གུ་རུ་རིན་པོ་ཆེས་ལྗོངས་འདིར་ཞབས་ཀྱིས་བཅག་ཚུལ།
ཨྱོན་གུ་རུ་རིན་པོ་ཆེ།
དེ་ནས་ཡོངས་གྲགས་རྣམ་གནོན་ལྕགས་འབྲུག་ལ་སྟོན་པའི་འདས་ལོ་ཐེ་བའི་ལོ་ལྔ་པ་ཤིང་སྤྲེལ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་ཤར་ལ། ལྷོ་ནུབ་འོ་མ་ཅན་གྱི་མཚོ་གླིང་དུ་ཆུ་སྐྱེས་ལང་ཚོ་རྒྱས་པའི་མངལ་རུམ་ནས། མཚན་དཔེའི་དཔལ་འབར་རང་བྱུང་སྤྲུལ་པའི་སྐུ་ཨྱོན་ཐམས་ཅད་མཁྱེན་པ་འདི་ཉིད་སྐུ་འཁྲུངས། རྒྱལ་པོ་ཨིནྡྲ་བྷུ་ཏིས་སྤྱན་དྲངས་ཏེ་ཨོ་རྒྱན་གྱི་རྒྱལ་པོར་མངའ་གསོལ་མཛད་པ་ནས། མཐར་ཚེ་ལ་དབང་བའི་རིག་འཛིན་གྱི་ས་མཆོག་བརྙེས་པའི་ཚུལ་སྟོན་པའི་སྐབས་ཙམ་ལས། དུས་ཀྱི་ངེས་པ་གསལ་པོར་མ་རྙེད་ཀྱང་། རྗེས་སུ་གཞིག་ན་མདོ་ལུགས་ཡོངས་གྲགས་ཀྱི་བསྟན་པའི་གནས་ཚད་ལྔ་བརྒྱ་ཕྲག་བཅུ་ལས། འབྲས་བསྟན་ལེའུ་གསུམ་པའི་སྐབས་ཙམ་ན། རྒྱ་གར་རྒྱལ་པོ་སིནྡྷུ་རཱ་ཛ་ཞེས་པ་རྒྱལ་པོ་དམག་བརྒྱ་པའི་རིགས་ཀྱང་ཟེར། གང་ལྟར་ཡང་རྒྱ་ནས་ཡུལ་འཐོན་ཏེ་མོན་བུམ་ཐང་དུ་ལྕགས་མཁར་ཐོག་ཏུ་གྲགས་པའི་རྫོང་བཙན་བརྩིགས། གྲོང་ཁྱེར་རྒྱ་ཆེར་ཆགས་ཏེ་གནས་པའི་ཚེ། རྒྱ་གར་ཤར་གྱི་རྒྱལ་པོ་སྣ་བོ་ཆེར་གྲགས་པ་ཞིག་གིས་རྗེས་སུ་བསྙེགས་ཏེ་གཡུལ་ངོ་བཤམས་པ་ལས། སྲིན་པོའི་གྲོང་གི་མདུན་ས་ལྟར་ཁྲག་རྒྱུན་མཚོ་མོར་བསྐྱིལ་ནས་འཐབས་པས་མི་རྣམས་ཅི་བྱར་གཏོལ་མེད་དུ་གྱུར་དུས། སྣ་བོ་ཆེས་སིནྡྷུ་རཱ་ཛའི་སྲས་སྟག་ལྷ་མེ་འབར་འཁོར་བཅས་ཆམ་ལ་ཕབ། སིནྡྷུ་རཱ་ཛ་བུའི་མྱ་ངན་གྱིས་སྙིང་རླུང་ལངས་ཏེ་ཡུལ་ལྷར་བསྣོལ་གྲིབ་བཏང་བས། ཤེལ་གིང་དཀར་པོ་ཁྲོས་ནས་བླ་སྲོག་འཕྲོག་སྟེ་རྒྱལ་པོ་འཆི་ལ་ཐུག་པར་མནར་བའི་ཚེ།
གུ་རུ་རིན་པོ་ཆེས་ལྗོངས་འདིར་ཞབས་ཀྱིས་བཅག་ཚུལ།
བློན་པོ་བློ་དང་ལྡན་པས་གྲོས་བྱས་ཏེ་ས་གསུམ་འདི་ན་ཆེ་བའི་རིག་སྔགས་འཆང་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས། བུམ་ཐང་རྡོ་རྗེ་བརྩེགས་པའི་བྲག་ཕུག་ཏུ་བྱོན། རྒྱལ་པོའི་སྲོག་སྐྱབས་མཛད་པར་གསོལ་བ་བཞིན། ཤེལ་གིང་དཀར་པོ་དམ་ལ་བཞག་སྟེ་ཆད་ཐོ་སྦྱིན་པས་རྒྱལ་པོ་འཆི་བའི་ནད་ལས་གྲོལ། སྲས་མོ་ལྷ་གཅིག་འབུམ་ལྡན་ནམ་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་དུ་གྲགས་པ་དེ་ཕྱག་རྒྱར་བཞེས། མི་རྣམས་དད་པའི་ནོར་ལ་འགོད་པའི་ཕྱིར་གནས་དེར་བྲག་ལ་སྐུ་རྗེས་བཞག ཙནྡན་གྱི་ཕྱག་འཁར་བྲག་ལ་བཙུགས་ཏེ་ལོ་འདབ་རྒྱས་པ་སོགས་རྫུ་འཕྲུལ་སྣ་ཚོགས་པའི་སྒོ་ནས་རྒྱལ་པོ་གཉིས་ཀ་ཆོས་ལ་བཀོད། ཆོས་མེད་མཐའ་འཁོབ་མོན་གྱི་ཡུལ་གྲུ་ཐམས་ཅད་ལ་རྫུ་འཕྲུལ་གྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་བཀའ་དྲིན་ཐོག་མར་མཛད།
སླར་འདི་ནས་བྱོན་ཁར་རྒྱལ་པོ་གཉིས་ཀ་ཁྲིད་དེ་ས་མཚམས་རྡོ་རིང་བཙུགས་ཏེ་མནའ་ཐོ་མཛད་པས་ས་དེར་མནའ་སྦིས་ཐང་ཞེས་གྲགས། ཕྱིས་སློབ་དཔོན་རྒྱ་གར་དུ་བྱོན་པ་ནས་རྒྱལ་པོ་གཉིས་ཀྱང་ཞི་བདེར་བྱུང་བ་དང་། ལྷག་པར་སྲས་མོ་བཀྲ་ཤིས་ཁྱེའུ་འདྲེན་མཆོག་གྲུབ་སྟེ། གནམ་ལ་བྱ་ལྟར་འཕུར་བ། ཆུ་ལ་ཉ་ལྟར་འཁྱུག་པ་སོགས་རྫུ་འཕྲུལ་གྱི་སྒོ་ནས་འགྲོ་དོན་མཛད་དེ་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་པའི་མཐར། ཕྱིས་ཡེ་ཤེས་མཚོ་རྒྱལ་དང་མཇལ་བའི་མོད་ལ་སྐུ་ལུས་མེ་ཏོག་ཏུ་གྱུར་ཏེ་མཚོ་རྒྱལ་གྱི་ནུ་མ་གཡས་སུ་ཐིམ་ཞེས་གྲགས་སོ།།


0 Comments
ཐུགས་འཆར་བཀོད་གནང་།