གསར་པ།

6/recent/ticker-posts

བརྡའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དོན་བསྡུས་སི་ཏུའི་དགོངས་རྒྱན།

༄༅། །བརྡའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དོན་བསྡུས་སི་ཏུའི་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །

བརྡའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དོན་བསྡུས་སི་ཏུའི་དགོངས་རྒྱན།

༄༅། །ན་མོ་མཛྙྱུ་ཤྲཱི་ཡེ། །སྒྲིབ་པའི་དྲི་མ་ཡེ་ནས་དབྱིངས་སུ་དག །མཁྱེན་པའི་དཀྱིལ་འཁོར་ཤེས་བྱ་ཀུན་ཁྱབ་ཅན། །བརྩེ་བའི་འོད་ཀྱིས་ནང་གི་མུན་སེལ་བ། །སྨྲ་བའི་ཉི་མ་འཇམ་དཔལ་དབྱངས་ལ་འདུད། །ཐུ་མིའི་ལེགས་བཤད་འཛིན་མའི་རུམ་ནང་ནས། །འགྲེལ་པས་དོན་བཟང་བཙོ་མ་འབྱིན་ལགས་ཀྱང་། །དེ་སང་བློ་གསར་དགའ་མའི་རྣ་ལོང་དུ། །མཛེས་རྒྱན་རྣ་ཆས་དབུལ་བས་སྦྱིན་གྱིས་ལོངས། །མཁན་པོས་ལེགས་སྦྱར་དབྱངས་ཡིག་ལས། །བཏུས་ཏེ་ཨི་ཨུ་ཨེ་ཨོ་བཞིས། །གི་གུ་ཞབས་ཀྱུ་ལ་སོགས་བཞིར། །མཛད་ནས་དབྱངས་བཞི་ངེས་པར་བསྟན། །ལེགས་སྦྱར་གྱི་ནི་གསལ་བྱེད་ལས། །སྐད་ཡིག་འཇུག་པ་དང་བསྟུན་ཏེ། །དོར་བསྣན་ཞིབ་པར་མཛད་ནས་ནི། །གསལ་བྱེད་སོགས་སུམ་ཅུར་བསྟན། །དེ་ལས་དབྱུང་བའི་རྗེས་འཇུག་ནི། །ག་ང་ད་ན་བ་མ་འ། །ར་ལ་ས་སྟེ་བཅུ་རུ་འདོད། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང་། །ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་ལྔ་པོ། །འཕུལ་ལམ་སྔོན་འཇུག་ཅེས་སུ་གྲགས། །རྗེས་འཇུག་ལ་ལྟོས་ཚིག་ཕྲད་ཅེས། །རྣམ་དབྱེ་བདུན་པོར་མི་གཏོགས་པའི། །རྫོགས་ཚིག་སྐབས་ཀྱི་སླར་བསྡུ་ནི། །གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་རྣམས་སྐབས་བབ་ཀྱི། །བརྗོད་བྱ་རྫོགས་པའི་རྗེས་མཐུན་སྦྱར། །དཔེར་ན་རྟག་གོ་བཟང་ངོ་སོགས། །རྒྱ་ཆེར་མཚོན་ཏེ་ཤེས་པར་བྱ། །ན་ར་ལ་ཡི་ད་དྲག་མཐར། །འདས་པ་དོན་འཐོབ་ཏོ་སྦྱར་རོ། །རྣམ་དབྱེ་བདུན་ལས་དང་པོ་ནི། །ངོ་བོ་མིང་ཙམ་བསྟན་པ་ལ། །གཞན་དུ་མེད་ཅེས་མཁས་རྣམས་བརྗོད། །རྗེས་འཇུག་ལ་ལྟོས་རྣམ་དབྱེའི་རྐྱེན། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་དུ་འདོད། །རྣམ་དབྱེ་གཉིས་བཞི་བདུན་པ་དང་། །དེ་ཉིད་དུས་ཏེ་དོན་ཚན་ལྔར། །འཇུག་གི་རྣམ་དབྱེ་གཞན་ལ་མིན། །སྦྱོར་ཚུལ་སྒྲ་སྦྱོར་དོན་སྦྱོར་གཉིས། །དང་པོ་སྒྲ་ཡི་སྦྱོར་ཚུལ་ནི། །ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་རའམ་རུ། །རྐང་པ་སྐོང་མི་སྐོང་གི་ཁྱད། །ན་ལ་གཉིས་པོ་རྗེས་འཇུག་བཅུ། །ཀུན་ལ་རྩོད་པ་མེད་པར་འཇུག །དཔེར་ན་གནས་སུ་བདག་ཏུ་སོགས། །སྦྱོར་ཚུལ་རིམ་བཞིན་ཤེས་པར་བྱ། །དཔེར་ན་གནས་ལ་བདག་ལ་སོགས། །ལ་ཡིག་འཇུག་པའི་དོན་གྱིས། །ལ་དོན་ཞེས་སུ་བཤད་པ་ཡིན། །གཉིས་པ་དོན་གྱི་སྦྱོར་ཚུལ་ནི། །བྱ་བའི་ཡུལ་ཞིག་གཞིར་བཟུང་ནས། །དེར་ནི་བྱ་ལས་ཅི་རིགས་པར། །དངོས་སུ་བྱས་པར་སྟོན་པའི་སྒྲ། །དེ་ནི་རྣམ་དབྱེ་གཉིས་པ་ཡིན། །དཔེར་ན་བྱང་གི་ཕྱོགས་སུ་འགྲོ། །བླ་མར་བཏུད་སོགས་ལྟ་བུ་ཡི། །བྱ་བའི་ཚིག་རྣམས་རྟོགས་པར་བྱ། །དགོས་པ་གང་གི་ཆེད་དུ་ནི། །བྱ་ཡུལ་དེ་དང་འབྲེལ་ལས་ལ། །ཕན་འདོགས་བྱས་པར་གོ་ནུས་པ། །དེ་ནི་རྣམ་དབྱེ་བཞི་པ་ཡིན། །དཔེར་ན་ཞི་བའི་གནས་སུ་བསྒོམ། །དམན་པར་བརྩེ་སོགས་ལྟ་བུ་ཡི། །ཚིག་གྲོགས་ཆེད་སླད་དོན་ཕྱིར་བཞི། །དགོས་ཆེད་གསལ་བྱེད་སྒྲོ་ཡིན་ནོ། །བརྟེན་བྱའི་ཆོས་དེ་རྟེན་པའི་གནས། །གང་དུ་གནས་དང་ཡོད་པ་ཙམ། །གཙོ་བོར་གོ་བའི་སྒྲ་དེ་ནི། །རྣམ་དབྱེ་བདུན་པ་རྟེན་གནས་ཡིན། །དཔེར་ན་དབུས་སུ་བླ་མ་དང་། །མཐའ་རུ་སློབ་མ་ལྟ་བུའོ། །ཡུལ་ལ་བ་བྱེད་པའི་ཚེ། །ལས་དང་བྱ་བ་གཅིག་གྱུར་པ། །དེ་ནི་རྣམ་དབྱེ་གཉིས་པ་ཡི། །བྱེ་བྲག་དེ་ཉིད་བརྗོད་པ་ཡིན། །དཔེར་ན་སྣང་བ་སེམས་སུ་འཆར། །གསལ་བར་བྱ་དང་རོ་རུ་གྱུར། །ཞེས་སོགས་དཔྱད་དགོས་ན་ལ་གཉིས། །དེ་ཉིད་དོན་ལ་མི་འཇུག་གོ །བརྗོད་པ་དུས་ཀྱི་དོན་ཅན་དུ། །གསལ་བར་གོ་བྱེད་འདི་རྣམ་དབྱེ། །བདུན་པའི་ནང་ཚན་ཚེ་སྐབས་ཡིན། །དཔེར་ན་སྟོན་ཀའི་དུས་སུ་སྨིན། །སྔ་དྲོར་ལངས་སོགས་ལྟ་བུའི་མཚོན། །རྒྱ་ཆེར་སྦྱར་ཏེ་ཤེས་པར་གྱིས། །རྩ་བས་དངོས་སུ་མ་བཤད་ཀྱང་། །འགྲེལ་པས་ཁ་སྐོང་གསལ་བ་ནི། །ལ་དོན་ནང་གསེས་ན་ལ་གཉིས། །འཇུག་སྒོ་མང་དུ་སྣང་བ་ལས། །ན་ཡིག་འཇུག་ཚུལ་ཕྱོགས་ཙམ་དཔེར། །ཡིན་ངེས་ན་སོགས་ལྟ་བུ་ནི། །དམིགས་ཀྱིས་དབྱེ་བའི་དོན་དུ་འཇུག །མེ་ཡོད་ན་ནི་དུ་བ་འབྱུང་། །ལྟ་བུ་རྒྱུ་མཚན་དོན་ལ་འཇུག །བྱས་པ་ཡིན་ན་རྟག་པ་ཅི། །ལྟ་བུ་རྒྱུ་མཚན་དོན་བསྟན་འཇུག །འདི་སྔོན་བླུན་པོ་ཡིན་ན་ཡང་། །ད་ནི་མཁས་སོ་ལྟ་བུ་ནི། །སྔར་ལྟར་མིན་པའི་དོན་ལ་འཇུག །ལྷས་ཀྱང་བཏུད་ན་མིས་ལྟ་ཅི། །ལྟ་བུ་སྔ་མ་འོས་དཀའ་དང་། །ཕྱི་མ་ངེས་པའི་དོན་དུ་འཇུག །ཉི་མས་བསྲེག་ན་ཟླ་བ་ཡང་། །དེ་ལྟ་ཉིད་དོ་ལྟ་བུ་ནི། །སྔ་མ་འོས་པ་བཀོད་པ་དང་། །ཕྱི་མ་མི་འོས་པ་ལ་འཇུག །བདག་གིས་བྱང་ཆུབ་ཐོབ་ན་སྙམ། །ལྟ་བུ་སྨོན་པའི་དོན་དུ་འཇུག །སློབ་ན་ཤེས་སམ་སྙམ་ལྟ་བུ། །ཐེ་ཚོམ་ཅན་གྱི་དོན་ལ་འཇུག །དེ་ནས་ལ་ཡིག་འཇུག་སྒོ་ནི། །མཉམ་པར་བཞག་ལ་སྒོམ་ལྟ་བུ། །ལ་ཡིག་ལྷག་བཅས་དོན་དུ་འཇུག །གསལ་ཞིང་དྭང་ལ་དྲི་མ་མེད། །ལྟ་བུ་མཚམས་སྦྱོར་ལ་འཇུག་གོ །བྱེད་འབྲེལ་གཉིས་ཀྱི་ཨི་ལྡན་ནི། །གི་ཀྱི་གྱི་འི་ཡི་ལྔའོ། །སྒྲོ་སྦྱོར་ག་ང་གཉིས་པ་ལ་གི །ད་བ་ས་གསུམ་མཐའ་ལ་ཀྱི། །ན་མ་ར་ལ་བཞི་ལ་གྱི། །འ་དང་མཐའ་མེད་འི་དང་ཡི། །སྐབས་དོན་ཚིག་རྐང་བརྟག་ལ་སྦྱོར། །དཔེར་ན་བདག་གི་གང་གི་སོགས། །རིམ་པའི་ཚིག་གྲོགས་དོན་སྦྱོར་ནི། །ཁྱད་གཞི་ཁྱད་ཆོས་རྟེན་བརྟེན་པ། །ཡན་ལག་དང་ནི་ཡན་ལག་ཅན། །དཔེ་དང་དཔེ་ཅན་དངོས་རྣམས་ཀྱི། །མིང་དོན་ཕན་ཚུན་འབྲེལ་བརྗོད་པ། །དེ་ནི་རྣམ་དབྱེ་དྲུག་པ་ཡིན། །དཔེར་ན་བདག་གི་ནོར་དང་གོས། །གང་གི་དྲིན་སོགས་མཚོན་པ་ཡི། །དཔེར་བརྗོད་ཕྲེང་བ་བསྟར་བས་རྟོགས། །སྐབས་འགར་འགལ་དང་མི་མཐུན་པའི། །དགག་བྱའི་ཚིག་ལའང་དྲུག་སྒྲ་འཇུག །གི་སོགས་ལྔ་ལ་ས་སྦྱར་ན། །སྒྲ་སྦྱོར་དྲུག་སྒྲ་མཚུངས་པ་ལས། །ཚིག་གྲོགས་དོན་གྱི་སྦྱོར་བ་ནི། །བྱེད་པོས་བྱ་བ་བྱས་པ་རུ། །དངོས་སམ་ཤུགས་ལ་སྟོན་ཀྱང་རུང་། །དེ་ནི་རྣམ་དབྱེ་གསུམ་པ་ཡིན། །དཔེར་ན་དོན་འདི་བདག་གིས་བཤད། །ཁོང་གིས་ཐོས་སོགས་ལྟ་བུ་དང་། །རྒྱུ་མཚན་ངེས་པའི་ཚིག་ལ་ཡང་། །ས་མཐའ་སྦྱོར་ཚུལ་ཤེས་པར་གཅེས། །མཐུན་དང་མི་མཐུན་རྒྱན་གཉིས་དང་། །གཞན་སྦྱོར་སྡུད་པའི་རྒྱན་སྡུད་ནི། །ཀྱང་འང་ཡང་གསུམ་སྒྲའི་སྦྱོར་ཚུལ། །ག་ད་བ་ས་དྲག་མཐར་ཀྱང་། །ང་མ་ན་ར་ལ་མཐར་ཡང་། །འ་དང་མཐའ་མེད་འང་དང་ཡང་། །ཚིགས་བཅད་རྐང་པའི་བབ་དང་བསྟུན། །དཔེར་ན་རྟག་ཀྱང་ཡོད་ཀྱང་སོགས། །ལྟ་བུ་སྦྱར་ནས་དོན་སྦྱོར་ནི། །གསལ་ཡང་གསལ་ལ་མཛེས་ཀྱང་མཛེས། །ལྟ་བུ་མཐུན་པའི་ཚིག་རྒྱན་དང་། །བཏུད་ཀྱང་ཁྲོ་ལ་མཛའ་ཡང་བསླུ། །ལྟ་བུ་མི་མཐུན་ཚིག་རྒྱན་དང་། །ཆོས་མིན་མ་ཟད་ཆོས་ཀྱང་སྤོང་། །ལྟ་བུ་སྡུད་པའི་རྒྱན་ཡིན་ཏེ། །འདིས་མཚོན་མཐའ་ཡས་རྟོགས་པར་གྱིས། །བསྟན་བྱ་ལྷག་མ་འདྲེན་པའི་དོན། །ལྷག་བཅས་སྟེ་ཏེ་དེ་གསུམ་ནི། །ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་དཔེར། །ཡིན་ཏེ་བརྟགས་ཏེ་ལ་སོགས་པས། །བསྒྲེན་ནས་མཐའ་དག་སྦྱར་བ་བྱ། །འོ་ན་སྟེ་སོགས་དེ་དག་གིས། །ལྷག་མ་ཇི་ལྟར་འདྲེན་ཞེ་ན། །འདྲེན་ཚུལ་རྣམ་པ་གསུམ་གྱིས་ཏེ། །མཚམས་སྦྱོར་དམ་བཅའ་གཞན་འདྲེན་ནོ། །མཚམས་སྦྱོར་ལ་ཡང་ནང་གསེས་གསུམ། །དང་པོ་བྱེད་སྔ་བྱ་ཕྱི་ནི། །དྲི་མ་བཀྲུས་ཏེ་དག་ཅེས་དང་། །གཉིས་པ་སྔ་ཕྱི་གཉིས་བྱ་བ། །སྔ་མ་སོང་ནས་རིམ་འཇུག་ནི། །གྲོལ་ཏེ་སླར་ཡང་འཇུག་ཅེས་དང་། །གསུམ་པ་སྔ་ཕྱི་གཉིས་ཀ་ལ། །བྱ་བ་ཡིན་ལ་མཉམ་བྱུང་ནི། །འཕར་ཏེ་འགྲོ་སོགས་ལྟ་བུའོ། །དམ་བཅའ་འདྲེན་ལའང་ནང་གསེས་བཞི། །དང་པོ་དབྱེ་བ་འདྲེན་པ་ནི། །མཁས་ཚུལ་གསུམ་སྟེ་འཆད་པ་དང་། །རྩོད་དང་རྩོམ་པ་འོ་ལྟ་བུ། །གཉིས་པ་གཏན་ཚིགས་འདྲེན་པ་ནི། །ཆོས་སོ་ཅོག་ནི་མི་རྟག་སྟེ། །བྱས་པ་ཡིན་པའི་ཕྱིར་ལྟ་བུ། །གསུམ་པ་ངེས་ཚིག་འདྲེན་པ་ནི། །དགྲ་བཅོམ་པ་སྟེ་ཉོན་མོངས་པའི། །དགྲ་རྣམས་བཅོམ་མོ་ལྟ་བུ་དང་། །བཞི་པ་རྒྱས་བཤད་འདྲེན་པ་ནི། །ཆོས་ཏེ་ཀུན་ཉོན་རྣམ་བྱང་གིས། །བསྡུས་པའི་ཆོས་སོ་ལྟ་བུའོ། །གཞན་འདྲེན་ལྷག་མ་ཡོད་ཙམ་ནི། །ཁྱོན་ནི་དཔལ་ཏེ་ཁྱོད་ནི་མགོན། །ལྟ་བུ་མཐའ་ཡས་འདྲེན་པར་བྱ། །ཚིག་དོན་སོ་སོར་འབྱེད་པ་དང་། །ཕྱོགས་གཅིག་སྡུད་པའི་འབྱེད་སྡུད་ནི། །གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་བཅུ་གཅིག་གོ །སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །དཔེར་ན་རྟག་གམ་མཐོང་ངམ་སོགས། །ལྟ་བུ་སྐབས་ཀྱི་དོན་ལ་སྦྱོར། །གཅིག་ལས་གཉིས་སམ་མང་འབྱེད་པ། །ཆོས་ནི་གཉིས་ཏེ་འདུས་བྱས་སམ། །འདུས་མ་བྱས་སོ་ལྟ་བུ་དང་། །དབང་པོ་འདི་ནི་དྲུག་ཡིན་ཏེ། །མིག་གམ་རྣ་འམ་སྣ་འམ་ལྕེ། །ལུས་སམ་ཡིད་རྣམས་སོ་ལྟ་བུ། །་རྒྱ་ཆེར་མཚོན་ཏེ་འབྱེད་པར་བྱ། །གཉིས་སམ་མང་པོ་གཅིག་སྡུད་པ། །འདུས་པར་བྱས་སམ་འདུས་མ་བྱས། །གཉིས་ནི་ཆོས་སོ་ལྟ་བུ་དང་། །མིག་གམ་རྣ་འམ་སྣ་འམ་ལྕེ། །ལུས་སམ་ཡིད་རྣམས་དབང་པོའོ། །ལྟ་བུ་རྒྱ་ཆེར་སྡུད་པར་བྱ། །ངོ་བོས་སྟོང་ངམ་བདེན་པས་སྟོང་། །ལྟ་བུ་དྲི་དང་བདེན་ནམ་སྙམ། །ཐེ་ཚོམ་ལ་འཇུག་དེ་དག་ནི། །བརྟག་ཅིང་འབྱེད་ཕྱིར་འབྱེད་སྒྲར་འགྱུར། །གང་ལས་གང་ཞིག་བྱུང་སྟོན་པའི། །རྣམ་དབྱེ་ལྔ་པ་འབྱུང་ཁུངས་ནི། །ནས་ལས་གཉིས་ཏེ་དགང་སྡུད་ཀྱང་། །དེ་ཡིས་འཇུག་པར་གཞུང་ལས་བསྟན། །དེ་དག་ཚིག་ཕྲད་རང་དབང་ཅན། །ཡིན་ཕྱིར་རྗེས་འཇུག་ལ་མི་ལྟོས། །འཇུག་ཚུལ་འབྱུང་ཁུངས་དངོས་ལ་ནི། །ནས་ལས་གཉིས་པོ་གང་སྦྱོར་འཐུས། །རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །དཔེར་ན་མཚོ་ནས་ནོར་བུ་དང་། །བ་ལས་འོ་མ་ལ་སོགས་པ། །ལྟ་བུ་འབྱུང་ཁུངས་དངོས་ཉིད་དང་། །རྟ་ལས་ལྷུང་དང་རི་ནས་ལྷུང་། །ལྟ་བུ་འབྱུང་ཁུངས་འདྲ་བ་དང་། །དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་བཞིན་ནོ། །ལྟ་བུའི་རྒྱུ་མཚན་དུ་སོགས་ལས། །བྱུང་ཕྱིར་འབྱུང་ཁུངས་རྗེས་མཐུན་ནོ། །དགར་ལ་རིགས་དང་བྱ་བ་དང་། །ཡོན་ཏན་རྣམས་ནི་རིམ་བཞིན་དུ། །གཞི་གཅིག་གཉིས་སམ་མང་པོ་ལས། །ལོགས་སུ་བཀར་ཏེ་དགར་བ་ནི། །མིའམ་ཅི་ལས་དྲི་ཟ་གཞན། །ཕྱག་འཚལ་བ་ལས་སྒོམ་པ་རབ། །དཀར་པོ་ཉིད་ལས་ངུར་སྨྲིག་མཛེས། །དེ་བཞིན་གཉིས་སམ་མང་པོ་ལའང་། །སྦྱར་ཏེ་དགར་བ་ལས་ཀྱིས་སོ། །མི་ཡི་ནས་ནས་རྒྱལ་རིགས་དཔའ། །བྱ་བའི་ནང་ནས་མཆོད་པ་ལེགས། །རོ་ཡི་དཀྱིལ་ནས་བུ་རམ་བྲོ། །ལྟ་བུ་ནས་ཀྱིས་དགར་བའོ། །དེ་ལ་ཁ་ཅིག་རྫས་དགར་ཡང་། །འགྲེལ་པས་ཞིབ་ཏུ་བཀག་ཟིན་ཏོ། །སྡུད་ལ་ཡུལ་སྡུད་དངོས་པོ་གསུམ། །ནས་ཀྱི་སྒྲ་ཉིད་འཇུག་སྟེ་དཔེར། །དབུས་འགྱུར་ཚལ་ནས་ལྷ་སའི་བར། །ལྟ་བུ་ཡུལ་གྱི་མཚམས་འཛིན་དང་། །འདི་ནས་བྱང་ཆུབ་སྙིང་པོའི་བར། །ལྟ་བུ་དུས་ཀྱི་མཚམས་འཛིན་དང་། །ཀུན་ཉོན་གཟུགས་ནས་རྣམ་མཁྱེན་བར། །ལྟ་བུ་དངོས་པོའི་མཚམས་འཛིན་ནོ། །དགར་དང་སྡུད་པ་དེ་དག་ནི། །འབྱུང་ཁུངས་གཉིས་ཀ་མིན་ན་ཡང་། །ཚིག་སྦྱོར་ཙམ་གྱིས་ཆ་མཐུན་ཕྱིར། །རྣམ་དབྱེ་ལྔ་པའི་ཡན་ལག་གོ །གཞུང་ལས་དངོས་སུ་མ་བསྟན་ཀྱང་། །ནས་སྒྲ་ལྷག་བཅས་ལ་ཡང་འཇུག །དཔེར་ན་ལངས་ནས་བྱ་བ་བྱེད། །ལྟ་བུ་ལྷག་བཅས་གང་བསྡུ་ན། །གོང་དུ་སྨོས་པའི་ལ་ཡིག་དང་། །འདིར་བསྟན་ནས་ཀྱི་ལྷག་བཅས་གཉིས། །རྗེས་འཇུག་མི་ལྟོས་མཚམས་སྦྱོར་གྱི། །ལྷག་བཅས་ཉིད་དུ་བསྡུ་བའོ། །ཀྱེ་སྦྱར་བོད་པ་གསལ་བྱེད་ནི། །མིང་གི་ཐོག་མར་གཙོ་ཆེར་གསུངས། །བར་དང་མཐའ་ལའང་སྦྱར་རུང་དཔེར། །ཀྱེ་ཧོ་ཡབ་གཅིག་འཇམ་དཔལ་དབྱངས། །དབྱངས་ཅན་མ་ཀྱེ་བདག་ལ་དགོངས། །དགོངས་ནས་ཤེས་རབ་མཆོག་སྩོལ་ཀྱེ། །ལྟ་བུ་སྦྱར་བའི་མིང་མཐའ་ཡང་། །རྣམ་དབྱེ་དང་པོ་མ་གཏོགས་པ། །རྣམ་དབྱེ་གཞན་ལ་འཇུག་པ་མིན། །ཀ་ཡེ་ཀྭ་ཡེ་བོད་སྒྲ་ནི། །གླུ་དང་བསྐུལ་ལ་སྦྱར་བ་ལས། །དམ་པའི་ཡུལ་ལ་མི་མཛེས་སོ། །ད་ནི་ཚིག་ཕྲད་རང་དབང་ཅན། །འབའ་ཞིག་པ་ལས་ནི་སྒྲ་ནི། །དགར་དང་བརྣན་པ་གཉིས་སུ་ཕྱེ། །དགར་ལ་མཆོག་དང་མཆོག་མིན་དང་། །ཐ་དད་དགར་བ་རྣམ་པ་གསུམ། །དགར་གཞི་སྨོས་དང་མ་སྨོས་གཉིས། །དབྱེ་བས་ལྔ་སྟེ་རིམ་བཞིན་དཔེར། །ཤཱཀྱ་པ་ནི་རིགས་ཀྱི་མཆོག །རིགས་རྣམས་ལས་ནི་གདོལ་པ་དམན། །གསེར་ནི་དངུལ་ལས་ཐ་དད་དོ། །ལྟ་བུ་དགར་རྣམས་གསུམ་དང་། །ལྷ་རྣམས་ལས་ནི་ཚངས་པའི་མགོ །གཅོད་པ་པོ་ནི་དབང་ཕྱུག་གོ །ལྟ་བུ་དགར་གཞི་སྨོས་པ་དང་། །མིག་སྟོང་ཅན་ནི་བརྒྱ་བྱིན་ནོ། །ལྟ་བུ་དགར་གཞི་མ་སྨོས་སོ། །ནན་གྱིས་བརྣན་ལ་འཇུག་པ་ནི། །ཁྱོད་ནི་དཔལ་ཏེ་ཁྱོད་ནི་བཤེས། །ཞེས་སོགས་ལྟ་བུ་བརྣན་པ་དང་། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ལྟ་བུ་ཚིགས་བཅད་ཁ་སྐོང་ཡང་། །ངེས་བཟུང་བརྣན་པའི་སྒྲ་ཉིད་དོ། །དང་སྒྲ་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་གདམས་ངག་ལྔ་རིམ་དཔེར། །ལུང་དང་རྟོགས་པ་གཉིས་ཆོས་སོ། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་རྣམས་ནི་འབྱུང་བའོ། །ལྟ་བུ་བསྡུ་བྱ་ཆོས་གཉིས་སམ། །དུ་མ་གཅིག་ལ་སྡུད་པ་དང་། །ཆོས་ནི་ལུང་རྟོགས་པའོ། །འབྱུང་བ་འདི་ནི་ས་དང་ཆུ། །མེ་དང་རླུང་དང་ནམ་མཁའོ། །ལྟ་བུ་དབྱེ་གཞི་གཅིག་ཉིད་ལས། །གཉིས་སམ་དུ་མར་འབྱེད་པའོ། །སྨན་ཟོས་པ་དང་ནད་སོས་སོ། །ལྟ་བུ་རྒྱུ་མཚན་དོན་ལ་འཇུག །ནམ་ལངས་པ་དང་མུན་པ་ཡལ། །ལྟ་བུ་ཚེ་སྐབས་དོན་ལ་འཇུག །ཉོན་དང་སློབས་དང་སྒོམས་དང་སོགས། །ལྟ་བུ་གདམས་ངག་ལ་འཇུག་གོ །དེ་སྒྲ་ཐ་སྙད་དངོས་པོ་དུས། །གསུམ་གྱིས་དབྱེ་བས་འཇུག་ཚུལ་དགུ །ཐ་སྙད་འཇུག་པ་རྣམ་གསུམ་ནི། །རྣམ་གྲངས་གཞན་སྦྱོར་ལྷག་བཅས་དང་། །དུས་འདས་གོ་བའི་ཐ་སྙད་དོ། །དཔེར་ན་རྣམ་གྲངས་གཞན་སྦྱོར་ནི། །དེ་བཞིན་དེ་ལས་ཀྱང་ནི་མཁས། །ལྟ་བུ་དཔེ་དང་གང་ཟག་གི །རྣམ་གྲངས་ཤུགས་ལས་གོ་རྒྱུ་ཡོད། །མཁས་པ་དེ་ནི་མཆོག་ལྟ་བུ། །རྣམས་གྲངས་ཚིག་ཟིན་ཡོད་པ་དང་། །ཚིག་ཟིན་ཡོད་དམ་མེད་ཀྱང་རུང་། །རྣམ་གྲངས་གཞན་ཞིག་དེ་སྒྲ་དེར། །སྦྱར་དགོས་པས་ན་གཞན་སྦྱོར་བཤད། །ཐ་སྙད་ལྷག་བཅས་དེ་སྒྲ་ནི། །དཔེར་ན་བཤད་དེ་གོ་ལྟར་རོ། །དུས་འདས་གོ་བའི་ཐ་སྙད་ནི། །རྣམ་གྲངས་གཞན་གྱི་དེ་སྒྲའི་དོན། །སྔོན་དུ་སོང་ངམ་བརྗོད་ཟིན་པ། །ཞིག་ལ་བསམ་པས་འདས་པར་གྱུར། །ཐ་སྙད་ལྷག་བཅས་འདི་མ་ཟད། །གོང་གི་ལྷག་བཅས་ཐམས་ཅད་ཀྱང་། །དོན་ལ་འདས་མ་འདས་ཀྱང་རུང་། །ཚིག་ཙམ་ཐལ་བས་འདས་པར་གོ །དེ་གཉིས་དུས་འདས་གོ་ཕྱིར་དུ། །དབྱེ་ཡི་འདས་པ་གུད་དུ་མེད། །དངོས་པོར་འཇུག་པ་རྣམ་བཞི་ནི། །བདེན་དང་གསང་བའི་དངོས་པོ་དང་། །བདག་གི་བ་དང་གཞན་དངོས་སོ། །དཔེར་ན་དེ་ཡིན་དེ་ཀའོ། །ལྟ་བུ་བདེན་པའི་དངོས་པོ་དང་། །ཁྱོད་ཀྱི་དོན་དེ་བསྒྲུབས་ཟིན་ཏམ། །ལྟ་བུ་གསང་བའི་དངོས་པོ་དང་། །བདག་གི་ནོར་དེ་ལེགས་ལྟ་བུ། །བདག་གི་བ་ཡི་དངོས་པོ་དང་། །མི་དེ་ནོར་དེ་ལྟ་བུ་རྣམས། །གཞན་གྱི་དངོས་སོ་དེ་དག་བཞིར། །མ་འདུས་པ་ཡི་དངོས་པོ་མེད། །དེ་བཞི་རང་རང་ཚིག་གྲོགས་ཀྱི། །སྒོ་ནས་དུས་གསུམ་མཉམ་པར་འཇུག །དུས་ལ་འཇུག་པ་རྣམ་གཉིས་ནི། །འདས་དང་མ་འོངས་པ་ཡི་དུས། །གཉིས་ལ་འཇུག་པར་ངེས་ཏེ་དཔེར། །སྔོན་དེ་ཕྱི་དེ་ལྟ་བུའོ། །དངོས་པོའི་ནང་ནས་བདག་རང་དང་། །དུས་ཀྱི་ནང་ནས་ད་ལྟ་བ། །གཉིས་ལ་འདི་ཞེས་སྦྱོར་བ་ལས། །དེ་སྒྲ་མི་འཇུག་དངོས་གཞན་ཡང་། །རིང་ལ་དེ་དང་ཉེ་ལ་འདི། །སྦྱར་བའི་གནད་འདི་ཤེས་པར་གཅེས། །གང་སྒྲ་སྤྱི་ལ་འཇུག་པ་སྟེ། །སྤྱི་སྒྲ་དངོས་དང་བྱེ་བྲག་དང་། །དྲི་བ་དང་བཅས་གསུམ་ལ་འཇུག །གང་ཞིག་ལྟ་བུ་སྤྱི་སྒྲ་དངོས། །གང་གིས་གསུངས་ན་ཁོ་བོའི་རྗེ། །ལྟ་བུ་སྤྱི་སྒྲ་བྱེ་བྲག་འཇུག །ལྟ་བ་གང་ཡིན་སྒོམ་པ་གང་། །ལྟ་བུ་དྲི་བའི་དོན་ལ་འཇུག །གཞན་ཡང་ཅི་ཇི་སུ་རྣམས་ལ། །སྤྱི་སྒྲ་འཇུག་པ་ཡོད་ན་ཡང་། །ཅི་ནི་ཕལ་ཆེར་དྲི་བའི་སྐུ། །ཞིག་སྟེ་སླད་འདྲ་ཕྱིར་ལ་འཇུག །ཇི་ནི་མང་ཚིག་དུས་དང་དཔེ། །སྙེད་སྲིད་ལྟར་བཞིན་སྐད་ལ་འཇུག །སུ་ནི་གང་ཟག་མ་གཏོགས་པ། །བེམས་པོའི་དོན་ལ་མི་འཇུག་གོ །པ་པོ་གཉིས་ནི་བདག་པོའི་སྒྲ། །རྗེས་འཇུག་སྒྲ་ལ་ལྟོས་པ་མིན། །ཞིང་པ་བྱེད་པོ་ལྟ་བུའོ། །མ་མོ་པུ་ལིང་སྒྲ་མེད་ཀྱང་། །ཆང་མ་འབྱིན་པ་མོ་ལྟ་བུ། །བདག་པོ་དོན་སྟོན་རུང་བར་བཤད། །ཅན་ལྡན་བདག་སྒྲར་མི་རུང་སྟེ། །བདག་སྒྲ་ཤེས་ཅན་ཉིད་ལས་གཞན། །བེམས་པོར་འཇུག་པ་མེད་ཕྱིར་རོ། །རིག་པ་པོ་དང་ཕྱུང་བ་མོ། །ལྟ་བུ་པ་བ་མིང་མཐའ་དང་། །པོ་མོ་གཉིས་ནི་བདག་སྒྲར་གོ །པ་དང་བ་ཡི་མིང་མཐའ་ཡང་། །ག་ད་བ་ས་ན་མ་དང་། །ད་དྲག་ཅན་གྱི་མཐའ་རུ་པ། །ང་འ་ར་ལ་མཐའ་མེད་པ། །སྦྱར་བ་འདི་ཡིས་མིང་མཐའ་དང་། །བདག་སྒྲ་སོ་སོར་ངེས་པར་བྱ། །མ་མི་གཉིས་ནི་དགག་སྒྲ་སྟེ། །རྩ་བའི་ཚིག་གིས་མ་བསྟན་པ། །དོན་གྱིས་སོང་བའི་མེད་མིན་ཀྱང་། །དེ་དང་འབྲེལ་བའི་དགག་སྒྲར་འགྱུར། །དཔེར་ན་མ་སྐྱེས་མི་འགགས་དང་། །ཡོད་མིན་གྲུབ་པ་མེད་ལྟ་བུ། །མ་མི་ཐོག་མ་མིན་མེད་འཇུག །སྦྱར་བ་འདི་ཡི་ཁྱད་པར་རོ། །གཞན་ཡང་ཞར་ལས་རྟོགས་དགོས་པའི། །ཉེར་མཁོ་ཚིག་ཕྲད་ཅིང་སོགས་ནི། །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེའོ་ཅེ་ན་ཅིག །ང་ན་མ་འ་ར་ལ་དང་། །མཐའ་རྟེན་མེད་པའི་མིང་མཐར་རུ། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ས་མཐའ་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེ་འོ་ཤེ་ན་སྦྱར། །ཚུལ་འདི་ཡང་དག་དཔྱད་གྱུར་ན། །བརྡ་སྤྲོད་འཕྲུལ་གྱི་ལྡེ་མིག་གིས། །གཞུང་ལུགས་ཀུན་གྱི་སྒོ་འབྱེད་ནས། །དེ་ཚེ་མཁས་པའི་མཆོག་ཏུ་འགྱུར། །སྙིགས་མའི་རང་མཚང་ངོམ་དུས་འདིར། །ཡོན་ཏན་དེ་གཉེར་མེད་ལགས་ཀྱང་། །བློ་ཆུང་ཞུམ་པ་སྤོང་ཕྱིར་དུ། །ཉུང་ངུའི་ངག་གིས་སྤེལ་བའོ། །

༈ ད་ནི་རྟགས་ཀྱི་འཇུག་པ་ཡི། །སྙིང་པོ་མདོ་ཙམ་བསྟན་པར་བྱ། །སྤྱིར་ནི་དབྱངས་ཡིག་ཨི་སོགས་བཞི། །ཤེས་རབ་རང་བཞིན་མོ་ཡིག་དང་། །གསལ་བྱེད་ཀ་སོགས་སུ་སུམ་ཅུ་ནི། །ཐབས་ཀྱི་རང་བཞིན་ཕོ་རུ་བཟུང་། །མིང་གཞི་གསལ་བྱེད་སུམ་ཅུ་པོ། །ནང་གསེས་ཕོ་མོ་ལྔ་རུ་དབྱེ། །ཀ་ཅ་ཏ་པ་ཙ་རྣམས་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །སྡེ་ཚན་ལྔ་རུ་དྲིལ་བའི་ཚུལ། །ངག་ནས་བརྗོད་ཚེ་སྐྱེས་གནས་ལ། །བྱེད་རྩོལ་ཆེ་ཆུང་འགྲིམས་ལྷོད་ཀྱིས། །ཤུགས་ཆེར་འགྲིམས་པ་རྣམས་ལ་ཕོ། །རན་པ་མ་ནིང་ཅུང་ལྷོད་མོ། །དེ་ལས་ལྷོད་པ་ཤིན་ཏུ་མོ། །ཤིན་ཏུ་ལྷོད་ཞན་མོ་གཤམ་སྟེ། །ཨ་ནི་མོ་གཤམ་དེ་བཞིན་དང་། །དེ་ལས་ཀྱང་ནི་རྩོལ་ཞན་ཕྱིར། །མཚན་མེད་ཡི་གེའི་རྣམ་པར་བཞག །ཤིན་ཏུ་མོ་དང་མོ་གཤམ་གཉིས། །བསྡུ་ན་མོ་ལས་ཐ་དད་མིན། །མོ་ཡིག་ཁོང་ནས་རྗེས་འཇུག་དང་། །དེ་ཡི་ནང་ནས་སྔོན་འཇུག་དབྱུང་། །སྔོན་འཇུག་དེ་ཡང་མིང་གཞི་རུ། །འཇུག་ཚེ་སྒྲ་ཤུགས་ཆེ་ཆུང་གིས། །ཕོ་མོ་མ་ནིང་བཞི་རུ་དབྱེ། །བ་ཕོ་ག་ད་གཉིས་མ་ནིང་། །འ་མོ་མ་ནི་ཤིན་ཏུ་མོ། །འཇུག་ཚུལ་རེ་རེའང་བཞི་བཞི་སྟེ། །གང་ལ་འཇུག་ན་མིང་གཞི་ལ། །གང་གིས་འཇུག་ན་སྔོན་འཇུག་གིས། །ཇི་ལྟར་འཇུག་ན་དྲག་གཞན་གྱིས། །དགོས་པ་ཅི་ཕྱིར་འཇུག་ཅེ་ན། །བདག་གཞན་དུས་ཀྱི་སྒོ་ནས་སོ། །འཇུག་པོ་སྔོན་འཇུག་ཕོ་ཡིག་གིས། །འཇུག་ཡུལ་མིང་གཞི་ཕོ་མོ་ལའོ། །ཕོ་ཡིག་ཀ་ཅ་ཏ་ཙ་དང་། །མོ་ཡིག་ག་ང་ཇ་ཉ་དང་། །ད་ན་ཛ་ཞ་ཟ་ར་ཤ། །ས་སྟེ་འཇུག་ཡུལ་བཅུ་དྲུག་ལས། །ཀ་ག་གཉིས་ལ་རྐྱང་འཕུལ་དང་། །འདོགས་འཕུལ་བརྩེགས་འཕུལ་གསུམ་གྱིས་འཇུག །ཏ་ཙ་ད་གསུམ་རྐྱང་འཕུལ་དང་། །བརྩེགས་འཕུལ་གཉིས་ཀྱི་སྒོ་ནས་འཇུག །ང་ཇ་ཉ་ན་ཛ་ལྔ་ལ། །བརྩེགས་འཕུལ་ཁོ་ནས་འཇུག་པ་དང་། །ཅ་ཞ་ཤ་གསུམ་རྐྱང་འཕུལ་འཇུག །ཟ་ས་གཉིས་ལ་རྐྱང་འཕུལ་དང་། །འདོགས་འཕུལ་གཉིས་ཀྱིས་འཇུག་པ་ཡིན། །ར་ནི་འདོགས་འཕུལ་ཁོ་ནས་འཇུག །དེ་བཞིན་སྔོན་འཇུག་མོ་ཡིག་གིས། །མིང་གཞིའི་མོ་དང་མ་ནིང་ལའོ། །མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ། །བཅུ་ལ་རྐྱང་འཕུལ་དེ་དག་ལས། །ག་ད་བ་ཁ་ཕ་ལྔ་ལ། །འདོགས་འཕུལ་དུ་ཡང་འཇུག་པའོ། །སྔོན་འཇུག་མ་ནིང་ག་ཡིག་གིས། །མིང་གཞིའི་ཕོ་ཡིག་ཅ་ཏ་ཙ། །མོ་ཡིག་ཉ་ད་ན་ཟ། །ཡ་ཤ་ས་སྟེ་བཅུ་གཅིག་ལ། །རྐྱང་འཕུལ་ཁོ་ནས་འཇུག་པའོ། །དེ་བཞིན་མ་ནིང་ད་ཡིག་གིས། །མིང་གཞིའི་ཕོ་ཡིག་ཀ་པ་དང་། །མོ་ཡིག་ག་ང་བ་མ་སྟེ། །དྲུག་པོ་ང་ཡིག་མ་གཏོགས་པའི། །གཞན་ལྔར་རྐྱང་འདོགས་གཉིས་ཀྱི་འཇུག །ང་ལ་རྐྱང་འཕུལ་ཁོ་ནས་སོ། །དེ་བཞིན་སྔོན་འཇུག་ཤིན་ཏུ་མོ། །མ་ཡིག་གིས་ནི་མིང་གཞི་ཡི། །མ་ནིང་ཁ་ཆ་ཐ་ཚ་དང་། །མོ་ཡིག་ག་ཇ་ད་ཛ་དང་། །ང་ཉ་ན་བཅས་བཅུ་གཅིག་ལ། །རྐྱང་འཕུལ་འཇུག་ཅིང་ཁ་ག་གཉིས། །འདོགས་འཕུལ་གྱིས་ཀྱང་འཇུག་སྟེ། །དཔེར་བརྗོད་སླ་བས་རྟོགས་ནུས་སོ། །དེ་ཡང་བརྩེགས་འཕུལ་བ་ལས་གཞན། །མེད་ཅེས་གསུང་པའང་སྐབས་འདིར་མངོན། །རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་སྐྱེད་བརྩེགས་འདོགས་ཅན་ལ་སྤོང་། །ར་ལ་ས་ཡི་མགོ་ཅན་ལ། །བརྩེགས་ཅན་གསུམ་ཞེས་བརྗོད་པ་ལས། །ཡ་ར་ལ་ཡི་འདོགས་ཅན་ལ། །བརྩེགས་པའི་ཐ་སྙད་མི་འཇུག་གོ །མི་འཇུག་པ་ཡི་རྣམ་བཞག་ནི། །སྔོན་འཇུག་ཕོ་དེས་མིང་གཞི་ཡི། །མ་ནིང་ཁ་ཆ་ཐ་ཕ་ཚར། །མི་འཇུག་དེ་བཞིན་སྔོན་འཇུག་གི །མོ་དང་ཤིན་ཏུ་མོ་གཉིས་ཀྱང་། །ཕོ་ཡིག་ཀ་ཅ་ཏ་པ་ཙར། །མི་འཇུག་དེ་བཞིན་སྔོན་འཇུག་གི །མ་ནིང་གཉིས་ཀྱང་མིང་གཞི་ཡི། །མ་ནིང་ཁ་ཆ་ཐ་ཕ་ཚར། །མི་འཇུག་རང་སྡེ་ཕྲད་པ་ན། །སྔོན་འཇུག་ཕོ་ནི་མིང་གཞི་མོ། །གཞན་ལ་འཇུག་ཀྱང་མ་ལ་མིན། །སྔོན་འཇུག་མ་ནིང་གཉིས་མིང་གཞིའི། །ཕོ་མོ་སྤྱི་ལ་འཇུག་མོད་ཀྱང་། །རང་སྡེ་ཀ་ང་ཏ་ན་གཉིས། །ག་དས་མི་འཕུལ་དེ་བཞིན་དུ། །སྔོན་འཇུག་མོ་དང་ཤིན་ཏུ་མོས། །མིང་གཞིའི་མ་ནི་དང་ནི་མོ། །གཞན་ལ་འཇུག་ཀྱང་འ་ཡིག་གིས། །རང་སྡེ་ཞ་ཟ་ཡར་མི་འཇུག །མ་ཡིག་རང་སྡེ་ཕ་སོགས་ལ། །མི་འཇུག་པ་ཡང་ཤེས་པར་བྱ། །ད་ནི་བདག་གཞན་དུས་གསུམ་གྱི། །གོ་བ་མཛུབ་ཚུགས་བསྟན་པ་ནི། །བྱ་བའི་ལས་དང་བྱེད་པོ་གཉིས། །དངོས་སུ་འབྲེལ་ལ་བདག་གཞན་དབྱེ། །དཔེར་ན་གཅོད་མཁན་བྱེད་པོ་དང་། །གཅོད་བྱེད་སྟ་རེ་བྱེད་པའི་ལས། །རྡེག་སྟངས་བཅས་ལ་བདག་ཅེས་འདོད། །བྱ་ཡུལ་ཤིང་དང་བྱ་བའི་ལས། །སྟ་རེས་ཟུག་ཤུལ་རྣམ་འགྱུར་ལ། །གཞན་ཞེས་རིམ་བཞིན་གོ་བྱའི་དོན། །གཅོད་པ་པོ་དང་གཅོད་བྱའི་ཤིང་། །གཅད་པར་བྱ་ཞེས་ཁོ་བོས་སྨྲས། །བྱ་བའི་ལས་དང་བྱེད་པོ་གཉིས། །ཕན་ཚུན་རྟེན་འབྲེལ་ཡིན་སྟབས་ཀྱིས། །གཅིག་ཡོད་ཅིག་ཤོས་ཡོད་མོད་ཀྱི། །འོན་ཀྱང་ཚིག་གི་ཁྱད་པར་ལས། །བྱེད་པོ་སྟོན་ལ་བྱ་བའི་ཡུལ། །ཤུགས་ལས་གོ་དང་བྱ་ཡུལ་སྟོན། །བྱེད་པོ་ཤུགས་ལས་གོ་བའང་ཡོད། །བྱེད་པའི་ལས་རྣམས་ད་ལྟ་དང་། །བྱ་ལས་མ་འོངས་དུས་ལ་བསྡུ། །དུས་ཀྱི་དབང་དུ་དབྱེ་བྱས་ན། །བྱེད་པོ་དངོས་སུ་འབྲེལ་མ་འབྲེལ། །ཇི་ལྟར་ཡིན་ཡང་བྱས་ཟིན་འདས། །བྱ་འགྱུར་མ་འོངས་བྱེད་བཞིན་པ། །ད་ལྟ་བ་སྟེ་རིམ་བཞིན་དུ། །བྱེད་པ་པོ་དང་འབྲེལ་བ་ནི། །བསྒྲུབས་དང་བསྒྲུབ་བྱ་སྒྲུབ་བྱེད་དང་། །བྱེད་པོ་དང་ནི་མ་འབྲེལ་བ། །གྲུབ་དང་འགྲུབ་འགྱུར་འགྲུབ་བཞིན་པ། །ལྟ་བུ་རྣམ་རིག་གིས་དཔག་ནས། །བྱ་བྱེད་མ་འོངས་ད་ལྟ་བར། །བསྡུས་ཀྱང་གཙོ་ཆེར་ཙམ་མ་གཏོགས། །བདག་གཞན་ཀུན་ལ་དུས་གསུམ་གྱི། །དབྱེ་བ་མེད་ན་མི་རུང་སྟེ། །སྐྱེས་བུས་སངས་རྒྱས་བསྒྲུབས་ལྟ་བུ། །མཉམ་པར་འཇུག་པའི་དོན་ཅན་ནོ། །དེས་ན་དུས་གསུམ་དབྱེ་བ་འདིས། །བྱེད་ལས་འབྲེལ་ངག་སྦྱོར་ཀུན། །ཁྱབ་ཅིང་བདག་གཞན་དབྱེ་བས་མིན། །ཅི་སྟེ་ཁྱབ་པ་མིན་ཅེ་ན། །མིང་དང་འབྱུང་ཁུངས་འབྲེལ་པ་དང་། །ཐ་སྙད་ངག་སྦྱོར་འགའ་ཞིག་ལ། །བདག་གཞན་དབྱེ་བ་མེད་པས་སོ། །སྔོན་འཇུག་རང་རང་ནུས་པ་ཡིས། །དོན་འཇུག་སོ་སོར་བསྟན་པ་ནི། །ཕོ་ཡིག་བ་ནི་དུས་གསུམ་ལས། །བྱེད་པོ་དང་འབྲེལ་འདས་པ་དང་། །བདག་གཞན་གཉིས་ལས་བྱ་བའི་ཡུལ། །གཞན་དངོས་བསྒྲུབ་ཕྱིར་འཇུག་པའོ། །བདག་དངོས་ལ་ནི་མཐའ་གཅིག་ཏུ། །བས་འཕུལ་མེད་པ་ཤུགས་ཀྱིས་གོ །གཞུང་ལས་དངོས་ཤུགས་གང་རུང་དུ། །སྐུལ་ཚིག་འཇུག་པ་མ་བསྟན་ཀྱང་། །ངག་སྦྱོར་ཀུན་ལ་ཁྱབ་ཆེ་བས། །ཞར་ལས་རྟོགས་པར་བྱ་དགོས་ཏེ། །དུས་འདས་གཞན་དངོས་བྱེད་པོ་དང་། །སྐུལ་ཚིག་བཅས་ཏེ་རིམ་བཞིན་དཔེར། །བསྐྱབས་དང་བསྐྱབ་བྱ་སྐྱོབ་བྱེད་སྐྱོབས། །བསྒོམས་དང་བསྒོམ་བྱ་སྒོམ་བྱེད་སྒོམས། །བསྔོས་དང་བསྔོ་བྱ་སྔོ་བྱེད་སྔོས། །བཅིངས་དང་བཅིང་བྱ་འཆིང་བྱེད་ཆིངས། །བརྗོད་ཟིན་བརྗོད་བྱ་རྗོད་བྱེད་རྗོད། །བསྙེན་ཏོ་བསྙེན་བྱ་སྙེན་བྱེད་སྙེན། །བལྟས་དང་བལྟ་བྱ་ལྟ་བྱེད་ལྟོས། །བརྡུངས་དང་བརྡུང་བྱ་རྡུང་བྱེད་རྡུངས། །བསྣམས་དང་བསྣམ་བྱ་སྣོམ་བྱེད་སྣོམས། །བརྩམས་དང་བརྩམ་རྩོམ་བྱེད་རྩོམས། །བརྫངས་དང་བརྫང་བྱ་རྫོང་བྱེད་རྫོངས། །བཞོས་དང་བཞོ་བྱ་འཇོ་བྱེད་ཞོས། །བཟླས་དང་བཟླ་བྱ་ཟློ་བྱེད་ཟློས། །བརླགས་དང་བརླག་བྱ་རློག་བྱེད་རློགས། །བཤད་ཟིན་བཤད་བྱ་འཆད་བྱེད་ཤོད། །བསད་དང་གསད་བྱ་གསོད་བྱེད་སོད། །ལྟ་བུ་གོ་རིམ་མ་འཆོལ་བར། །རྒྱ་ཆེར་སྦྱར་ཏེ་ཤེས་པར་བྱ། །སྐུལ་ཚིག་ལ་ནི་ཕལ་ཆེ་བར། །སྔོན་འཇུག་མེད་ཅིང་མཐའ་གཅིག་ཏུ། །འཇུག་པ་གཏན་མེད་མ་ཡིན་ཏེ། །དགོངས་ཤིག་མཛོད་ཅིག་དཔྱོད་ཅིག་སོགས། །སྐབས་འཐོབ་བརྟག་ནས་སྦྱོར་གལ་ཆེ། །བསྐྱབ་པར་བྱ་དང་སྐྱོབ་པར་བྱེད། །ལྟ་བུའི་བྱ་བྱེད་ལས་ཚིག་གི །གསལ་བྱེད་རྣམས་ཀྱང་རྟོགས་པར་བྱ། །སྔོན་འཇུག་མ་ནིང་ག་ད་གཉིས། །དགོས་པ་བདག་གཞན་གཉིས་ཀ་དང་། །དུས་གསུམ་ལས་ནི་ད་ལྟ་བ། །སྟོན་པའི་ཆེད་དུ་འཇུག་པ་ལས། །ག་ཡིག་བདག་དང་གཞན་གྱི་དངོས། །གཉིས་ལ་འཇུག་པ་རིམ་བཞིན་དཔེར། །གཅོད་པ་པོ་དང་གཅད་བྱའི་ཤིང་། །གཉེར་བ་པོ་དང་གཉེར་བྱའི་དོན། །གཏོང་བ་པོ་དང་གཏང་བྱའི་ནོར། །གདོགས་པ་པོ་དང་གདགས་བྱའི་རྒྱན། །གཙུབ་པ་པོ་དང་གཙུབ་བྱའི་ཤིང་། །གཞོམ་པ་པོ་དང་གཞོམ་བྱའི་དགྲ། །གཟར་བ་པོ་དང་གཟར་བྱའི་གོས། །གཡོབ་པ་པོ་དང་གཡབ་བྱའི་དར། །ལ་སོགས་ལྟ་བུ་སྦྱར་བར་བྱ། །བྱ་བྱེད་གཞི་དང་འབྲེལ་ལས་ལ། །གཅོད་པར་བྱེད་དང་གཅད་པར་བྱ། །ལྟ་བུ་གོང་བཞིན་སྦྱར་བར་བྱ། །དེ་བཞིན་ད་ཡིག་ཀྱང་ནི་དཔེར། །དཀྲི་བ་པོ་དང་དཀྲི་བྱའི་མདོས། །དགར་བ་པོ་དང་དགར་བྱའི་གནས། །དཔྱོང་བ་པོ་དང་དཔྱང་བྱའི་དར། །དབུབ་པ་པོ་དང་དབུབ་བྱའི་གདུགས། །དམིགས་པ་པོ་དང་དམིགས་བྱའི་ཡུལ། །ཞེས་པ་ལ་སོགས་ལྟ་བུ་དང་། །དེ་གཉིས་དང་འབྲེལ་ལས་ལ་ཡང་། །བྱ་བྱེད་ཚིག་གསལ་སྔར་བཞིན་དུ། །འོག་མ་དག་ལའང་སྦྱར་བར་བྱ། །མ་ནིང་ག་ད་གཉིས་པོ་ནི། །དེ་ལྟའི་དུས་ལ་འཇུག་སྟེ་དཔེར། །གཅོད་ཀྱིན་འདུག་དང་དཀྲི་བཞིན་པ། །ལྟ་བུས་མཚོན་ཏེ་ཤེས་པར་བྱོས། །སྔོན་འཇུག་མོ་སྟེ་འ་ཡིག་ནི། །བདག་གཞན་གཉིས་ལས་བདག་དངོས་དང་། །དུས་འདས་མ་གཏོགས་གཉིས་ཀར་འཇུག །དུས་འདས་པ་དང་གཞན་དངོས་ལ། །མི་འཇུག་པ་ཡང་ཤུགས་ལས་རྟོགས། །དཔེར་ན་བདག་ལ་འཇུག་པ་ནི། །འཁལ་བ་པོ་དང་འཁལ་བྱེད་དང་། །འགོག་པ་པོ་དང་འགོག་བྱེད་དང་། །འཆིང་བ་པོ་དང་འཆིང་བྱེད་དང་། །འཇུག་པ་པོ་དང་འཇུག་བྱེད་དང་། །འཐབ་པ་པོ་དང་འཐབ་བྱེད་དང་། །འདྲེན་པ་པོ་དང་འདྲེན་བྱེད་སོགས། །སྦྱར་བས་མཐའ་དག་རྟོགས་པར་བྱ། །འ་ཡིག་བདག་གཞན་མ་བསྡུས་པའི། །ད་ལྟ་མ་འོངས་དུས་འཇུག་དཔེར། །འཁྲུལ་བཞིན་པ་དང་འཁྲུལ་བར་འགྱུར། །འཆད་ཀྱིན་སྣང་དང་འཆད་པར་འགྱུར། །ལྟ་བུའི་བྱེད་ཚིག་ཐམས་ཅད་ལ། །ད་ལྟའི་ཚིག་གྲོགས་བཞིན་གྱིན་སྦྱོར། །བྱ་བྱེད་ཐ་དད་མི་སྣང་བའི། །མ་འོངས་ལ་འབྱུང་འགྱུར་སྦྱོར། །སྔོན་འཇུག་ཤིན་ཏུ་མོ་མ་ཡིག །དངོས་པོ་བདག་གཞན་གཉིས་ཀ་དང་། །དུས་གསུམ་ཀུན་ལ་མཉམ་པར་འཇུག །དེ་ལྔར་འཇུག་ཚུལ་རིམ་བཞིན་དཔེར། །མཁས་པ་པོ་དང་མཁས་བྱའི་ཆོས། །མཁས་གྱུར་མཁས་བཞིན་མཁས་པར་འགྱུར། །མགུ་བ་པོ་དང་མགུ་བྱའི་ཡིད། །མགུ་གྱུར་མགུ་བཞིན་མགུ་བར་འགྱུར། །མཐོང་བ་པོ་དང་མཐོང་བྱའི་གཟུགས། །མཐོང་ཟིན་མཐོང་གིན་མཐོང་འགྱུར་སོགས། །དཔེར་བརྗོད་བརྩོན་པར་མི་ལྷོད་པས། །བདག་གཞན་དུས་ལ་མཁས་པར་མཛོད། །རྗེས་འཇུག་ཡི་གེ་བཅུ་པོ་ནི། །གང་ལ་ཞུགས་ཚེ་སྒྲ་ཡི་གདངས། །དྲག་ཞན་བར་མ་གསུམ་འགྱུར་བས། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ག་ད་བ་ས་བཞི་ཕོ་ཡིག །ང་མ་འ་གསུམ་མོ་ཡིག་དང་། །ན་ར་ལ་གསུམ་མ་ནིང་ངོ་། །སྒྲ་འཇུག་རྗེས་འཇུག་ཕོ་ཡིག་གར། །ཡང་འཇུག་ས་ཞུགས་སྒྲ་དྲག་མཐུས། །སྐྱེས་བུ་རབ་དང་དེ་བཞིན་དུ། །བ་ལ་ཡང་འཇུག་ཞུགས་ཚེ། །དྲག་འབྲིང་ཕྱིར་ན་སྐྱེས་བུ་འབྲིང་། །ག་བར་ཡང་འཇུག་མེད་པ་དང་། །དེ་སའི་མཐའ་རྣམས་དྲག་ཞན་ཕྱིར། །སྐྱེས་བུ་ཐ་མ་ཡིན་པར་བཤད། །མོ་ཡིག་ང་མར་ཡང་འཇུག་ས། །ཞུགས་ཚེ་ཞན་པའི་དྲག་འགྱུར་བས། །མོ་ཙམ་ཡིན་ཏེ་དེ་གཉིས་ལ། །ཡང་འཇུག་ཞུགས་པ་མེད་པ་དང་། །འ་ནི་ཞན་པའི་ཞན་འགྱུར་བས། །དེ་གསུམ་ཤིན་ཏུ་མོ་རུ་འདོད། །མ་ནིང་ན་ར་ལ་གསུམ་ནི། །མིང་གཞིའི་ཕོ་མཐའ་ཡང་འཇུག་ད། །ཡོད་མེད་གང་རུང་བར་མའི་སྒྲ། །དྲག་འགྱུར་མིང་གཞིའི་མོ་ཡིག་མཐར། །ཡང་འཇུག་མེད་ཚེ་བར་མའི་སྒྲ། །ཞན་འགྱུར་དྲག་ཞན་འགྱུར་བས་ན། །འགྱུར་བ་མ་ནིང་ཞེས་སུ་བཤད། །མིང་གཞིའི་མོ་མཐར་ཡང་འཇུག་ད། །ཞུགས་ཚེ་བར་མའི་སྒྲ་ཉིད་ལ། །དྲག་ཞན་གཉིས་ཀ་ལྡན་པས་ན། །མཚན་གཉིས་མ་ནིང་ཞེས་སུ་འདོད། །མིང་གཞིའི་མ་ནིང་མཐར་ཡང་འཇུག །ཡོད་མེད་གང་རུང་བར་མའི་སྒྲ། །ཙམ་ལས་དྲག་ཞན་མེད་པས་ན། །མཚན་མེད་མ་ནིང་ཞེས་བྱའོ། །ཕོ་དང་མོ་ནི་རྗེས་འཇུག་གི །སྟོབས་ལས་མིང་གཞི་འགྱུར་བ་དང་། །མ་ནིང་ཡི་གེ་གསུམ་པོ་ནི། །མིང་གཞིའི་སྟོབས་ཀྱིས་འགྱུར་བའོ། །རྗེས་འཇུག་ཕོ་མོ་ནང་གསེས་ཀྱི། །དབྱེ་བ་བརྒྱད་པོ་ཐུན་མོང་དཔེར། །སྐྱོགས་སྒྲོགས་ལྟ་བུ་སྐྱེས་བུ་རབ། །སྐབས་སྒྲུབས་ལྟ་བུ་སྐྱེས་བུ་འབྲིང་། །སྐད་སྐས་བཀག་བཀབ་བསགས་ལྟ་བུ། །སྐྱེས་བུ་ཐ་མ་ཡིན་པའོ། །བསྐངས་བསྐུམས་ལྟ་བུ་མོ་ཙམ་དང་། །ཀོང་ཁོམ་དགའ་སོགས་ལྟ་བུ་ནི། །ཤིན་ཏུ་མོ་འོ་བསྟནད་ཀུན་དང་། །འགྲན་སོགས་ལྟ་བུ་འགྱུར་མ་ནིང་། །འབྱོརད་རོལད་ལྟ་བུ་མཚན་གཉིས་དང་། །མཁར་ཕྱིནད་ཕུལ་སོགས་ལྟ་བུ་ནི། །མཚན་མེད་མ་ནིང་དང་བཅས་པའི། །རྗེས་འཇུག་སྒྲ་ལ་མཁས་པར་གྱིས། །དོན་འཇུག་བདག་གཞན་དུས་སྟོན་ཕྱིར། །མིང་གཞིར་སྔོན་འཇུག་ལྔ་ཞུགས་ལྟར། །རྗེས་འཇུག་ཀྱང་ནི་བརྟག་སྟེ་སྦྱོར། །དེ་ཡང་གཙོ་ཆེར་སྔོན་འཇུག་གིས། །སྟོན་ཚེ་རྗེས་འཇུག་རྗེས་མཐུན་གྱིས། །བྱ་བྱེད་འགའ་ཙམ་སྟོན་པ་ལྟར། །སྣང་ཡང་སྔོན་འཇུག་ཇི་བཞིན་དུ། །ཀུན་ལ་ཁྱད་པར་འབྱེད་མི་ནུས། །ཡང་འཇུག་འདས་སྒྲ་སྟོན་ཙམ་ལས། །བྱ་བྱེད་གཞན་ལ་ཆེར་མི་ཕན། །མིང་གཅིག་ཉིད་ལ་ངོ་བོ་ཡི། །ཁྱད་པར་རྫོགས་པའི་མཐའ་འདྲེན་ཚུལ། །སོ་སོར་སྦྱར་བའི་རྗེས་འཇུག་གིས། །རྣམ་དབྱེ་ཚིག་ཕྲད་སོགས་ཀྱི་མཐར། །མིང་གཞི་དྲངས་ཚེ་ཕོ་ཡིས་ཕོ། །མོ་ཡིས་མོ་དང་མ་ནིང་གིས། །མ་ནིང་རང་རང་རྟགས་མཚུངས་དྲངས། །དཔེར་ན་ཅིག་ཅར་དཔྱིད་ཀ་སོགས། །ལྟ་བུ་ཕོ་རུ་ཕོ་ཡིག་དང་། །གསུམ་ག་དཔའ་བ་ལྟ་བུ་སོགས། །མོ་རུ་མོ་ཡིག་དྲངས་པ་དང་། །ཐལ་ཁ་དབྱར་ཁ་ལྟ་བུ་རྣམས། །མ་ནིང་ཉིད་དུ་མ་ནིང་དྲངས། །རང་རང་སྒྲ་མཚུངས་སྦྱར་བས་རྟོགས། །དེ་ལྟའི་དབྱེ་ཞིབ་རྟོགས་གྱུར་ན། །འཇིག་རྟེན་གྲགས་པའི་ཐ་སྙད་ཀྱི། །བརྗོད་བདེ་འདྲེན་པ་འགའ་མ་གཏོགས། །རྟགས་ཀྱིས་ཚེགས་མེད་འདྲེན་ཤེས་པས། །མིང་མཐའ་སྦྱོར་ལ་རྨོངས་པ་བྲལ། །དེ་ཚེ་ཡོན་ཏན་ཀུན་གྱི་གཞི། །འབྲི་དང་ཀློག་པ་གང་ལ་ཡང་། །སྡེབས་སྦྱོར་སྨྲ་བའི་མཆོག་ཏུ་འགྱུར།། ༈ །།


སླར་སྨྲས་པ། སྔོན་དུས་མཁས་པའི་ལེགས་བཤད་ཡང་ཡོད་བཞིན། །ད་དུས་བླུན་པོའི་ཉེས་བཤད་དགོས་མེད་ཀྱིས། །འོན་ཀྱང་འདི་ཀོ་རྒྱས་བཤད་འཇིགས་རྣམས་ལ། །ཕན་སྙམ་ཁོ་བས་མདོར་བསྡུས་བཤད་པ་ཡིན། །དེ་ལ་མཁས་རྣམས་ཕྱོགས་ལྷུང་མི་འཚལ་བ། །གཟུར་གནས་བློ་ཡིས་བརྟགས་ཤིང་དཔྱད་མཛོད་ལ། །འགལ་འཁྲུལ་གདའ་ན་རིགས་པས་ཚར་གཅོད་དང་། །ཚད་མར་མཆིས་ན་སྤེལ་ཏེ་འཆད་ཉན་མཛོད། །རྣམ་དཀར་ལྷག་བསམ་གངས་ཀྱི་རི་སུལ་ནས། །རྣམ་བཅས་སྨན་པའི་དགེ་རྩ་དལ་འགྲོའི་རྒྱུན། །རྣམ་མེད་བསྔོས་པའི་གངྒཱ་དང་འགྲོགས་ཏེ། །རྣམ་མཁྱེན་རྒྱ་མཚོར་འཇུག་པའི་རྒྱུར་གྱུར་ཅིག། །།

ཅེས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དོན་བསྡུས་སིཏུའི་དགོངས་རྒྱན་ཅེས་བྱ་བ་འདིའང་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཀྱི་དགོངས་པ་ལས་བཏུས་ཤིང་རང་བློས་དཔྱད་པའི་འཐད་ལྡན་གྱི་རིགས་པས་ཟུར་བརྒྱན་ཏེ་ད་དུས་ཀྱི་བླ་གསར་རྣམས་ཀྱི་བློ་ལ་བཟུང་བདེ་བའི་ཆེད་དུ་ཆོས་སྨྲའི་བཙུན་པ་དགེ་འདུན་རིན་ཆེན་པས་སྦྱར་བ་འདིས་ཀྱང་བསྟན་ལ་སྨན་པའི་རྒྱུར་གྱུར་ཅིག །སོ་སོ་རིག་བཞིའི་གནམ་རུ་མ་ཐོབ་བར། །ཐ་སྙད་ཚིག་བརྡས་ཤེས་བྱ་འཛིན་མའི་མཐར། །མི་མངོན་ཕྱིར་ན་ཡང་དག་གྱུར་དཀའ་ཡང་། །འདི་ལ་དད་གསུམ་ཚང་བའི་ཚེ་དཔལ་ནས། །ཡོན་སྦྱོར་ལྷག་བསམ་ཉི་འོད་ཀྱིས་བསུས་པས། །འགྲིགས་མཁས་ཚེ་རིང་ལག་པའི་པདྨོ་ཡིས། །རིས་མེད་བསྟན་ལ་སྲི་ཞུ་ལྷུར་ལེན་པའི། །དྲི་བསུང་ངོམ་བྱེད་དཔལ་གྱི་འདབ་མ་ཡིས། །བློ་གསར་བུང་བའི་ཚོགས་རྣགས་མགྲོན་ཁུག་སྟེ། །སློབ་སྦྱངས་རྩེ་དགའི་འཕུར་ལྡིང་ལ་བརྩེན་པས། །ཡོན་ཏན་ལུས་རྩལ་བརྟས་ཏེ་ལུགས་གཉིས་ཀྱི། །བསྟན་པའི་བར་སྣང་གང་བས་མཛེས་པར་ཤོག། །།ཅེས་དཔར་བྱང་སྨོན་ཚིག་ཏུ་དགེ་རིན་པས་སོ།། །།

Post a Comment

0 Comments