྱུར་ཚེ། །སྙིང་པོ་གང་ཡང་མིན་འདུག །
དེ་ལ་ཆགས་པའི་ཕོ་གཞོན། །རང་གི་ལུས་ཀྱང་བོར་ནས། །
འཇིག་རྟེན་ཕ་རོལ་འགྲོ་དུས། །འགྱོད་ཀྱང་ཕན་པ་མིན་འདུག །
མེ་ཏོག་བཀྲག་མདངས་ཆེ་ཡང་། །བ་མོའི་གྲང་རེག་མི་ཐུབ། །
ན་ཆུང་གཟུགས་བྱད་ལེགས་ཀྱང་། །འཆི་བདག་བདུད་པོར་མི་ཐུབ། །
འཇིག་རྟེན་འཁོར་བའི་བདེ་སྐྱིད། །མདང་གི་རྨི་ལམ་འདྲ་སོང་། །
རྨི་ལམ་བདེན་པར་བཟུང་ནས། །ཕན་པའི་ཆ་ཞིག་ཡོད་དམ། །
རང་སྣང་འཁྲུལ་བ་མ་ཤེས། །བྱས་ཚད་སྡུག་བསྔལ་ཕུང་པོ། །
འཁོར་བའི་རང་བཞིན་ཤེས་ན། །བདེ་བ་ཆེན་པོ་ལགས་སོ། །
0 Comments
ཐུགས་འཆར་བཀོད་གནང་།