གསར་པ།

6/recent/ticker-posts

རང་སེམས་ལྟ་བའི་མེ་ལོང་།

རང་སེམས་ལྟ་བའི་མེ་ལོང་།


བརྗོད་དོན། སེམས་སེམས་བྱུང་གི་སྐོར།

མཆོད་བརྗོད།
གང་སྐུ་གཅིག་ལ་སྣང་ཚུལ་དུ་མའི་སྐུར་རུ་མཇལ། །གང་གསུང་གཅིག་གིས་ཡན་ལག་དྲུག་ཅུའི་སྒོ་ཡངས་ཕྱེ།།
གང་ཐུགས་སྐད་ཅིག་ཇི་ལྟ་ཇི་སྙེད་མངོན་གྱུར་པའི། །བདེ་གཤེགས་རྒྱལ་བ་རྣམ་ཀུན་དད་པའི་གཙུག་ན་མཆོད།།
སྤྱི་དོན།
རྩོམ་ཤོག་འདིའི་བརྗོད་དོན་འདི་སེམས་སེམས་བྱུང་གི་རྣམ་གཞག་ལས། ཐོག་མར་སེམས་དང་སེམས་བྱུང་གི་མཚན་ཉིད། 
སེམས་དང་སེམས་བྱུང་གི་དབྱེ་བ། བླང་བྱའི་སེམས་དང་སེམས་བྱུང་། སྤང་བྱའི་སེམས་དང་སེམས་བྱུང་། དེའི་གཉེན་པོའི་ངོས་འཛིན། སེམས་སེམས་བྱུང་ངོ་བོ་གཅིག་ཡིན་པའི་ཚུལ། རྣམ་པར་རྟོག་པ་ལ་དཔྱད་པ། མཇུག་རྩོམ། རྒྱབ་རྟེན་ཡིག་ཆའི་ཐོ་སྟེ། དོན་མཚན་རྣམ་པ་བཅུའི་སྒོ་ལས་བྲིས་ཡོད་པ་ཡིན། བརྗོད་བྱ་འདིའི་སྐོར་ལས་འབྲི་དགོས་པའི་རྒྱུ་མཚན་འདི་ཡང་། ནང་དོན་རིག་པའི་གཞུང་ལུགས་ཚུ་ནང་ལས་སྟོན་པའི་སེམས་དང་སེམས་བྱུང་གི་རྣམ་གཞག་འདི་ཚུ་ང་བཅས་གེ་ར་གི་ཧ་ལེགས་ཤོམ་འབད་གོ་ཚུགས་པ་ཅིན། མི་སྡེ་ནང་ཕན་ཐོག་ཆེན་པོ་ཡོདཔ་ལས་རྟེན་ངའི་རྩོམ་ཤོག་འདི་ཡང་དེའི་སྐོར་བྲིས་ཡོདཔ་ཨིན། འདི་ཡང་འཇིག་རྟེན་འདི་དང་འཇིག་རྟེན་ཕྱི་མ། གནས་སྐབས་ཀྱི་བདེ་བ་དང་མཐར་ཐུག་གི་ཕན་པ་སྒྲུབ་ནའང་འདྲ། མཐའ་ན་ཚེ་འདིར་རང་དང་གཞན་ལུ་ཕན་གནོད་ཀྱི་བྱ་བ་གང་ཞིག་སྒྲུབ་ན་ཡང་། བྱ་བ་དེ་བཟང་མི་བཟང་དང་། བརླབ་ཆེ་མི་ཆེ་དེ། བྱ་བ་དེ་ཀུན་ནས་སློང་བྱེད་ཀྱི་ཀུན་སློང་ངམ་བསམ་པ་སེམས་བསྐྱེད་ལ་རག་ལས་པ་ཡིན་པས། ཀུན་སློང་དེ་ཇི་ཙམ་བཟང་བས། དེ་ཙམ་གྱིས་བྱ་བ་དེ་ཕུལ་དུ་བྱུང་བ་དང་བརླབས་ཆེན་པོ་བྱུང་བ་ནི་ཆོས་ཉིད་ཡིན་པས། །དེ་ཡང་བསམ་པ་སེམས་སྐྱེད་བཟང་པོ་ཞིག་རང་གི་རྒྱུད་ལ་མ་བསྐྱེད་པར་སྐྱེས་པའི་རྒྱུ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་རྒྱུ་དང་འདྲ་བ་ཞིག་ནི་ནང་སེམས་ཁམས་རིག་པའི་གནས་ལ་ལེགས་ཉེས་ཀྱི་དབྱེ་བ་ཕྱེ་ནས་བླང་དོར་བྱེད་ཤེས་པ་འདི་ཡིན་པས། དེས་བས་ན་ནང་པའི་གཞུང་ལུགས་རྣམས་ལས་བརྗོད་དོན་གཙོ་བོ་སེམས་ཁམས་རིག་པའི་ཐོག་ལ་འགྲེལ་བཤད་གནང་བ་ཡིན་པས། གུས་པས་ཀྱང་རྒྱལ་བའི་གསུང་དང་རྗེས་འཇུག་མཁས་པའི་བསྟན་བཅོས་རྣམས་ལ་ཕུགས་གཏུགས་ནས་ནང་སེམས་སེམས་བྱུང་གི་སྐོར་མདོར་ཙམ་ཞིག་འདིར་འགོད་རྒྱུ་ཡིན།

དངོས་གཞི།
   མཚུངས་ལྡན་སེམས་སེམས་བྱུང་གི་རྣམ་གཞག་ལས་ཐོག་མར་སེམས་དང་སེམས་བྱུང་གི་མཚན་ཉིད།
སེམས་སེམས་བྱུང་གི་སྐོར་དེ་ཡང་མངོན་པ་གོང་འོག་གཉིས་ལས་མངོན་པ་འོག་མ་མཛོད་ཀྱི་ལུགས་གཞིར་བཞག་ནས་འབྲི་རྒྱུ་ཡིན། ཐོག་མར་མཚུངས་པ་རྣམ་པ་ལྔ་ནི། མཛོད་ལས། རྟེན་དང་དམིགས་དང་རྣམ་བཅས་དང་། །མཚུངས་པར་ལྡན་པའང་རྣམ་པ་ལྔ། །ཞེས་གསུངས་པ་ལྟར། རྟེན་མཚུངས་པ་ནི་གཙོ་འཁོར་གཉིས་དབང་པོོ་གཅིག་ལ་བརྟེན་པ་དང་། དམིགས་པ་མཚུངས་པ་ནི་ཡུལ་གཅིག་ལ་དམིགས་པ་དང་། རྣམ་པ་མཚུངས་པ་ནི་འཛིན་སྟངས་གི་གཟུང་བྱ་གཅིག་པ་དང་། དུས་མཚུངས་པ་ནི་དུས་ཅིག་ཅར་དུ་བྱུང་བ་དང་། རྫས་མཚུངས་པ་ནི་རྫས་རེ་རེ་བ་མཚུངས་པའམ་རིགས་འདྲ་གྲངས་མཉམ་པའོ།
གཙོ་སེམས་ཀྱི་མཚན་ཉིད། མཆིམས་ཆེན་མོ་ལས། དོན་གྱི་རང་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བ། སེམས་བྱུང་གི་མཚན་ཉིད། མཆིམས་ཆེན་མོ་ལས། དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའོ། །
དེ་ཡང་རང་སྟོབས་དང་གཞན་སྟོབས་ཀྱི་གོ་བ་ཅུང་ཙམ་འགྲེལ་ན། བུམ་འཛིན་མིག་ཤེས་ལྟ་བུ་ཞིག་ལ་མཚོན་ན། བུམ་འཛིན་མིག་གི་རྣམ་པར་ཤེས་པ་དེས་བུམ་པའི་ངོ་བོ་བུམ་པ་ཙམ་རང་སྟོབས་ཀྱིས་འཛིན་པ་དང་། བུམ་པའི་ཁྱད་པར་གཞན་སྟོབས་ཀྱིས་འཛིན་པ་ཡིན། དེ་དང་མཚུངས་ལྡན་དུ་ཡོད་པའི་སེམས་བྱུང་རྣམས་ཀྱིས་བུམ་པའི་ཁྱད་པར་བུམ་པ་ཆེན་པོ་དང་ཆུང་ངུ་། བུམ་པ་ལེགས་ཉེས་ཀྱི་ཁྱད་པར་རྣམས་རང་སྟོབས་ཀྱི་འཛིན་པ་དང་། བུམ་པའི་ངོ་བོ་གཞན་སྟོབས་ཀྱིས་འཛིན་པ་ཡིན། དཔེར་ན་རང་སྟོབས་ནི་མེའི་ཚ་བ་ལྟར་རང་རྒྱུ་ལས་དེའི་ངོ་བོ་ཉིད་དུ་སྐྱེས་པ་ཆོས་ཉིད་ཡིན་ཞིང་། གཞན་སྟོབས་ནི་ཆུའི་ཚ་བ་ལྟར་གྲོགས་ཀྱིས་དབང་གིས་སྐྱེས་པ་བཞིན་ནོ། །ཞེས་སོ། །དེས་ན་རང་སྟོབས་དང་གཞན་སྟོབས་ཀྱི་ཁྱད་པར་ཕྱེ་བ་ནི། སེམས་སེམས་བྱུང་རྫས་ཐ་དད་དུ་འདོད་པའི་མངོན་པ་འོག་མའི་ཐུན་མོང་མ་ཡིན་པའི་ལུགས་སུ་སྣང་ངོ། །འོ་ན་རང་སྟོབས་གཞན་སྟོབས་སྦྱར་མི་དགོས་པ། དོན་གྱི་ངོ་བོ་འཛིན་པ་གཙོ་སེམས་དང་། དོན་གྱི་ཁྱད་པར་འཛིན་པ་སེམས་བྱུང་བཞག་ན་འགྲིག་གམ་སྙམ་ན། འདི་ནི་མི་འགྲིག་སྟེ་སེམས་སེམས་བྱུང་མཚུངས་པ་རྣམ་པ་ལྔའི་ནང་ནས་རྣམ་པའམ་འཛིན་སྟངས་མ་མཚུངས་པར་ཐལ་བའི་སྐྱོན་ཡོད་དོ། །ཞེས་འདོད་པ་ནི་མངོན་པ་འོག་མའི་ལུགས་སུ་བཞེད་པ་ཡིན་ནོ། །
སེམས་དང་སེམས་བྱུང་གི་དབྱེ་བ།
དང་པོ་གཙོ་སེམས་ལ་དབྱེ་ན། མཛོད་ལས། རྣམ་པར་ཤེས་པ་དྲུག་དང་ཡིད། །ཅེས་གསུངས་པ་ལྟར། མིག་གི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། ལྕེ་བའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དྲུག་ཏུ་བཞེད་དོ། །

སེམས་བྱུང་ལ་དབྱེ་ན།
སེམས་ཀྱི་ས་མང་བཅུ་ནི། མཛོད་ལས། ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་གསུངས་པ་ལྟར། ཚོར་བ། སེམས་པ། འདུ་ཤེས། འདུན་པ། ཪེག་པ། བློ་གྲོས། དྲན་པ། ཡིད་ལ་བྱེད་པ། མོས་པ། ཏིང་ངེ་འཛིན་ནོ། །གཙོ་སེམས་ཐམས་ཅད་ཀྱི་འཁོར་དུ་སེམས་བྱུང་དེ་རྣམས་ཡོད་པས་སེམས་ཀྱི་ས་མང་ཞེས་བརྗོད་པ་ཡིན་ནོ། །
དགེ་བའི་ས་མང་བཅུ་ནི། མཛོད་ལས། དད་དང་བག་ཡོད་ཤིན་ཏུ་སྦྱངས། བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་གསུངས་པ་ལྟར། དད་པ། བག་ཡོད། ཤིན་ཏུ་སྦྱངས་པ། བཏང་སྙོམས། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། མི་འཚེ་བ། བརྩོན་འགྲུས་སོ། །སེམས་བྱུང་དེ་རྣམས་དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་ཡོད་པས་དགེ་བའི་ས་མང་ཞེས་བརྗོད་པ་ཡིན།
ཉོན་མོངས་ཅན་གྱི་ས་མང་དྲུག་ནི། མཛོད་ལས། རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་བྱུང་། །ཞེས་གསུངས་པ་ལྟར། རྨོངས་པ། བག་མེད། ལེ་ལོ། མ་དད་པ། རྨུགས་པ། རྒོད་པའོ། དེ་རྣམས་གཙོ་སེམས་ཉོན་མོངས་པའི་འཁོར་དུ་ཡོད་པས་ཉོན་མོངས་ཅན་གྱི་ས་མང་ཞེས་བརྗོད་པ་ཡིན།
མི་དགེ་བའི་ས་མང་གཉིས་ནི། མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ། ཞེས་གསུངས་པ་ལྟར། ཁྲེལ་མེད་པ་དང་། ངོ་ཚ་མེད་པའོ། གཙོ་སེམས་མི་དགེ་བ་ཐམས་ཅད་ཀྱི་འཁོར་དུ་དེ་གཉིས་ཡོད་པས་མི་དགེ་བའི་ས་མང་ཞེས་བརྗོད་པ་ཡིན། 
ཉོན་མོངས་ཆུང་ངུའི་ས་མང་ནི། མཛོད་ལས། ཁྲོ་བ་དང་། འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང་། ། སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུ་ངུའི་ས་པ་རྣམས། །ཞེས་གསུངས་པ་ལྟར། ཁྲོ་བ། འཁོན་འཛིན། གཡོ། ཕྲག་དོག འཚིག་པ། འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་འཚེའོ། ཁྲོ་བ་དང་འཁོན་དུ་འཛིན་པ་སོགས་ཉོན་མོངས་བཅུ་པོ་དེ་རྣམས་ནི། མ་རིག་པ་ཙམ་དང་མཚུངས་པར་ལྡན་པས་མཚུངས་ལྡན་གྲོགས་ཀྱི་སྒོ་ནས་ཀྱང་སྟོབས་ཆུང་བ་དང་། མཐོང་སྤང་སྒོམ་སྤང་གཉིས་ཀྱི་ནང་ནས་སྒོམ་སྤང་ཙམ་ཡིན་པ་དང་། དབང་པོའི་རྣམས་པར་ཤེས་པའི་འཁོར་དུ་མི་འབྱུང་བར་ཡིད་ཀྱི་རྣམ་ཤེས་ཙམ་གྱི་འཁོར་དུ་འབྱུང་བས་ན། ཉོན་མོངས་ཆུང་ངུའི་ས་མང་ཞེས་བརྗོད་པ་ཡིན་ནོ། །
མ་ངེས་པའི་ས་མང་བརྒྱད། རྟོག་པ། དཔྱོད་པ། འགྱོད་པ། གཉིད། ཁོང་ཁྲོ། ཆགས་པ། ང་རྒྱལ། ཐེ་ཚོམ་མོ། སློབ་དཔོན་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པར་མིན་པར་བཤད། །ཞེས་གསུངས་པ་ལྟ་བུའོ། །དེ་རྣམས་གཙོ་སེམས་དྲུག་གི་འཁོར་དུ་ངེས་པ་མེད་པར་འཇུག་པས་ན་ངེས་མེད་ཀྱི་ས་མང་བཞེས་བརྗོད་པ་ཡིན།
སེམས་བྱུང་བཏགས་ཡོད་ལྔ། གཏི་མུག་མེད་པ། ལྟ་བ། ཤེས་བཞིན་མ་ཡིན་པ། བརྗེད་ངེས། རྣམ་གཡེང་ངོ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། ལོག་པར་མོས་པ་སྟེ་བདུན་ནོ། །དེས་ན་བཞི་བཅུ་རྩ་དྲུག་རྫས་ཡོད་དང། བདུན་བཏགས་ཡོད་ཡིན་ནོ། །དང་པོ་གསུམ་ཤེས་རབ་ལ་བཏགས་པ་དང་། ཕྱི་མ་བཞི་རིམ་པ་བཞིན་དྲན་པ་ཏིང་ངེ་འཛིན་ཡིད་ལ་བྱེད་པ་མོས་པ་རྣམས་ལ་བཏགས་པ་ཡིན་ནོ། །སྤྱིར་རྫས་ཡོད་ལ། དོན་བྱེད་ནུས་པ་དང་། རྟག་ཅིང་བརྟན་པ་དང་། རིགས་པས་དཔྱད་བཟོད་དུ་གྲུབ་པ་དང་། རང་རྐྱང་ཐུབ་པ་ལ་རྫས་ཡོད་དུ་བྱས་པ་དང་བཞི་ལས། སྐབས་འདིར་རྫས་ཡོད་ཅེས་པ་ནི་ཕྱི་མ་དེ་ཡིན་ཏེ། རང་དབང་དུ་བློའི་ཡུལ་དུ་གྱུར་པ་ཡིན་པས་རང་རྐྱང་ཐུབ་པའི་རྫས་ཡོད་ཡིན་ནོ། །
བཏགས་ཡོད་ལ་ཡང་བཞི་སྟེ། གནས་སྐབས་ལ་བཏགས་པ་དང་། སྒྲོ་བཏགས་པ་དང་། དེ་ལས་གཞན་པ་ལ་བཏགས་པ་དང་། གདགས་གཞི་ཆོས་ཀྱི་ཆ་ཤས་མ་དོར་བའི་ཆ་ལ་བཏགས་པ་དང་བཞི་ལས། སྐབས་འདིར་བཏགས་ཡོད་ཅེས་པ་ནི་ཕྱི་མ་དེ་ཡིན་ཏེ་གཞན་ལ་ལྟོས་ནས་བློའི་ཡུལ་དུ་འགྱུར་བ་ཡིན་པས་སོ། །འོ་ན་ལུགས་འདིར་སེམས་བྱུང་དང་བཏགས་ཡོད་ཀྱི་གཞི་མཐུན་ཡོད་དམ་སྙམ་ན། དེ་ནི་རྫས་ཡོད་དང་བཏགས་ཡོད་གཉིས་སུ་ཕྱེ་བའི་བཏགས་ཡོད་ཡིན་ནོ། །སྤྱིར་རྫས་ཡོད་དང་བཏགས་ཡོད་འགལ་བ་མེད་པས། དེ་ལ་བཏགས་པའི་གཏགས་ཡོད་ཡིན་ཡང་བཏགས་ཡོད་མ་ཡིན་ཞེས་ཁས་ལེན་དགོས་པ་ཡིན་ནོ། །
 བླང་བྱའི་སེམས་དང་སེམས་བྱུང་།
གཙོ་སེམས་དགེ་བ་དང་དེའི་འཁོར་དུ་ཡོད་པའི་སེམས་ཀྱི་ས་མང་དང་དགེ་བའི་ས་མང་སོགས་བླང་བྱ་ཡིན་ནོ། །
 སྤང་བྱའི་སེམས་དང་སེམས་བྱུང་།
གཙོ་སེམས་མི་དགེ་བ་དང་། མི་དགེ་བའི་ས་མང་དང་། ཉོན་མོངས་པའི་ས་མང་དང་། ཉོན་མོངས་ཆུང་ངུའི་ས་མང་རྣམས་དང་མཚུངས་ལྡན་དུ་ཡོད་པ་རྣམས་སྤང་བྱ་ཡིན་ནོ། །    
དེའི་གཉེན་པོའི་ངོས་འཛིན།
རགས་པ་འགོ་གནོན་གྱི་གཉེན་པོ་དང་། རྩ་བ་དྲུང་འབྱིན་གྱི་གཉེན་པོ་གཉེིས་ལས། དང་པོ་ནི། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་དང་མི་གཙང་བ་སྒོམ་པ་དང་། ཞེ་སྡང་གི་གཉེན་པོ་བྱམས་པ། གཏི་མུག་གི་གཉེན་པོ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ། རྣམ་གཡེང་དང་། བྱིང་རྒོད་སོགས་ཀྱི་གཉེན་པོ་ཏིང་ངེ་འཛིན་སྒོམ་པ་དང་། ང་རྒྱལ་གྱི་གཉེན་པོ་དམན་ས་བཟུང་བ། ཕྲག་དོག་གི་གཉེན་པོོ་དགའ་བ་སྒོམ་པ། ཡང་འཁོར་བ་ལ་ཡིད་འཇུག་པའི་གཉེན་པོར་མི་རྟག་པ་སྒོམ་པ་དང་། སྡུག་བསྔལ་བ་སྒོམ་པ་དང་། མི་གཙང་བར་སྒོམ་པ་དང་། བདག་མེད་པར་སྒོམ་པ་སོགས་ཡོད་ཀྱང་། དེ་དག་ཐམས་ཅད་ནི་རགས་པ་འགོ་གནོན་གྱི་གཉེན་པོ་ཙམ་ལས་རྩ་བ་དྲུང་ནས་འབྱིན་པའི་གཉེན་པོ་མ་ཡིན་ཏེ། དབུ་མ་རྩ་ཤེས་རབ་འབྱེད་ཉི་ཤུ་རྩ་གསུམ་པ་ཕྱིན་ཅི་ལོག་བརྟག་པ་ལས། གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པའོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །ཞེས་རང་བཞིན་དང་བྲལ་ཞིང་རང་བཞིན་གྱིས་མ་སྐྱེས་པའི་སྟོང་པ་ལ་རྟག་པ་ཉིད་མེད་པ་དེ་བཞིན་དུ་སྡུག་བསྔལ་བ་དང་མི་གཙང་བ་དང་བདག་མེད་པ་ཡང་ཡོད་པ་མ་ཡིན་ནོ། ཞེས་གསུངས་པས་སྤང་བྱ་རྩ་བ་དྲུང་ནས་འབྱིན་པ་ལ་གཉེན་པོ་སྟོང་ཉིད་རྟོགས་པའི་ཤེས་རབ་རྒྱུད་ལ་བསྐྱེད་དགོས་པར་གསུངས་པ་དང་། དབུ་མ་བཞི་བརྒྱ་པ་རབ་བྱེད་བཅུ་གཉིས་བདག་མེད་བསྟན་པའི་སྐབས་སུ། ཞི་སྒོ་གཉིས་པ་མེད་པ་དང་། །ལྟ་བ་ངན་རྣམས་འཇིག་བྱེད་ཅིང་། །སངས་རྒྱས་ཀུན་གྱི་ཡུལ་འགྱུར་ལ། །བདག་མེད་ཅེས་ནི་བྱ་བར་བརྗོད། །ཅེས་བདག་མེད་པའི་ལྟ་བ་འདི་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཀུན་སྤངས་ནས་ཞི་བ་མྱང་འདས་ཐོབ་པའི་ཐབས་མཆོག་ཏུ་གྱུར་པ་ཞི་སྒོ་གཉིས་པ་མེད་པའི་ལམ་དུ་ངོས་འཛིན་གནང་འདུག་པའི་ཕྱིར་རོ། །
 སེམས་སེམས་བྱུང་ངོ་བོ་གཅིག་དང་ཐ་དད་ལ་དཔྱད་པ།
མངོན་པ་འོག་མ་མཛོད་ཀྱི་ལུགས་ལ། སེམས་དང་སེམས་བྱུང་རྫས་གཅིག་དང་ཐ་དད་གང་དུ་བཞེད་པ་ཡིན་ཞེ་ན། ལུགས་འདི་ལ་ཕྱི་ནང་གྱི་ཆོས་ཐམས་ཅད་ཤེས་བྱ་གཞི་ལྔའི་ཁོངས་སུ་བསྡུ། ཤེས་བྱ་གཞི་ལྔ་པོ་རྫས་ཐ་དད་དུ་འདོད་པ་ཡིན་པས། འཁོར་སེམས་བྱུང་གི་གཞི་དང་། གཙོ་བོ་སེམས་ཀྱི་གཞི་གཉིས་ཀྱང་རྫས་ཐ་དད་དུ་འདོད་པ་ཡིན་པས། །དེ་བས་ན་སེམས་སེམས་བྱུང་རྫས་ཐ་དད་དུ་བཞེད་པ་ཡིན་ནོ། །


རྣམ་པར་རྟོག་པ་ལ་དཔྱད་པ།
དང་པོ་རྟོག་པའི་མཚན་ཉིད་ནི། ཁམས་གསུམ་གྱིས་བསྡུས་པའི་གསལ་རིག་གི་ཆ། གཉིས་པ་དེ་ལ་དབྱེ་ན། གསུམ་སྟེ། ཡང་དག་མ་ཡིན་པའི་ཀུན་རྟོག སེམས་རྩིང་བའི་རྣམ་ཅན་གྱི་རྟོག་པ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་བཅས་སོ། །དེ་ལ་དང་པོ་ནི། དབུས་མཐའ་རྣམ་འབྱེད་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་པ་ལྟར་དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཅེས་བྱ་བ་གང་ཡིན་ན། དེ་ནི་གཟུང་འཛིན་གཉིས་སུ་སྣང་བ་ཅན། ཁམས་གསུམ་གྱིས་བསྡུས་པ་ཡི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །གཉིས་པ་ནི། མངོན་པར་མཛོད་ལས། རྟོག་དང་དཔྱོད་དང་རྩིང་ཞིབ་ཉིད། །ཅེས་པའི་སྐབས་ནས་བསྟན་པའི་དོན་གྱི་ངོ་བོ་འཚོལ་བའི་རྩིང་བའི་རྣམ་པ་ཅན་གྱི་སེམས་བྱུང་དང་།གསུམ་པ་ནི། ཚད་མ་རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་གསུངས་པ་ལྟར་གྱི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པའོ། །འོ་ན་མངོན་པར་མཛོད་ལས། རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་མིག་ལ་སོགས་པའི་དབང་ཤེས་ལྔ་པོ་རྟོག་པ་དང་བཅས་པར་གསུངས་པ་དང་། ཚད་མ་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་དབང་ཤེས་རྟོག་བྲལ་དུ་གསུངས་པ་གཉིས་མི་འགལ་བའི་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ལ་རྒྱལ་བའི་གཞུང་ལུགས་རྣམས་ལས་གསུངས་པ་རྣམས་རང་གི་གོ་ཚོད་དང་བསྡུར་ནས་མདོར་ཙམ་ཞུ་ན། མངོན་པར་མཛོད་གནས་དང་པོ་དབང་པོ་བསྟན་པའི་སྐབས་སུ། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །ཅེས་གསུངས་པ་ལྟར། ངོ་བོ་ཉིད་ཀྱི་རྟོག་པ་དང་། ངེས་པར་རྟོག་པའི་རྟོག་པ་དང་། རྗེས་སུ་དྲན་པའི་རྟོག་པ་གསུམ་སྟེ་། དང་པོ་ནི། གོང་དུ་བསྟན་པའི་དོན་གྱི་ངོ་བོ་འཚོལ་བའི་རྣམ་པ་ཅན་དང་དོན་གཅིག་ཡིན། གཉིས་པ་ནི། ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་ཡུལ་ལ་རྣམ་པར་གཡེང་བའོ། གསུམ་པ་ནི། ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་དྲན་པ་མཉམ་པར་བཞག་མི་བཞག་ཐམས་ཅད་ཡིན་ཏེ། ཀུན་མཁྱེན་པདྨ་དཀར་པོས། མཛོད་ཀྱི་འགྲེལ་པ་ལུགས་གནས་གཉིས་པའི་སྐབས་སུ། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ། མཉམ་པར་གཞག་པ་མ་ཡིན་པ་ནི་གཡེང་བ་སྟེ། དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པའོ། ཡིད་ཀྱི་དྲན་པ་ཉིད། མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པ་ཐམས་ཅད་ནི་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཉིད། ཞེས་གསུངས་པའི་ཕྱིར་རོ། །
དེ་ལས་དང་པོ་ནི་དབང་པོའི་རྣམ་པར་ཤེས་པ་དང་མཚུངས་ལྡན་དུ་བྱུང་བ་ཡིན་ལ། ཕྱི་མ་གཉིས་ནི་ཡིད་ཤེས་རྟོག་བཅས་ཁོ་ན་དང་མཚུངས་ལྡན་དུ་བྱུང་བ་ཡིན་པས། ཚད་མའི་གཞུང་ལུགས་རྣམས་སུ། དབང་ཤེས་རྟོག་བྲལ་དུ་གསུངས་པའི་བྲལ་བྱའི་རྟོག་པ་ནི་ངེས་པར་རྟོག་པའི་རྟོག་པ་དང་། རྗེས་སུ་དྲན་པའི་རྟོག་པ་གང་རུང་ཡིན་ཞིང་། མངོན་པར་མཛོད་ལས། དབང་ཤེས་དང་མཚུངས་ལྡན་དུ་གསུངས་པའི་རྟོག་པ་ནི། ངོ་བོ་ཉིད་ཀྱི་རྟོག་པ་ལ་དགོངས་པ་ཡིན་པས་འགལ་བ་མེད་པའི་ཚུལ་དེ་ལྟར་ཡིན་ནོ། །དེ་ལྟར་ཤེར་ཕྱིན་མངོན་རྟོགས་རྒྱན་ལས། རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཞེས་དང་། ཚད་མ་རྣམ་འགྲེལ་མངོན་སུམ་ལེའུ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་གསུངས་པ་ཐམས་ཅད་རྟོག་པ་ཕྱི་མ་གཉིས་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཞེས་སོ། །
                   མཇུག་རྩོམ།
རྒྱ་ཆེའི་རྒྱལ་བའི་གསུང་དང་མཁས་པའི་གཞུང་། །ཤིན་ཏུ་ཟབ་ཤིང་ཕྲ་བའི་བརྗོད་བྱ་རྣམས། །མ་རྟོགས་དབང་གིས་གང་ཤར་བྲིས་པ་འདི། །དཔྱོད་ལྡན་མཁས་པའི་ཚོགས་ལ་བཟོད་པར་གསོལ། །


རྒྱབ་རྟེན་ཡིག་ཆའི་ཐོ།

༡ རྩ་ཤེས་མཆན་འགྲེལ། མཁན་པོ་གཞན་དགའ།
༢ དབུ་མ་བཞི་བརྒྱ་པ་མཆན་འགྲེལ། མཁན་པོ་གཞན་དགའ།
༣ མངོན་པ་མཛོད་རྩ་བ། སློབ་དཔོན་དབྱིག་གཉེན།
༤ མཛོད་འགྲེལ་འཆིམས་འཇམ་པའི་དབྱངས།
༥ མཛོད་ཀྱི་འགྲེལ་པ་ལུགས། ཀུན་མཁྱེན་པད་དཀར་པོ།
༦ ཕུང་ཁམས་སྐྱེས་མཆེད་ཇི་སྙེད་ཤེས་བྱའི་སྒོ་འབྱེད། ཀུན་མཁྱེན་གོ་བོ་རབས་འབྱམས་པ།
༧ སྡེ་བདུན་རབ་གསལ། ཀུན་མཁྱེན་གོ་བོ་རབས་འབྱམས་པ།

ཕུར་པ་རྡོ་རྗེ། གསང་འཁོར་མཐོ་རིམ་བཤད་གྲྭའི་ལེགས་བཤད་པ།


Post a Comment

0 Comments