༄༅། །འཕྲིན་འབུལ་ཡིག་བསྐུར་གྱི་རྣམ་བཞག་མདོར་བསྡུས་བཞུགས་སོ། །
ཐོག་མར་བླ་ཆེན་མཆོག་སྤྲུལ་ལྟ་བུ་ལ་འབུལ་ན།
རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚུངས་མེད་རྗེ་བཙུན་དམ་པ་སྐྱབས་རྗེ་རིན་པོ་ཆེའི་ཞབས་རྡུལ་ལྷ་མིའི་གཙུག་གིས་མཆོད་པའི་དྲུང་དུ། ཕབ། སྒོ་གསུམ་བཅོས་མིན་གུས་པའི་ཟླ་ཟེར་གྱིས་བསུས་པའི་ལག་པད་བདེ་ཆེན་འཁོར་ལོའི་རྒྱན་དུ་ཟུམ་པའི་ཞུ་གསོལ། དེང་ཕན་བདེ་རྒྱལ་བསྟན་འཛུམ་པའི་དུས་ཀྱི་ཆར་གང་ཐུགས་ཡེ་ནས་སྤངས་རྟོགས་གདོད་མའི་དབྱིངས་སུ་རྫོགས་ཏེ་སྐུ་བཞིའི་རྒྱལ་སར་མངོན་བྱང་ཆུབ་ཀྱང་། །སློབ་བ་ལམ་གྱི་དམ་བཅའ་དང་བྲལ་སྨིན་ཡོན་ཏན་རྒྱ་མཚོའི་རྩལ་དང་། སྐྱེ་འགྲོ་སྤྱི་མཐུན་གྱི་བསོད་ནམས་ལས་དག་དང་མ་དག་གདུལ་བྱའི་སྣང་ངོར་རིགས་ལྔ་གངས་ཆེན་མཚོ་ཡི་བཀོད་པ་དང་། །ཐབས་མཁས་གང་འདུལ་གྱི་ཟླ་ཞལ་གདུལ་བྱའི་མོས་བློ་དང་མཚམས་པར་འགོག་མེད་དུ་འཆར་བའི་ཟབ་སྐུ་རིན་པོ་ཆེའི་རང་ངོར་སྐྱེ་འཆི་བགྲེས་རྒུད་མི་མངའ་ཡང་། འཇིག་རྟེན་མཐུན་འཇུག་ཏུ་འགལ་སྤོང་མཐུན་འཕྲོད་ཀྱི་སྒོ་ནས་སྐུ་ཚེ་འགྱུར་མེད་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་འཚོ་ཞིང་གཞེས་ཏེ་རྩོལ་མེད་ཕྲིན་ལས་མུ་མེད་སེམས་ཅན་གྱི་ཡུལ་ལ་འཇུག་པས་མཐོང་ཐོས་དྲན་རེག་ཐམས་ཅད་ལམ་དང་འབྲས་བུ་མཆོག་ལ་དབུགས་འབྱིན་ཏེ། འཁོར་བ་དོང་ནས་སྤྲུགས་པའི་འགྲོ་དོན་རླབས་ཆེན་མཛད་བཞིན་པར་ཞབས་པད་བསྐལ་བརྒྱའི་བར་དུ་བསྟན་པ་ནི་བཀའ་དྲིན་གཞལ་བྱའི་ཡུལ་ལས་འདས་ཤིང་། །ཐུགས་རྗེས་སྙིང་ནས་ཆེ་ལ། འདིར་གང་གི་སྐྱབས་འཇུག་རྡོ་རྗེའི་གུར་ཁང་དུ་རྣམ་ཀུན་བདེ་བར་འཚོ་བའི་གུས་པའང་གང་སྐུའི་ཟླ་ཞལ་དད་པའི་ཡིད་མཁར་འགོག་པ་མེད་མཐུས་ཟག་ཕུང་གི་བག་བཞི་ས་ལ་མ་ལྷུང་ཙམ་དུ་མཆིས་ཞུ། མཚམས་ཞུ། དོན་བྲིས། སླད་ཆར་ཡང་གང་སྐུ་འཕོ་མེད་རྟག་པ་དམ་པའི་ངོ་བོར་འཚོ་གཞེས་བརྟན་ངོས་ནས། གུས་པར་འདི་ཕྱི་བྱང་སྙིང་བར་གྱི་སྐྱབས་འཇུག་ཟབ་མོ་གཡེལ་བ་མེད་པ་དང་། གནས་སྐབས་དམིགས་མེད་བརྩེ་ཆེན་གྱིས་ཉེ་བར་འཁྱུད་པའི་ཟབ་མོའི་བཀའ་མཆིད་ཀྱི་ཕེབས་ཚོགས་ཀྱང་ཚངས་པའི་རལ་ཀླུང་ལྟར་གཙུག་གི་རྒྱན་དུ་ལྷུགས་སྩོལ་ཡོད་པར་ཞུ་བ་སྐུ་མཁྱཻན། ཞེས་སྒྲིབ་བྲལ་ཡེ་ཤེས་སྤྱན་གྱིས་གཟིགས་པ་གཅེར་བུར་མ་ཕོད་ཙམ་དུ་ཞུ་འདེགས་ན་གཞོན་མཛངས་མའི་སོར་འཕྲུལ་ལས་བསྐྲུན་པའི་ཕྱག་བསིལ་ཕང་ཁེབས་ཀྱིས་གཙོས་པའི་ཟོང་སྣ་རྡོར་འཛིན་ས་ཡི་གྲངས་ལྡན་བཅས་གུས་འབངས་ཆེ་གེ་མོས་་་་་་་།
གྲྭ་ཚང་མཁན་པོ་ལྟ་བུ་ལ་འབུལ་ན།
རིག་གྲོལ་སྨྲ་བའི་གཙུག་རྒྱན་སྐྱབས་རྗེ་མཁན་རིན་པོ་ཆེའི་ཞབས་པད་སེང་ཁྲིའི་དྲུང་དུ། ཕབ སྒོ་གསུམ་དད་པ་རྒྱ་མཚོའི་ཕྱག་བཅས་ཞུ་གསོལ། དེང་ཚོགས་གཉིས་རྒྱ་མཚོའི་དཔལ་ལས་བལྟམས་པའི་ཟབ་སྐུ་ཉིན་བྱེད་དབང་པོ་མི་མཐུན་སྒྲ་གཅན་གྱི་སྒྲིབ་གཡོགས་དང་བྲལ་ཏེ། བརྟན་མཁས་ཡོན་ཏན་དུ་མའི་གཟི་འོད་འགོག་མེད་དུ་འབར་བས། བཤད་སྒྲུབ་བསྟན་པའི་པད་ཚལ་ཡོངས་སུ་བཞད་དེ། འདུས་སྡེ་བུང་བའི་ཚོགས་ལ་རྣམ་གྲོལ་གྱི་དྲི་བསུང་ཅི་དགར་སྩོལ་བཞིན་པར་ཞབས་པད་བསྐལ་བརྒྱའི་བར་དུ་འཚོ་ཞིང་གཞེས་པ་ནི་བཀའ་དྲིན་ཟླ་མེད་དུ་ཆེ་ལ། འདིར་གང་སྐུ་ཡོངས་འདུ་ལྗོན་པའི་གྲིབ་བསིལ་དུ་འཚོ་བའི་གུས་པའང་། གསར་འཚེའི་ཚ་གདུང་གིས་ཕུང་པོའི་མྱུ་གུ་རློན་པ་མ་སྐམ་ཙམ་དུ་མཆིས། མཚམས་ཞུ། དོན་བྲིས། སླད་མའི་ཆར་ཡང་གང་སྐུ་ཚངས་སྤྱོད་འདུས་ཚོགས་དབུས་ན་བསྐལ་པ་རྒྱ་མཚོར་གཡོ་མེད་རྡོ་རྗེའི་ཁམས་སུ་འཚོ་གཞེས་བརྟན་ངོས་ནས། གུས་པ་སྐྱབས་འཇུག་ཟབ་མོའི་རྡོ་རྭ་ལས་ནམ་གཞར་འདོར་བ་མེད་ཁར་ཐུགས་རྗེས་རྗེས་འཛིན་གྱི་བཀའ་ཆབ་ཟབ་མོའི་ཕེབས་ཚོགས་ཀྱང་དག་བྱེད་རྣམ་བཞིའི་རྒྱུན་ལྟར་ལྷུགས་སྩོལ་ཡོད་པར་ཞུ་བ་མཁྱཻན། ཞེས་ཡེ་ཤེས་སྤྱན་རས་ཀྱི་འཇུག་ཡུལ་རྗེན་པར་མ་འབུལ་ཙམ་དུ། གཟིགས་འདེགས་སྟོན་ཟླ་འབུམ་གྱི་དཔལ་ལའང་ཅོ་འདྲིར་འོས་པའི་ལྷ་གོས་ཉིན་མོར་བདེ་ལེགས་ཀྱིས་གཙོས་པའི་ཟོང་སྣ་གསེར་རིའི་གྲངས་ལྡན་བཅས་གུས་པ་ཆེ་གེ་མོས་ཟླ་ཚེས་་་་་་་།
རང་གི་བླ་སློབ་ལྟ་བུ་ལ་འབུལ་ན།
ཚད་མེད་ཐུགས་རྗེའི་གཏེར་མཛོད་བཀའ་དྲིན་འཁོར་མེད་སློབ་དཔོན་རིན་པོ་ཆེའི་ཞབས་དྲུང་དུ། ཕབ། སྒོ་གསུམ་རབ་གུས་དད་པའི་ཕྱག་བཅས་ཞུ་གསོལ། དེང་ཐུགས་དགོངས་ཟབ་གསལ་མཐའ་བྲལ་ནམ་མཁའི་ཀློང་ནས་མཁྱེན་གཉིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཁྱབ་བརྡལ་ཏུ་སྣང་བའི་ཟབ་སྐུ་ནམ་མཁའི་ནོར་བུ་མི་མཐུན་མཁར་རྒྱུ་གླང་པོའི་སྒྲིབ་གཡོགས་མི་མངའ་བར། །སྐུ་ཚེ་འཆི་མེད་གཡུང་དྲུང་གི་ངོ་བོར་འཚོ་གཞེས་བརྟན་ཐོག་རྟོག་མེད་འཕྲིན་ལས་ཀྱི་འོད་སྟོང་ཕྱོགས་བརྒྱར་འབར་བས། རིས་མེད་བསྟན་འགྲོའི་པད་ཚལ་སྤྱི་དང་། ཁྱད་པར་ལྔ་བདོའི་མུན་པར་འཕྱན་པའི་བླུན་རྨོངས་བདག་ཅག་རྣམས་ཀྱི་རྣམ་དཔྱོད་ཀྱི་པདྨོ་ཆོས་ཕྱོགས་སུ་འབྱེད་པའི་ཐབས་ཚུལ་གཡེལ་བ་མེད་པས་འབྲེལ་ཚད་ལམ་དང་འབྲས་བུ་ལ་བཀྲི་བར་མཛད་པ་ནི་བཀའ་དྲིན་བླ་མེད་དུ་ཆེ་ལ། འདིར་གང་གི་གསུང་ལས་སྐྱེས་པའི་སློབ་བུ་ཆོས་གཟུགས་པའང་སྐུ་ཉིད་ཀྱི་ཐུགས་བསྐྱེད་གསེར་བསྒྱུར་གྱིས་ཟིན་པས་རང་གཤིས་ལྕགས་ཀྱི་རང་མདོག་མ་མངོན་ཙམ་དུ་མཆིས། མཚམས་ཞུ། དོན་བྲིས། སླད་ཆར་ཡང་གང་སྐུ་རིས་མེད་བསྟན་འགྲོའི་དཔལ་དུ་འཚོ་གཞེས་སྲིད་མཐར་བརྟན་ངོས་ནས་གུས་པར་འདི་ཕྱི་ཚེ་རབས་ཀུན་ཏུ་ཐུགས་རྗེ་རྗེས་འཛིན་ཀྱི་སྐྱབས་འཇུག་ཟབ་མོ་ཆོས་ཀློང་ནས་ནམ་ཡང་འདོར་བ་མེད་ཁར་ཡིད་ཀྱི་གསོས་སུ་གྱུར་པའི་གསུང་མཆིད་ཀྱང་། དལ་འགྲོའི་རྒྱུན་ལྟར་ཕེབས་སྩོལ་ཡོད་པར་ཞུ་མཁྱཻན། ཞེས་སྤྱན་འབྲས་བུང་བ་རྩེན་པའི་མཚོན་བྱེད་ཙམ་དུ། ཞུ་རྟེན་རྣམ་བཀྲ་མེ་ཏོག་གིས་བརྒྱན་པའི་ལྷ་གོས་གཙོས་ཟོང་སྣ་དབང་པོའི་གྲངས་ལྡན་བཅས་གུས་འབངས་ཆེ་གེ་མོས་ཟླ་ཚེས་་་་་་་་།
ཡང་གྲྭ་ཚང་སློབ་བཞི་ལ་ལྟ་བུ་ལ་འབུལ་ན།
གསུམ་ལྡན་རྡོ་རྗེ་འཛིན་པ་སློབ་དཔོན་རིན་པོ་ཆེའི་ཞབས་དྲུང་དུ། སྒོ་གསུམ་གུས་པའི་ཕྱག་བཅས་ཞུ་གསོལ། དེང་དཔལ་ལྡན་སྤྲིན་དབྱངས་ཆེན་པོའི་བསྟན་པའི་ཆུ་མཚོ་འཛིན་སྐྱོང་སྤེལ་བ་ལ་མཚུངས་ཟླ་མ་མཆིས་པའི་གདེངས་ཀ་མངོན་པར་མཐོ་བའི་ཟབ་སྐུ་ཀླུ་དབང་གཙུག་རྒྱན་མི་མཐུན་རྙོགས་པའི་དྲི་མ་རིང་དུ་སྤངས་ཤིང་ཆོས་སྲིད་བསྟན་པའི་དགེ་མཚན་དགུང་དུ་འཕྱུར་བའི་མཛད་ཕྲིན་རླབས་ཆེན་ལྷུར་བཞེས་མཛད་པ་ནི་བཀའ་དྲིན་ཤིན་ཏུ་ཆེ་ལ། འདིར་གུས་པའང་སྐྱབས་ཡུལ་ལྷན་རྒྱས་ཀྱི་བྱིན་མཐུས་ཟག་ཕུང་ལུས་ཀྱི་ལྗོན་པར་འཆི་ལྟས་སྟ་རེས་མ་ཟིན་ཙམ་དུ་མཆིས། མཚམས་དོན་འབྲི། སླད་ཆར་ཡང་གང་སྐུ་བསྟན་འགྲོའི་གཉེན་དུ་འཚོ་གཞེས་བརྟན་ངོས་ནས་གུས་པ་ནམ་གཞར་ཆོས་ཀློང་ཟམ་མོའི་རྒྱ་ལས་མི་འདོར་བ་མ་ཟད་ཐུགས་རྗེ་གཡེལ་མེད་ཀྱི་བཀའ་མཆིད་ཀྱང་ཛཱ་ཧུའི་ལྷུན་ལྟར་ཕེབས་སྩོལ་ཡོད་པར་ཞུ་མཁྱཻན། ཞེས་སྤྱན་ཟུང་གི་འཇུག་པ་གཅེར་མིན་ཙམ་དུ་ཞུ་རྟེན་ལྷ་རས་དང་དབྱིན་ལོར་དེ་ཉིད་གྲངས་ལྡན་བཅས་གུས་པ་ཆེ་གེ་མོས་ཟླ་ཚེས་་་།
རྟོགས་ལྡན་གྱི་རྣལ་འབྱོར་ལྟ་བུ་ལ་འབུལ་ན།
སྲིད་པའི་ཆོས་ཚུལ་གཅེར་བུར་གཟིགས་པའི་གྲུབ་པའི་དབང་ཕྱུག་མཆོག་གི་ཞབས་དྲུང་དུ། གུས་པའི་ཕྱག་བཅས་ཞུ་གསོལ། དེང་ཆོས་ཅན་མཚན་མར་སྣང་བའི་རྫུན་ཕུག་ཐམས་ཅད་ཆོས་ཉིད་དགོངས་པའི་དབྱིངས་སུ་ཅིག་ཅར་རྡིབ་སྟེ་སྒོམ་མེད་འོད་གསལ་གྱི་ངང་ལ་ཆུ་བོའི་རྒྱུན་ཏར་བསྐྱངས་ནས་གྲུབ་པའི་ས་མཐོར་གཤེགས་པའི་ཟབ་སྐུ་མི་གཟུགས་སུ་སྣང་ཡང་དགོངས་པ་སངས་རྒྱས་ཀུན་དང་མཉམ་པ་ནི་བཀའ་དྲིན་ཚད་མེད་དུ་ཆེ་ལ། འདིར་གུས་པའང་བློ་ཆོས་ལ་ཕྱོགས་པ་ཙམ་ཡོད་ཀྱང་། སྲིན་བུ་རང་གི་ཁ་ཆུས་འཆིང་བ་ལྟར་ཀུན་དཀྲིས་ཀྱི་མདུད་པ་མ་གྲོལ་ཙམ་དུ་མཆིས། མཚམས་དོན། སླད་ཆར་ཡང་གང་སྐུ་འཕོ་མེད་ཆོས་སྐུའི་དགོངས་པ་མངོན་དུ་མཛད་དེ། གུས་ཕྲན་པར་དགོངས་པ་བཙན་ཐབས་སུ་འཕོ་བའི་སྐྱབས་འཇུག་དང་དེ་མིན་གཞན་ངོར་གཟུགས་སྐུར་འབྱོན་དུས་འཁོར་གྱི་ཐོག་མར་བཟུང་བའི་བཟང་འབྲེལ་མ་འཕྱུག་ཙམ་དུ་གསོལ་ཆུམ་གསོལ་མར་ཇ་བག་བཅས་འབུལ་བས་བདག་ཅག་ཚོགས་རྫོགས་སླད་དུ་བརྩེས་བཞེས་ཡོད་པར་ཞུ་མཁྱཻན། ཞེས་གུས་པ་ཆེ་གེ་མོས་ཟླ་ཚེས་་་་་་།
མཁས་པ་དགེ་བཤེས་སོགས་ལ་འབུལ་ན།
ལུང་རིགས་སྨྲའི་དབང་ཕྱུག་བཤེས་གཉེན་མཁས་མཆོག་དམ་པའི་ཞབས་དྲུང་དུ། གུས་གསོལ་དེང་སྐྱེས་སྦྱངས་ཀྱི་ཤེས་རབ་རྨད་དུ་བྱུང་བས་རིས་མེད་ཐོས་བསམ་གྱི་གྲུ་བོར་ཞུགས་ཏེ་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་ནས་ཟབ་དོན་རིན་ཆེན་མཛོད་ཀྱི་བགོ་བཤར་སྐལ་ལྡན་ཡོངས་ལ་ཅི་དགར་བཀྱེས་དང་དགྱེས་བཞིན་པར་མཚོ་གཞེས་བརྟན་པ་ནི་བཀའ་དྲིན་སྙིང་ནས་ཆེ་ལ། སླད་ཆར་ཡང་། གང་སྐུ་བསྟན་པའི་རྒྱུན་དུ་འཚོ་གཞེས་བརྟན་ངོས་ནས་གུས་པར་བསྡུ་བ་རྣམ་བཞིའི་སྒོ་ནས་ཐུགས་རྗེ་རྗེས་འཛིན་ཡོད་པ་དང་། བཀའ་དོན་གྱི་ཕེབས་རྒྱུན་ཀྱང་དལ་འགྲོའི་རྒྱུན་ལྟར་རྒྱུན་ཆགས་སུ་ལྷུགས་སྩོལ་ཡོད་པར་ཞུ་མཁྱཻན་མཁྱེན་། ཞེས་གཟིགས་རྟེན་མཚོན་བྱེད་ལྷ་མི་བཅས་གུས་པ་ཆེ་གེ་མོས་་་་་་།
ས་སྐྱོང་རྒྱལ་པོ་ལྟ་བུ་ལ་འབུལ་ན།
ལྷོ་ལྗོངས་ས་ཡི་ཚངས་པ་མངའ་བདག་མི་རྗེ་རིན་པོ་ཆེའི་ཞབས་པད་གསེར་ཁྲིའི་དྲུང་དུ། སྒོ་གསུམ་གུས་པའི་ལྷ་ཕྱག་གྲངས་མེད་སྔོན་དུ་འགྲོ་བའི་ཞུ་གསོལ། དེང་དགེ་མཚན་རླབས་ཆེན་དུ་མའི་ཆུ་གཏེར་ལས་བསྐྲུན་པའི་ཟབ་སྐུ་རྟ་བདུན་དབང་པོ་མི་མཐུན་སྒྲ་གཅན་གྱི་ལག་སྒྲིབ་མི་མངའ་བར། ཆོས་སྲིད་ལུགས་བརྒྱའི་འོད་སྟོང་མུ་མེད་དུ་འཕྲོ་བས་སྨོན་ལྗོངས་ས་ཆེན་དཔལ་གོས་ཚལ་རྣམས་ཡོངས་སུ་བཞེད་པའི་དྲི་བསུང་གིས་མངའ་འབངས་རྐང་པ་དྲུང་པའི་ཚོགས་ལ་བདེ་སྐྱིད་ལེགས་ཚོགས་ཀྱི་ཟིལ་དངར་ཅི་དགར་སྤེལ་ཞིང་མཆོད་སྦྱིན་བརྒྱ་པའི་མདུན་སར་ཡང་མཐིང་སླད་འབྱིན་པར་འོས་པའི་མངའ་ཐང་དགུང་དུ་འཕྱུར་བཞིན་པར་རྟག་བརྟན་གཡུང་དྲུང་གི་ངོ་བོར་འཚོ་ཞིང་གཞེས་པ་ནི་བཀའ་དྲིན་ཕུར་བུའི་བློས་ཀྱང་གཞལ་བྱའི་ཡུལ་ལས་འདས་ཤིང་ཐུགས་རྗེ་ཉེ་བར་ཆེ་ལ། འདིར་གང་གི་ཆབ་སྲིད་གདུགས་དཀར་ཀྱི་འོག་ཏུ་འཚོ་བའི་གུས་འབངས་པ་ཉིད་ཀྱང་། ཞབས་ཀྱི་སྐུ་བསོད་འབའ་ཞིག་གིས་ལུས་སེམས་བདེ་འཇགས་གནས་ཐོག །ཞབས་འདེགས་ཀྱི་བྱ་བར་འབད་རྩོལ་མི་དམན་པར་ཞུས་དང་ཞུ་བཞིན་པར་མཆིས། མཚམས་དོན། སླད་མའི་ཆར་ཡང་གང་སྐུ་དཔག་བསམ་ལྗོན་པའི་གཟུགས་ཀྱི་ཟླ་བོར་འཚོ་གཞེས་བརྟན་ངོས་ཐུགས་བརྩེ་དགོངས་པའི་དབྱིངས་ནས་ནམ་གཞར་བསྙེལ་བ་མེད་པར་གང་འདོད་ཀྱི་རེ་འབྲས་སྤྱིར་སོན་ཡོད་པའི་སྐྱབས་འཇུག་དང་། ཞབས་རིམ་མཛད་སྒོ་བྱ་དགོས་ཀྱི་རིགས་ལ་ཆབ་ཤོག་རྡོ་རྗེའི་རེ་ཁཱ་ཕྲན་པའི་གཙུག་རྒྱན་དུ་བསྐུར་གནང་ཡོད་པར་ཞུ་བས་སྐུ་གསུང་ཐུགས་དམ་པ་མཁྱེན་མཁྱཻན། ཞེས་སྤྱན་རས་པདྨ་འཛུམ་པའི་དགའ་སྟོན་དུ་ལྷ་གོས་རེག་འཇམ་གོས་སྣམ་ཡུགས་ཀྱིས་གཙོས་པའི་སྨར་ཟོང་སྣ་འདྲེས་ཚེས་པའི་གྲངས་ལྡན་བཅས་གུས་འབངས་ཆེ་གེ་མོས་་་་་།
ལྷ་བཙུན་རྒྱལ་ལྕམ་ལྟ་བུ་ལ་འབུལ་ལ་ན།
སྐྱེ་འགྲོ་ཡོངས་ཀྱི་མ་གཅིག་ཨ་ཞེ་རིན་པོ་ཆེའི་ཞབས་དྲུང་དུ། གུས་གསོལ་དེང་ལེགས་བྱས་འོ་མའི་ཆུ་གཏེར་ལས་བསྐྲུན་པའི་མཛེས་སྐུ་སྟོན་ཟླའི་དཀྱིལ་འཁོར་མཚན་དཔེའི་ཆ་ཤས་ཡོངས་སུ་རྫོགས་ཏེ་མི་མཐུན་ནམ་མཁའི་གླང་པོའི་སྒྲིབ་བྱེད་མི་མངའ་བར། འགྲོ་ལ་ཚ་གདུང་སྐྱོབ་པའི་བསིལ་སྦྱིན་གྱི་འོད་དཀར་བཀྱེ་བཞིན་པར་སྐུ་ཚེ་ཞབས་པད་བརྟན་པ་ནི་བཀའ་དྲིན་རྨད་དུ་ཆེ་ལ། །འདིར་གང་སྐུའི་གྲིབ་བསིལ་དུ་འཚོ་བའི་གུས་འབངས་ཞབས་ཀྱི་སྐུ་དྲིན་ལས་གསར་འཚེ་བྲལ་ཏེ་ལུས་སེམས་སྔར་མུས་བདེ་འཇགས་སུ་མཆིས། མཚམས་དོན་འབྲི། སླད་མར་ཡང་། གང་སྐུ་ཆུ་སྐྱེས་གསར་པའི་གཟུགས་ཀྱི་ཟླ་བོར་བགྲེས་རྒུད་མི་མངའ་བར་འཚོ་གཞེས་བརྟན་ངོས་ནས། གུས་པར་ཐུགས་བརྩེའི་དྲི་བསུང་གིས་བསུས་པའི་བཀའ་མཆིད་ཟིལ་དངར་ཀྱི་ཕེབས་ཚོགས་ཀྱང་འཕྲོག་བྱེད་བུ་མོའི་རྒྱུན་ལྟར་སྤྱིར་སྩོལ་ཡོད་པར་ཞུ་མཁྱེན་མཁྱཻན། ཞེས་སྤྱན་རས་བུང་བ་གཡོ་བའི་རྟེན་དུ་གོས་མཐིང་ཊཾ་ཅན་གྱིས་གཙོས་པའི་ཟོང་སྣ་དབང་པོའི་གྲངས་ལྡན་བཅས་གུས་པ་ཆེ་གེ་མོས་ཟླ་ཚེས་་་་་་།
བཀའ་བློན་ཁྲིམས་བདག་ལྟ་བུ་ལ་འབུལ་ན།
ལུགས་གཉིས་རྣམ་པར་འབྱེད་པའི་མཁྱེན་སྤྱན་མཆོག་ཏུ་ཡངས་པའི་དྲགོས་རིན་པོ་ཆེའི་ཞབས་དྲུང་དུ། གུས་གསོལ་དེར་སྔོན་བསགས་ལྷུན་པོའི་སྤོ་ལ་ཉེ་བར་འཕོས་པའི་སྐུ་མཆོག་ཡོངས་འདུ་ས་བརྟོལ་ཕུན་ཚོགས་སྡེ་བཞི་དཔལ་གྱི་ལོ་འབྲས་ཡོངས་སུ་དུད་ཅིང་། སྐྱེ་བོ་མཆོག་དམན་ཀུན་ལ་ཕྱོགས་དང་རིས་སུ་མ་ཕྱེད་པའི་བཀའ་ཁྲིམས་ཚངས་པའི་དྲང་ཐིག་གིས་ཆོས་དང་ཆོས་མིན་གྱི་ཤན་འབྱེད་མཛད་བཞིན་པར་བཞུགས་ཞབས་བརྟན་པ་ནི་བཀའ་དྲིན་ཆེ་ལ། འདིར་གུས་ཕྲན་ཀྱང་སྐྱབས་ཡུལ་བྱིན་མཐུས་སྒྱུ་ལུས་གཡར་ཁང་ནས་ཚོགས་བརྒྱད་ཀྱི་མགྲོན་པོ་མ་གྱེས་ཙམ་དུ་མཆིས། མཚམས་དོན་འབྲི། སླད་ནས་ཀྱང་གང་སྐུ་མི་ཆོས་གཙང་མ་བཅུ་དྲུག་གི་བདག་འབྲས་ཕྱག་རྩེར་སྨིན་ཏེ་སྐུ་ཚེའི་རྒྱལ་མཚན་ཡུན་དུ་བརྟན་ངོས་ནས་ཐུགས་བརྩེས་འཆིང་བ་མི་ལྷོད་པའི་བརྡར། བཀའ་ཆབ་ཀྱི་ཕེབས་ཚོགས་ཀྱང་ཡང་ཡང་ཉེར་སྩོལ་ཡོད་པར་ཞུ་མཁྱེན་མཁྱཻན། ཞེས་གཟིགས་རྟེན་གཅེར་མིན་ཙམ་དུ་ལྷ་རས་དྲི་མེད་ཀྱིས་གཙོས་ཟོང་སྣ་མཆོག་གསུམ་གྲངས་ལྡན་བཅས་གུས་པ་ཆེ་གེ་མོས་ཟླ་ཚེས་་་་་་།
ཡུལ་གོང་མ་བླ་དཔོན་སོགས་དེ་དག་ལ་འབྱོར་ལེན་འབུལ་དགོས་ན།
བཀའ་དྲིན་མཚུངས་མེད་སྐྱབས་རྗེ་བླ་མ་རིན་པོ་ཆེའི་ཞབས་དྲུང་དུ། གུས་གསོལ། དེང་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་ཀུན་མཁྱེན་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་ལ་མཚུངས་ཟླ་མ་མཆིས་པའི་ཕྲིན་ལས་ལྷུན་གྱིས་གྲུབ་སྟེ་བསྟན་དོན་རླབས་ཆེན་གྱི་སྒོ་འཕར་འབྱེད་བཞིན་པར་འཚོ་ཞིང་གཞེས་པ་ནས་གུས་ཕྲན་པར་བོང་བ་གསེར་གཟིགས་ཀྱི་ཐུགས་བརྩེ་མི་བསྙིལ་བར་དགོངས་ཏེ་མིག་དང་ཡིད་ཀྱི་དཔྱིད་དུ་སིམ་པའི་བཀའ་མཆིད་སྙན་དགུས་བརྒྱན་པའི་གནང་སྐྱེས་བཟང་པོ་གྱ་ནོམས་སུ་བསྩལ་བ་ཕྱག་རྒྱ་རྡོ་རྗེའི་རེ་ཁཱ་ཉམས་བྲལ་གཙུག་གི་ཅོད་པན་དུ་སོན་པས། རེ་ཞིག་དགྲ་བཅོམ་འགོག་པའི་བདེ་བ་སིམ་པ་ལྟར་རམ། ཡང་ན་གསེར་ཞལ་དངོས་སུ་མཇལ་བ་དང་མི་གཉིས་པའི་དགའ་བདེ་མཆོག་ཏུ་བརྟས་ཤིང་བཀའ་དྲིན་སྙིང་ནས་ཆེ། དེས་མཚོན་ནས་གོང་དུ་བསྟན་པ་རྣམས་ཀྱི་ནི་སྒྲའི་མགོར་འབྱུང་ཁུངས་ཀྱི་སྒྲ་སྦྱར་བས་ཐམས་ཅད་ལ་སྦྱོར་ཤེས་པར་བྱའོ། །
ཡང་ཁྲི་འབུལ་ལེགས་དར་འབུལ་ན།
དེང་བགྲང་ཡས་བསྐལ་པར་ཚོགས་ཟུང་རླབས་ཆེན་སྤྱོད་པའི་དཔལ་ལས་བལྟམས་པའི་གང་སྐུ་ལྷ་མིའི་འཇིག་རྟེན་ཀུན་གྱི་མཆོད་འོས་སུ་གནམ་བསྐོས་ལུང་གི་ཤོ་མོ་བབ་སྟེ། བཀྲ་ཤིས་དགེ་མཚན་འཛོམས་པའི་དུས་ཀྱི་ཆར་དཔལ་ལྡན་འབྲུག་པའི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་འཕང་མཆོག་ལ་རྒྱལ་ཐབས་སྤྱི་བླུགས་སུ་མངའ་གསོལ་གཟེངས་བསྟོད་མཛད་རྒྱུའི་གྲགས་སྙན་གསེར་གྱི་རྣ་རྒྱན་བཟང་པོ་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་མཛེས་པར་བྱེད་པའི་མོད་ལ། བདག་ཀྱང་མདོངས་མཐའ་ཅན་གྱི་སྒྲ་འཛིན་དུ་དབྱར་རྔ་ཐོས་པ་ལྟར་རེ་ཞིག་ངག་ཏུ་བརྗོད་མི་ཤེས་པའི་དགའ་བདེ་ཚད་མེད་བྱང་ཞིང་བཀའ་དྲིན་སྙིང་ནས་ཆེ་ལ། མཚམས་ཞུ། ད་ཆར་འདི་ནས་དངོས་འབུལ་གྱི་དགྱེས་སྤྲིན་རྒྱ་ཆེར་མ་ལགས་ཀྱང་། སྔར་སྲོལ་གྱི་ལེགས་ལམ་དང་། ད་ལྟའི་རྟེན་འབྱུང་བསླུ་མེད་ཀྱི་ཐབས་རྟེན་མ་འཕྱུག་ཙམ་དུ། ལེགས་དར་མཚོན་བྱེད་ལྷ་གོས་ཉིན་མོ་བདེ་ལེགས་ཀྱིས་གཙོས་པའི་ཟོང་ལྡན་བཅུ་གསུམ་ལེ་ཚན་དང་ཚེ་རིང་ལྗོན་པའི་ཇ་བག་སྒམ་གཅིག་དང་། གསོལ་མར་གསོལ་ཆུམ་གསོལ་ཤ་བཅས་པའི་དོས་ཉེར་གཅིག་དང་། རིན་ཆེན་གཉིས་པའི་ཧིན་སྒོར་ཆིག་སྟོང་བཅས་འབུལ་དངོས་ཕྲའང་བདག་ཅག་ཚོགས་རྫོགས་སླད་དུ་ཏིང་འཛིན་ནམ་མཁའི་མཛོད་དུ་སྤྲུལ་ཏེ་དབུལ་བ་ལགས་ན། ཐུགས་རྗེ་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བཞེས་རོལ་ཞུ་བ་དང་། སླད་ཆར་སོགས་སྔར་བཞིན་གང་བབ་སྦྱོར་ཤེས་པར་བྱའོ། །
རང་ལས་མཆོག་ཏུ་གྱུར་པ་ཙམ་ལ་འབྱོར་ལན་་འབུལ་ན།
མཁྱེན་རབ་ཀྱི་ལྷ་ལམ་མཆོག་ཏུ་ཡངས་པའི་སློབ་མཆོག་དམ་པའི་སྐུ་གམ་དུ། དེང་སྔོན་གོམས་ལེགས་བྱས་ཀྱི་འབྲས་བཟང་ཕྱག་རྩེར་སྨིན་མཐུས། སྐུ་དང་མཛད་ཕྲིན་ཡར་ཟླའི་དཔེ་ལྟར་དགེར་བཞུགས་ནས་ཐུགས་བརྩེ་མི་བསྐྱུད་པའི་གསུང་གསལ་ཕྱག་བྲིས་སྐྱེས་བཟང་གིས་བརྒྱན་པའི་གནང་སྦྱིན་ཕྱག་རྒྱ་ཉམས་མེད་ལག་སོན་གྲུབ་པའི་མོད་ལ། དར་ཅིག་དངོས་མཇལ་ལྟ་བུའི་ཡིད་སྤྲོ་ཚད་མེད་བརྟས་ཤིང་བཀའ་དྲིན་ཆེ་ལ། འདིར་གུས་ཕྲན་ཀྱང་ལྷ་བླའི་བྱིན་མཐུས་སྒྱུ་ལུས་སྣུམ་ཟད་ཀྱི་མར་མེ་མི་རྟག་རླུང་འཚུབས་ཀྱིས་བ་བཏབ་ཙམ་ནས་གང་ལྕོགས་ཀྱི་ཆོས་སྤྱོད་ལ་བརྩོན་ཁུལ་དུ་མཆིས། མཚམས་དོན་བྲིས། སླད་ནས་ཀྱང་དད་དམ་འཆིང་ཞགས་ཀྱི་མདུད་པ་ལྷོད་མེད་ཀྱི་བརྡར་གནས་ཚུལ་ཕྱག་བྲིས་སོགས་ཡང་ཡང་གནང་ཐུབ་ཡོད་པའི་དགོངས་ཆུབ་མཁྱེན་མཁྱཻན། ཞེས་གཟིགས་རྟེན་སྟོང་མིན་ཙམ་དུ་ལྷ་མེ་བཅས་་་་་།
རང་མཉམ་མཚམས་པ་ལྟ་བུ་ལ་འབུལ་ན།
རིམ་གཉིས་ཟབ་མོའི་རྣལ་འབྱོར་སྐུ་མཚམས་རིན་པོ་ཆེའི་བུག་སྒོའི་དྲུང་དུ། གུས་གསོལ། དེང་ལུས་ངག་དབེན་པའི་དམ་བཅའ་ཉེ་བར་བཟུང་ནས། སྣང་གྲགས་རྟོག་པའི་ཆོས་རྣམས་བླ་མའི་རྡོ་རྗེ་གསུམ་གྱི་རོལ་པ་ལས་མི་འདའ་བར་ཐུགས་དམ་ཉིན་མཚན་ཁོར་ཡུག་ཏུ་བརྩོན་ཅིང་བཞུགས་པ་ནི་བཀའ་དྲིན་ཆེ་ལ། འདིར་ཆོས་གཟུགས་གྱི་ནར་འཕྱན་པའང་ཉིད་ཀྱི་མཛད་བཟང་ལ་ཡི་རངས་ཀྱི་མེ་ཏོག་འཐོར་བཞིན་པར་མཆིས། སླད་ནས་ཐུགས་དམ་གནད་སྨིན་ཚད་དུ་འཁྱོངས་ཏེ་མཚམས་ཀྱི་གསང་རྐྱང་བརྟོལ་ནས་འབྱོན་སྐབས་ཟླ་ཞལ་དངོས་མཇལ་ཞུ་ཆོག་པར་མཁྱེན་མཁྱཻན། ཞེས་དད་དམ་བསྲེས་མེད་ཀྱི་རྫས་སུ་དམིགས་ཏེ་གོས་དཀར་ཡུལ་ནས་བྱུང་བའི་བཞེས་སྤྲོ་ལྗོན་འབྲས་ཕྲན་བཅས་སྙིང་མཐུན་ཆེ་གེ་མོས་་་་།
རང་མཉམ་གྲོགས་པོ་ལ་འབུལ་ན།
རིང་ནས་རྟག་པར་མཛའ་བའི་སྙིང་མཐུན་་་་་་་་སྐུ་འཚོ་གཙང་བཞུགས་ལ། ཆེད་གསོལ། དེང་འདུས་སྡེ་སྐྱེད་ཚལ་ཁྲོད་དུ། རྣམ་དཔྱོད་ཀྱི་འདབ་མ་མཆོག་ཏུ་ཡངས་པའི་མཛེས་སྐུ་པདྨའི་སྡོང་པོ་ཉེར་འཚེའི་འདམ་གྱིས་མ་གོས་པར་དམ་ཆོས་ཉི་མའི་ཁུ་བ་ངོམ་མེད་དུ་འཐུང་སྟེ་བཞུགས་པ་ནི་ཡིད་སྤྲོ་ཚད་མེད་བརྟས། འདིར་རང་ཡང་དབེན་གནས་ཞི་བའི་ནགས་སུ་ཚད་ལྡན་གྱི་བླ་མ་བཟང་པོའི་ཞབས་ལ་གཏུགས་ཏེ། ཐོས་བསམ་གྱི་བློ་མིག་འབད་རྩོལ་གསེར་ཐུར་གྱིས་སྦྱངས་མུས་སུ་མཆིས། མཚམས་དོན་ཡོད་ན་འབྲི། སླད་ནས་སྐུ་འཕྲོད་དབྱར་གྱི་དཔལ་ལྟར་ཡར་རྒྱས་སུ་བཞུགས་རིང་གསེར་ཞལ་དངོས་མཇལ་གྱི་དགའ་སྟོན་ཞུ་ཆོག་པའི་ཐུགས་འཇགས་ཡོད་པར་ཞུ། ཞེས་་་་་།
མཆེད་གྲོགས་ལ་འབུལ་ན།
ཕ་བླ་མ་གཅིག་དང་མ་དཀྱིལ་འཁོར་གཅིག་གིས་བསྡུས་པའི་རྡོ་རྗེའི་མཆེད་སྤུན་དམ་པ་སྐུ་འཚོ་དགེར་བཞུགས་ལ། ཆེད་འབུལ་དེང་སྐུ་ཉིད་མང་ཐོས་གདམས་་པར་ཤར་བའི་སྟོབས་ཀྱིས་ཤེས་བྱ་ཀུན་གྱི་དེ་ཉིད་མ་ལུས་ཅིག་ཅར་བདེ་ཀློང་ཡངས་པར་འུབ་ཀྱིས་ཆུབ་སྟེ་ངང་བཞག་ཆུ་བོའི་རྒྱུན་ལྟར་བསྐྱངས་ཏེ་བཞུགས་ཤག་དང་། འདིར་རང་ཡང་ཉམས་མྱོང་དེ་ཙམ་མེད་ཀྱང་རྣལ་མའི་དོན་ལ་གོ་དོན་མ་འཕྱུག་ཙམ་དུ་བསྒོམ་གྱིན་ཡོད། མཚམས་དོན་འབྲི། སླད་ནས་ཅིས་ཀྱང་དངོས་མཇལ་ལན་གཅིག་ཞུ་འདོད་ཡིད་ལ་བརྣག་ཅིང་། དེའི་དུས་ཡང་དག་གཏམ་གྱིས་དུས་འདའ་བའི་དགའ་སྟོན་ཞུ་ཆོག་པ་བཅས་མཁྱེན་ཀློང་དུ་ཆུབ་པར་ཞུ། ཞེས་ས་མཐའི་རིང་སྟབས་དངོས་རྫས་འབུལ་འོས་མ་མཆིས་ཞུ་སྟོང་བཅས་རྡོ་རྗེའི་མཆེད་པོ་་་་་་།
ཕ་མ་ལ་འབུལ་ན།
བསྐྱེད་བསྲིང་དྲིན་གྱིས་བསྐྱངས་པའི་ཕ་རྒན་སྐུ་ཁམས་གཙང་བ་ལ། ཡང་ན་བྱམས་པའི་ནུ་ཞོས་བསྐྱངས་པའི་མ་རྒན་འཚོ་ཁམས་གཙང་བ་ལ། ཆེད་འབུལ། དེར་ཁྱོད་ཀྱང་དཀོན་མཆོག་གི་ཐུགས་རྗེ་ལས་གཟུགས་ཕུང་བདེ་འཇགས་ཐོག་ནས། བརྩེ་སེམས་བཟོད་མེད་ཀྱི་བསུས་པའི་ལག་རྟགས་བསྐུར་བ་ཆུད་ཀྱང་མ་སོན་པར་ལག་འཕྲོད་འབྱོར་གྲུབ་མོད་ལ། རང་ཡང་ཕ་མ་དྲན་པའི་སྣང་བ་ཚད་མེད་ཤར་ཡང་དམ་པའི་ཆོས་དང་བླ་མའི་བྱིན་མཐུས་གཟུགས་ཁམས་སྔར་མུས་བདེ་ཁུལ་དུ་བདོག །མཚམས་དོན་འབྲི། སླད་ནས་རང་གིས་ཡོན་ཏན་སློབ་འོས་ཀྱི་རིགས་མཐར་འཁྱོལ་ཟིན་དུས། ཁྱོད་རའི་དྲིན་ལན་ཀྱང་དེར་དུས་བསབས་པར་བྱ་སྙམ་པའི་རེ་རྒྱ་ཡོད་པ་བཅས་བུ་ཆུང་་་་་།
ཡང་རང་ལས་དམའ་བ་ལ་འབུལ་ན།
དགེ་གནག་མདོག་ཆོས་སྤྱན་ཡངས་པ་ལ། ཡང་ན་དགེ་དཔལ་དབང་རྣམ་དཔྱོད་ཡངས་པ་ལ། དོན་འབྲས། དེར་ཁྱོད་ཡིག་བསྐུར་རྣམ་བཞག་གཅིག་ཅིས་ཀྱང་དགོས་ཞེས་ཡང་ཡང་བསྐུལ་བའི་ངོ་མ་ལྡོག་ཙམ་དུ་རྒྱས་པར་འབྲི་ལོངས་མ་བྱུང་ཡང་། མདོར་བསྡུས་གཡར་ཁྲལ་ཙམ་ཞིག་བྲིས་ཡོད་པ། དེ་དག་ལ་མཐའ་ཅིག་ཏུ་ངེས་བཟུང་མ་བྱེད་པར་དེས་མཚོན་ཏེ་འབུལ་བ་སྐུར་གྱི་རིགས་མཐའ་དག་ལ་མཚམས་སྦྱོར་ཤེས་པ་གལ་ཆེ། ཚིག་གི་རྣམ་འགྱུར་ད་ལྟ་མ་བྱུང་ཡང་། ཡང་ཐོས་བློ་ནོར་འབད་རྩོལ་གྱིས་བསགས་ན་ཚིག་གི་ཤུན་པ་ཤུགས་ལས་འཐོན་འོང་བས། ཐོས་པ་རྒྱ་ཆེར་བྱེད་པ་གནད་ཀ་ཆེ་བས་དེ་དོན་ཐུགས་འཇགས་ཡོད་པར་གྱིས། ཞེས་སྤྲང་མིང་་་་།
གཞན་ཡང་།
དྲུང་འཚོ་ལ། འཚོ་ཐབས་རིག་པའི་བདག་ཉིད། རྩིས་པ་ལ། སྒར་མཁན་དུས་ཤེས་ཀྱི་བདག་ཉིད། དྲུང་ཡིག་ལ། སོར་འཕྲུལ་འདུ་བྱེད་མཁས་པའི་སྨྱུག་འཛིན། ལྷ་བྲིས་ལ། སོར་འཕྲུལ་འདུ་བྱེད་མཁས་པའི་པིར་འཛིན། ལྷ་བཟོ་ལ། ལྷ་སྐུའི་དེ་ཉིད་མཁས་པའི་འཇིམ་བཟོ། ཤིང་བཟོ་ལ། བི་ཤྭའི་འདུ་བྱེད་འཆར་བའི་བཟོ་དཔོན། མགར་བ་ལ། ས་མཁྲེགས་ལྕགས་ཀྱི་གཤན་མ་གྲི་བཟོ། དངུལ་བཟོ་པ་ལ། རིན་ཆེན་དངུལ་གྱི་ཁ་ལོ་པ་བྲག་ཝ། མཛའ་ན་མོ་ལ། མཚར་སྡུག་མིག་གི་བདུད་རྩི། གཏན་གྲོགས་ལ། མཛའ་གཅུགས་གཏན་གྱི་གྲོགས་པོ། བུ་ཚ་ལ། སྙིང་གཅེས་སྙིང་གི་ཟེའུ་འབྲུ་ལ་སོགས་པ་དེ་རྣམས་ཀྱི་མཐར་རང་རང་གི་མིང་སྦྱོར་ནས་འཚོ་ཁམས་སམ་ཁམས་བཟང་ལ་ཞེས་སྦྱོར་ལ། ཐམས་ཅད་སྨོས་ཀྱི་མི་ལངས་པས་དཔྱད་དེ་རྟོགས་པར་བྱའོ།། །།ཞེས་ཡིག་བསྐུར་འཕྲིན་འབུལ་གྱི་རྣམ་བཞག་མདོར་བསྡུས་འདི་ནི་སྤྲང་མིང་ཀེའུ་ཚང་པས་སོ།། །།དགེའོ། །དགེའོ། །


0 Comments
ཐུགས་འཆར་བཀོད་གནང་།