བྱམས་པ་ལྷ་ཁང་སྤ་གྲོ་སྐྱེར་ཆུ་ལྷ་ཁང་ཧད་ཀྱི་ལྷ་ཁང་དཀར་ནག་གཉིས།
 |
| བྱམསཔ་ལྷ་ཁང་། |
གཞན་ཡང་འདིའི་བར་དུ་བདག་ཅག་གི་སྟོན་པས། ལྷ་མོ་དྲི་མེད་ལུང་བསྟན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལོན་པ་ན། གདོང་དམར་བོད་དུ་དམ་པའི་ཆོས་དར་དབར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར། བོད་ཀྱི་རྒྱལ་རབས་བཅུ་ཕྲག་གསུམ་དང་རྩ་གསུམ་པ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས། མཐའ་འདུལ་གྱི་ཆེད་དུ་ལྗོངས་འདིར་སྐུ་དངོས་རྫུ་འཕྲུལ་ལ་བརྟེན་ནས་ཞབས་ཀྱིས་བཅགས། བུམ་ཐང་བྱམས་པ་ལྷ་ཁང་དང་། སྤ་གྲོ་སྐྱེར་ཆུ་ལྷ་ཁང་བཞེངས། དམ་པའི་ཆོས་ཀྱི་སྲོལ་ཐོག་མར་གཏོད་པའི་བཀའ་དྲིན་མཛད་པས་མཚོན་ལྗོངས་འདིར་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་བཟུང་མི་རབས་ཀྱང་རིམ་གྱིས་འཕེལ་ནས་གྲོང་དང་གྲོང་ཁྱེར་རྒྱ་ཆེར་ཆགས་ཤིང་གནས་པ་བྱུང་།
 |
| སྐྱེར་ཆུ་ལྷ་ཁང་། |
ཧད་ཀྱི་ལྷ་ཁང་དཀར་ནག་གཉིས།
 |
| ལྷ་ཁང་དཀར་པོ། |
དུས་སྐབས་དེ་ཙམ་ནས་ཧད་ཀྱི་ལྷ་ཁང་དཀར་ནག་གཉིས་ཀྱང་བཞེངས་པར་གྲགས་ཏེ། ཁུངས་ལྡན་གྱི་ཡིག་ཆ་ནི་མ་རྙེད་ཅལ་རྒྱུའི་གཏམ་ལས། སྔོན་བོད་ཆོས་རྒྱལ་ཆེན་པོའི་རྫུ་འཕྲུལ་གྱིས་ཕུག་རོན་དཀར་ནག་གཉིས་སྤྲུལ་ཏེ་ལྷོ་རོང་དུ་བཏང་བ་ལས་ལྷ་ཁང་དཀར་ནག་གཉིས་སྤྲུལ་པས་བཞེངས་ཞེས་ཟེར་བ་དང་། ཡང་ལ་ལས་དེ་གའི་ཁྱུང་བདུད་གནས་སུ་གྲགས་པའི་རི་འབུར་གསུམ་ལས་མི་ཁ་ཤས་ཧད་ཀྱིས་འཐོན་ནས་ཉིན་གཅིག་ལ་ལྷ་ཁང་དཀར་ནག་གཉིས་བཞེངས་པས། རི་དེ་ལ་མི་རི་སྤུན་གསུམ་དུ་གྲགས་པ་དང་། ཡུལ་གྱི་མིང་ལའང་ཧད་ལུང་དུ་གྲགས་པ་ཡིན་ནོ་ཞེས་ཟེར་རོ། །གང་ལྟར་ཡང་སྤྲུལ་པའི་འཕྲོ་འདུ་ཞིག་ནི་ཡིན་པར་ངེས་ཏེ། ལྷ་ཁང་དཀར་པོའི་རྟེན་ཚེ་དཔག་མེད་བཞེངས་དུས་དབུ་ནི་གློ་བུར་དུ་གཞན་ཞིག་གིས་ཁྱེར་འོངས་ནས་བཀལ་བས་བཞེས་ཏེ་ཞུན་ཐེབས་པས་དབུ་ཆེ་ཙམ་ཡོད་བཤད་པའི་ལོ་རྒྱུས་ཀྱང་སྣང་བས་སོ།།
 |
ལྷ་ཁང་ནག་པོ།
ལྷོ་འབྲུག་ཆོས་འབྱུང་ལས་བཤུས། |
0 Comments
ཐུགས་འཆར་བཀོད་གནང་།