༄༅། །བྷཱཀརགམསྱམཱམམཱདྷྱམཀསམརྠབིཧརཏིསྨ།
༄༅། །དབུ་མའི་བསྡུས་དོན་གསལ་བྱེད་ལུང་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་ཤཱཀྱ་མུ་ན་ཡེ། རིགས་ཅན་གསུམ་གྱི་གདུལ་བྱ་མ་ལུས་པ། །ཐེག་མཆོག་དབུ་མའི་ལམ་དུ་བཀྲི་བའི་ཕྱིར། །ཆོས་ཕུང་ནམ་མཁའ་མཐས་ཀྱང་མཚོན་མིན་པར། །སྟོན་མཛད་ཤཱཀྱའི་གཙོ་ལ་ཕྱག་འཚལ་ནས། །གང་དེའི་ཟབ་དང་རྒྱ་ཆེའི་དགོངས་པའི་བཅུད། །ངེས་དོན་མཐར་ཐུག་དབུ་མ་ལུགས་གཉིས་ཀྱི། །ལམ་སྲོལ་བགྲོད་པ་གཅིག་ཏུ་བབ་པའི་ཚུལ། །ཡིད་ཆེས་ལུང་དང་རིགས་པས་གསལ་བར་བྱ། །
ཞེས་མཆོད་པར་བརྗོད་ཅིང་དམ་བཅའ་བའི་ཚིག་གིས་མཚམས་སྦྱར་ནས་འདི་འཆད་པ་ལ་དོན་གསུམ། ཀླད་དོན། གཞུང་དོན། མཇུག་དོན་ནོ། །དང་པོ་ལ་གཉིས། རྩ་བའི་མཆོད་བརྗོད་དང༌། དམ་བཅའ་བའོ། །དང་པོ་ནི།
ན་མོ་བུདྡྷ་ཡ།
ཞེས་ལེགས་སྦྱར་གྱི་སྐད་ཀྱིས་བསྡུས་ཏེ་མཆོད་པར་བརྗོད་ནས། སླར་ཡང་བོད་སྐད་ཀྱིས་མཆོད་པར་བརྗོད་པ་ནི།
གཉིས་མེད་གསུང་ལ་ཕྱག་འཚལ་ནས། །
ཞེས་པ་སྟེ། སྟོང་དང་རྟེན་འབྱུང་གཉིས་སུ་མེད་པར་གསུངས་པའི་སྟོན་པ་དེ་ལ་ཕྱག་འཚལ་བར་བསྟན་པ་སྟེ། ཀླུ་སྒྲུབ་ཞབས་ཀྱིས། གང་གི་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པ། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའི་དགོས་པ་ཡང༌། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲེལ་མེད་མིན། །སྟོན་པ་དང་ནི་བསྟན་པ་ལ། །དད་འདུན་སྐྱེ་བར་བྱ་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །
གཉིས་པ་ནི།
ཤེས་བྱའི་གནས་ལུགས་གསལ་བའི་ཕྱིར། །ཐེག་མཆོག་དབུ་མའི་ལྟ་བ་ཡི། །
རྣམ་གཞག་མདོ་ཙམ་བསྟན་པར་བྱ། །
ཞེས་པ་སྟེ། འདིར་ཤེས་བྱའི་གནས་ལུགས་གསལ་བའི་ཕྱིར་ཞེས་དགོས་པ་བརྗོད་པའི་ཚིག་སྔོན་དུ་བཏང་ནས། གང་ཞིག་བརྩམ་པར་བྱ་བའི་བསྟན་བཅོས་ཐེག་མཆོག་དབུ་མ་ཞེས་མཚན་སྨོས་ཏེ་རྣམ་པར་བཞག་པའི་སྐབས་དོན་མཐར་དབྱུང་བར་དམ་བཅའ་བ་སྟེ། བརྒྱད་སྟོང་འགྲེལ་ཆེན་ལས། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང༌། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ཆེན་འཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་གསུངས་སོ། །
གཉིས་པ་གཞུང་དོན་བཤད་པ་ལ་གསུམ། ལུས་མདོར་བསྟན་པ། ཡན་ལག་རྒྱས་པར་བཤད་པ། གདམས་པས་མཇུག་བསྡུ་བའོ། །དང་པོ་ནི།
དེ་ཡང་གཞི་ལམ་འབྲས་གསུམ་གྱི། །
ཆོས་རྣམས་དབུ་མར་བསྡུས་པར་བསྟན། །
ཞེས་པ་སྟེ། བརྗོད་བྱ་དོན་གྱི་དབུ་མའི་དབང་དུ་བྱས་ཏེ་གཞི་ལྟ་བ་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་བདེན་གཉིས་ཟུང་འཇུག་ཏུ་ཐག་ཆོད་པ་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་ལུགས་དང༌། ལམ་སྒོམ་པ་མཉམ་རྗེས་ཀྱིས་ཉམས་སུ་བླངས་ཏེ་ཚོགས་གཉིས་ཟུང་འཇུག་གིས་ཡེ་ཤེས་མཐོང་བ་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་དང༌། འབྲས་བུ་ས་ལམ་གྱིས་སྤངས་རྟོགས་རྫོགས་ཏེ་སྐུ་གཉིས་ཟུང་འཇུག་གིས་གཞན་དོན་མཛད་པ་གྲགས་བདེ་སྤྱོད་པའི་དབུ་མའི་ལུགས་གསུམ་སྟེ། དབུ་མའི་རྣམ་གཞག་འདིར་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་བསྡུས་པར་བསྟན་པས་ཆོས་གཞན་ལ་ལྟོས་མི་དགོས་ཤིང་ངེས་དོན་མཐར་ཐུག་པ་འདི་ལས་གཞན་དུ་མེད་པ་སྟེ། འཇུག་པ་ལས། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་སོ། །
གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། །གཞི་དབུ་མ་བདེན་གཉིས། ལམ་དབུ་མ་ཚོགས་གཉིས། འབྲས་བུ་དབུ་མ་སྐུ་གཉིས་ཀྱི་རྣམ་གཞག་བཤད་པའོ། །དང་པོ་ལ་གསུམ། མིང་གིས་མདོར་བསྟན་པ། དབྱེ་བས་རྒྱས་པར་བཤད་པ། སྐབས་ཀྱི་མཇུག་སྡུད་བསྟན་པའོ། །དང་པོ་ནི།
གཞི་ནི་བདེན་གཉིས་ཟུང་འཇུག་ཏུ། ། ཐག་བཅད་གཏན་ལ་འབེབས་པ་ལ། །
སྣང་སྟོང་རྟེན་འབྱུང་བདེན་གཉིས་དང༌། །གནས་སྣང་ཆོས་ཀྱི་བདེན་གཉིས་ཕྱེ། །
ཞེས་པ་སྟེ། རྗོད་བྱེད་གཞུང་དབུ་མ་ལུགས་གཉིས་ཀྱི་དབང་དུ་བྱས་ཏེ་གཞི་བདེན་གཉིས་ཟུང་འཇུག་ཏུ་ཐག་བཅད་དེ་གཏན་ལ་འབེབས་པར་བྱེད་པ་ལ། སྣང་སྟོང་རྟེན་འབྱུང་གི་བདེན་གཉིས་ལ་བརྟེན་ནས་མ་བརྟགས་སྣང་བའི་ངོ་ན་གྲགས་བདེ་སྤྱོད་པའི་དབུ་མར་ཞལ་གྱིས་བཞེས། བརྟགས་དེ་སྟོང་པའི་ངོས་ནས་བདེན་པ་གཉིས་ཆར་དུའང་ཡོད་པ་དང་མེད་པའི་ཕྱོགས་འཇིག་སྟེ། མཐར་ཐུག་ཁས་ལེན་དང་བྲལ་བའི་ལྟ་བ་གཙོ་བར་སྟོན་པ་ཟབ་མོ་ལྟ་བའི་ལུགས་དང༌། ཡང་གནས་སྣང་ཆོས་ཀྱི་བདེན་གཉིས་ལ་བརྟེན་ནས་གནས་ཚུལ་ལ་ཡོངས་སུ་གྲུབ་པ་ཐམས་ཅད་ངེས་དོན་དུ་ཞལ་གྱིས་བཞེས། སྣང་ཚུལ་ལ་སྒྲོ་བཏགས་པ་ཐམས་ཅད་དྲང་དོན་འཇོག་སྟེ། མཐར་ཐུག་རང་གནས་བདེ་བར་གཤེགས་པའི་སྙིང་པོ་གཙོ་བོར་སྟོན་པ་རྒྱ་ཆེན་སྤྱོད་པའི་ལུགས་ཏེ། ཤིང་རྟའི་སྲོལ་འབྱེད་གཉིས་ཀ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ་ལ་རྒྱལ་བའི་དགོངས་པ་འཁྲུལ་མེད་དུ་གནས་པར་ལུང་གིས་གསལ་ཏེ། ཇི་སྐད་དུ། དགེ་སློང་དཔལ་ལྡན་ཆེ་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ཞེས་དང༌། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་སོ། །
གཉིས་པ་དབྱེ་བས་རྒྱས་པར་བཤད་པ་ལ་གསུམ། སྣང་སྟོང་རྟེན་འབྱུང་གི་བདེན་གཉིས་སྤྱིར་བཤད་པ། གནས་སྣང་ཆོས་ཀྱི་བདེན་གཉིས་བྱེ་བྲག་ཏུ་བཤད་པ། ལྟ་བའི་ངོས་འཛིན་སོ་སོར་བཤད་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི།
སྣང་སྟོང་རྟེན་འབྱུང་བདེན་གཉིས་ལ། ། ངོ་བོ་ངེས་ཚིག་དབྱེ་བ་དང༌། །
མཚན་ཉིད་དགོས་པ་ཟུང་འཇུག་བཅས། ། རྣམ་པ་དྲུག་དུ་བསྡུས་ཏེ་བསྟན། །
ཅེས་པ་སྟེ། སྣང་སྟོང་རྟེན་འབྱུང་བདེན་གཉིས་ཀྱི་སྡོམ་ལ། ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། དགོས་པ། ཟུང་འཇུག་བཅས་རྣམ་པ་དྲུག་ཏུ་བསྡུས་ཏེ་བསྟན་པའོ། །
གཉིས་པ་ལ་མདོར་བསྟན་ལྟར་དྲུག་ལས། དང་པོ་ངོ་བོ་ནི།
དཔྱད་ངོར་ཡང་དག་ཡིན་མིན་གྱི། །རྙེད་ཚུལ་གཉིས་ནི་ངོ་བོ་དང༌། །
ཞེས་པ་སྟེ། གང་རྣལ་འབྱོར་པ་དང་འཇིག་རྟེན་པའི་རིགས་པས་དཔྱད་ངོར་གནས་ཚུལ་ཡང་དག་ཡིན་པ་དང་མ་ཡིན་པའི་ཡུལ་གྱི་རྙེད་ཚུལ་གཉིས་ཡུལ་ཅན་གྱི་བློ་བཟང་ངན་གཉིས་ཀྱི་ངོར་ཤར་བ་ནི་བདེན་པ་གཉིས་ཀྱི་ངོ་བོ་སྟེ། འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡི། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་སོ། དེ་ཡང་ཡུལ་ཅན་གྱི་བློ་བཟང་ངན་གཉིས་ཀྱི་བདེན་རྫུན་ལ་ལྟོས་ཏེ་བདེན་པ་གཉིས་སུ་འཇོག་པ་སྟེ། དེ་ཉིད་ལས། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པར་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །འོ་ན་བདེན་རྫུན་གྱི་ཁྱད་པར་ཇི་ལྟར་བྱུང་ཞེ་ན། མིག་རབ་རིབ་ཅན་གྱིས་ཡུལ་སྐྲ་ཤད་ལ་སོགས་པ་མེད་པ་ཉིད་ལ་རབ་རིབ་ཀྱི་རྐྱེན་ལས་སྐྲ་ཤད་ལ་སོགས་པ་ཡོད་པ་ཉིད་དུ་མཐོང་བ་དང༌། དེ་བཞིན་དུ་བྱིས་པ་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པ་དག་གིས་དངོས་པོའི་རྣམ་པར་རང་བཞིན་མེད་པ་ལ་རང་བཞིན་དང་བཅས་པ་ཉིད་དུ་ཞེན་པ་དང༌། མིག་སྐྱོན་མེད་པ་དག་གིས་སྐྲ་ཤད་ལ་སོགས་པ་མི་སྣང་བ་ལྟར། མ་རིག་པའི་རབ་རིབ་དང་བྲལ་བ་དྲི་མ་མེད་པའི་ཤེས་རབ་ཀྱི་སྤྱན་མངའ་བ་རྣམས་ཀྱིས་དངོས་པོའི་རྣམ་པ་རང་བཞིན་མེད་པ་ལ་མེད་པ་ཉིད་དུ་ཡང་དག་པར་གཟིགས་པའི་ཕྱིར་རྫུན་པས་བདེན་པར་བསྙོན་དུ་མེད་པ་སྟེ། སྔ་མ་ལས། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་སོ། །
གཉིས་པ་ངེས་ཚིག་ནི།
སྐྱེ་འཕགས་སོ་སོའི་རང་ངོ་ན། །བདེན་པ་དེ་ནི་ངེས་ཚིག་དང༌། །
ཞེས་པ་སྟེ། དེ་ཡང་སོ་སོའི་སྐྱེ་བོ་དང་འཕགས་པ་གཉིས་སོ་སོའི་རང་ངོ་ན་མི་བསླུ་བར་བདེན་པས་ན་བདེན་པ་ཞེས་ངེས་ཚིག་གཉིས་སུ་འཇོག་པ་ལས། །དང་པོ་འཕགས་པའི་ངོ་ན་བདེན་པ་ན་སོ་སོར་རང་རིག་པའི་ཡེ་ཤེས་རྣལ་འབྱོར་མངོན་སུམ་གྱི་ངོ་ན་བདེན་པ་སྟེ། རྩ་ཤེར་ལས། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་བདེན་པར་གསུངས། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་འདོད་མི་བྱེད། །ཅེས་སོ། །གཉིས་པ་སོ་སྐྱེའི་ངོ་ན་བདེན་པ་ནི་འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་ཙམ་དུ་དབང་པོའི་མངོན་སུམ་གྱི་ངོ་ན་བདེན་པ་སྟེ། འཇུག་པ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལ་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པ་རྣམ་པར་བཞག །ཅེས་སོ། །འོ་ན་བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་བདེན་པ་མེད་པར་གསུངས་ན་འདིར་བདེན་པ་ནི་གང་ལ་བཟུང་ཞེ་ན། བདེན་པ་ཞེས་བྱ་བ་ནི་གང་མི་བསླུ་བ་སྟེ། རྫུན་པ་མ་ཡིན་པར་ཡང་དག་པར་ཞེས་བྱ་བའི་དོན་ཏེ། མདོ་ལས། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། །མི་བསླུ་བའི་ཆོས་ཅན་མྱ་ངན་ལ་འདས་པའོ། །ཞེས་སོ། །
གང་བསླུ་བའི་དོན་ནི་རྫུན་པའམ་ཀུན་རྫོབ་པ་ལ་བྱ་སྟེ། མདོ་ལས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་རྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་སོ། །འོ་ན་གཉིས་ཀ་བདེན་པར་འཇོག་པ་ཅི་ཞེ་ན། གནས་ཚུལ་ལ་མི་བསླུ་བའི་ཆ་ནས་དོན་དམ་པའི་བདེན་པ་དང༌། སྣང་ཚུལ་མི་བསླུ་བའི་ཆ་ནས་ཀུན་རྫོབ་པའི་བདེན་པ་ཞེས་མིང་དང་ཚིག་གིས་བཏགས་པ་ཙམ་མ་གཏོགས་མཐར་ཐུག་བདེན་དང་རྫུན་པའི་རྣམ་གཞག་མེད་པས་བདེན་པ་གཅིག་པུ་དེ་ཡང་མ་གྲུབ་སྟེ། མདོ་ལས། བྱང་ཆུབ་སྙིང་པོར་གཞོལ་ན་བདེན་གཅིག་ཀྱང༌། །གྲུབ་པ་མེད་ན་གཞན་ལྟ་ག་ལ་ཡོད། །ཅེས་སོ། །
གསུམ་པ་དབྱེ་བ་ལ་གཉིས། དངོས་དང༌། ཡང་ལོག་གི་ཁྱད་པར་རོ། །དང་པོ་ནི།
སྣང་བའི་ཆ་དང་སྟོང་ཆ་ལས། །ཀུན་རྫོབ་དོན་དམ་གཉིས་སུ་དབྱེ། །
ཞེས་པ་སྟེ། སྟོང་གཞི་དང་སྟོང་པ་གཉིས་སུ་མེད་པའི་ཕྱིར་སྣང་སྟོང་རང་གི་ངོ་བོ་ལ་དབྱེ་བ་མེད་ཀྱང་བྱེད་ལས་ཀྱི་རྣམ་པ་ཅི་ཡང་འཆར་དུ་རུང་བའི་དབང་གིས་གང་ལ་སྟོང་ཉིད་རུང་བ་ལ་དངོས་པོ་རུང་བའི་ཕྱིར་ལྡོག་པའི་ཆ་ལས་སྣང་ཆ་ཀུན་རྫོབ་དང་སྟོང་ཆ་དོན་དམ་པའི་བདེན་པ་གཉིས་སུ་དབྱེ་བ་སྟེ། རྩ་ཤེར་ལས། རྒྱལ་བ་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་སོ། །དེ་ཡང་གནས་སྣང་གཉིས་སུ་ངེས་པའི་ཆ་ལས་དབྱེ་བ་གཉིས་སུ་ངེས་པར་ཡང་ཡིན་ཏེ། མདོ་ལས། འཇིག་རྟེན་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་སོ། །
འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ནི་གང་ཞེ་ན། ཀུན་རྫོབ་འཇིག་རྟེན་པའི་རྗེས་སུ་འབྲངས་ནས་མ་བརྟགས་མ་དཔྱད་པར་འཇིག་རྟེན་པའི་ཐ་སྙད་དང་གྲགས་པ་ཙམ་དུ་བདེན་པ་སྟེ། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། །ང་ནི་འཇིག་རྟེན་དང་མི་རྩོད་དོ། །གང་འཇིག་རྟེན་ན་ཡོད་པ་དང་མེད་པར་འདོད་པ་དེ་ནི་ང་ཡང་ཡོད་པ་དང་མེད་པར་བཞེད་དོ། །ཞེས་སོ། །
དམ་པའི་དོན་གྱི་བདེན་པ་ནི་གང་ལགས་ཞེ་ན། དོན་དམ་འཕགས་པའི་རྗེས་སུ་འབྲངས་ནས་མྱང་འདས་བདེན་གཅིག་རྟོགས་པའི་ངོ་ན་མི་མཐུན་པ་མེད་ཀྱང༌། གནས་སྐབས་བློ་གནས་ལུགས་དང་མཐུན་མི་མཐུན་གྱི་དབང་ལས་དོན་དམ་འདོད་ཚུལ་མི་འདྲ་སྟེ། ཉན་ཐོས་པས་གཟུང་བ་རྡུལ་ཕྲན་ཆ་མེད་དང་འཛིན་པ་སྐད་ཅིག་ཆ་མེད་དོན་དམ་དུ་འདོད་པ་དང༌། སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་པ་དང༌། དབུ་མ་པས་དོན་དམ་དེ་བཞིན་ཉིད་ལ་བཞེད་པའི་ཁྱད་པར་གྱིས་འོག་མའི་འཛིན་སྟངས་ཐམས་ཅད་གོང་མའི་དགག་བྱར་སོང་བ་སྟེ། དཔེར་ན་ཉན་ཐོས་ཀྱི་དོན་དམ་ལ་སེམས་ཙམ་པའི་རིགས་པ་དྲུག་གིས་ཅིག་ཅར་སྦྱར་བ་སོགས་ཀྱིས་གནོད་པ་དང༌། སེམས་ཙམ་པའི་དོན་དམ་ལ་དབུ་མ་པས་རང་རིག་འགོག་པའི་རིགས་པ་ཇི་སྙེད་པས་གནོད་པ་སྟེ། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་སོ། །
འོ་ན་ཐམས་ཅད་ལ་སངས་རྒྱས་ཀྱིས་བློའི་རྗེས་སུ་བསྟན་པ་མ་ཡིན་ནམ་ཞེ་ན། སངས་རྒྱས་ཀྱིས་བསྟན་པ་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་སུ་མ་གྱུར་པ་གང་ཡང་མེད་དེ། དཔེར་ན་ནད་དང་རྗེས་སུ་མཐུན་པའི་སྨན་ཉེ་བར་བསགས་པ་ལྟ་བུ་སྟེ། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་དང༌། །གཉིས་ཀ་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ཀྱང༌། །སྨན་དུ་འགྱུར་བ་མ་ཡིན་ནམ། །ཞེས་སོ། །
འོ་ན་རྟོགས་རིགས་མི་མཉམ་པ་ཅི་ཞེ་ན། དེ་ནི་གདུལ་བྱའི་བློ་དང་བསམ་པའི་ཁྱད་པར་མ་གཏོགས་སངས་རྒྱས་ཀྱི་སྐྱོན་མ་ཡིན་ཏེ། དེ་ཉིད་ལས། ཉི་མ་ས་སྟེང་མིག་ལྡན་པ། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ནམ། །ཞེས་དང༌། འདྲེན་པའི་སླད་བཞིན་དམ་པ་ནི། །མ་ཡིན་ཡིད་འགྲོ་སྤྲོ་མ་ཡིན། །ཞེས་སོ། །
གཉིས་པ་ནི།
ཀུན་རྫོབ་ཡང་ལོག་གཉིས་ཕྱེ་ཡང༌། །ལོག་ཤེས་ཐ་སྙད་བདེན་པ་མིན། །
ཅེས་པ་སྟེ། ཀུན་རྫོབ་ལ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བ་ཡང༌། འཇུག་པ་ལས། མཐོང་བ་རྫུན་པ་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་སོ། །
དེས་ན་ཀུན་རྫོབ་ཡིན་ཚད་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ཏེ། དབང་པོ་ཉམས་པས་མཐོང་བ་དང་གྲུབ་མཐའ་ངན་པས་གདགས་པ་སོགས་ལོག་པའི་ཀུན་རྫོབ་ཐམས་ཅད་དོན་བྱེད་མི་ནུས་པའི་ཕྱིར་འཇིག་རྟེན་དུ་ཡང་དག་མིན་པར་འཇོག་པ་དང༌། ཤེས་པ་དང་ཤེས་བྱ་ལ་སོགས་པའི་ཐ་སྙད་ཀྱི་བདེན་པ་ཐམས་ཅད་ནི་ཤེས་བརྗོད་འཇུག་པའི་དོན་བྱེད་ནུས་པའི་ཕྱིར་འཇིག་རྟེན་ན་ཡང་དག་ཏུ་འཇོག་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཞེས་གང་ལས་ཁྱད་པར་དུ་བྱས་པ་སྟེ། བདེན་གཉིས་ལས། །སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །
བཞི་པ་མཚན་ཉིད་ནི།
འཁྲུལ་པར་ཟད་དང་མ་ཟད་པའི། །བློ་ལ་བདེན་གཉིས་མཚན་ཉིད་འཇོག །
ཅེས་པ་སྟེ། གནས་ཚུལ་ལ་འཁྲུལ་དང་མ་འཁྲུལ་བའི་རྣམ་གཞག་མེད་ཀྱང་སྣང་ཚུལ་ལ་གདགས་གཞི་འཁྲུལ་པ་ཟད་པའི་འཕགས་པ་དང་མ་ཟད་པའི་སོ་སྐྱེའི་བློ་ལ་བདེན་པ་གཉིས་ཀྱི་མཚན་ཉིད་སོ་སོར་འཇོག་པ་ལས། །འཁྲུལ་ཟད་བློ་འདས་ཆེན་པོ་དོན་དམ་བདེན་པའི་མཚན་ཉིད་ཡིན་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་སོ། །
ཅི་ཕྱིར་ཞེ་ན། ཡུལ་གྱི་སྤྲོས་པ་མ་བཅད་པར་བློའི་འཇུག་པ་མི་ཞི་བས། བློ་ནི་གཉིས་སུ་སྣང་བ་དང་བཅས་པའི་དོན་ཅན་གྱིས་ཀུན་རྫོབ་ཡིན་པ་སྟེ། མདོ་ལས། དོན་དམ་པ་ནི་ལུས་དང་ངག་དང་སེམས་ཀྱི་སྤྱོད་ཡུལ་དུ་གྱུར་ན་དེ་ཀུན་རྫོབ་ཏུ་འགྱུར་གི་དོན་དམ་པར་མི་འགྱུར་རོ། །ཞེས་སོ། །
དོན་དམ་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པ་སྟེ། མདོ་ལས། འོད་སྲུང་དོན་དམ་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཅི་ཕྱིར་ཞེ་ན། འཕགས་པའི་ཡེ་ཤེས་ཀྱི་མདུན་ན་ཤེས་པར་བྱ་བའི་ཆོས་གང་ཡང་མི་འདུག་གོ །ཞེས་སོ། །
འོ་ན་ཐབས་གང་གིས་རྟོགས་པར་འགྱུར་ཞེ་ན། ལྟ་བ་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་བསྒོམས་པའི་ངེས་ཤེས་ཀྱིས་ཡུལ་སྐྱེ་མེད་དུ་ཐག་ཆོད་ན། ཡུལ་ཅན་གྱི་བློ་ཡང་ཡུལ་དང་བྲལ་བའི་སྟོབས་ཀྱིས་དེའི་རྣམ་པར་སྐྱེ་མེད་དུ་སོང་ནས་ཤེས་པ་དང་ཤེས་བྱ་སོགས་གཟུང་འཛིན་གྱི་སྣང་བ་ཅི་ཡང་མེད་པ་ལ་དོན་དམ་རྟོགས་པའི་ཐ་སྙད་འཇོག་པ་སྟེ། འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཞེས་སོ། །
བློ་འཁྲུལ་པ་ཡུལ་དང་བཅས་པ་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་འཇོག་པ་སྟེ། དེ་ཡང་སྤྱོད་འཇུག་ལས། བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །འདིས་ཡང་དག་པའི་དོན་ལ་སྒྲིབ་པའི་ཕྱིར་ན་ཀུན་རྫོབ་སྟེ། བདེན་གཉིས་ལས། གང་ཞིག་གང་གིས་གང་ཞིག་ལ། །ཡང་དག་སྒྲིབ་ཕྱིར་ཀུན་རྫོབ་འདོད། །ཅེས་སོ། །ཕན་ཚུན་བརྟེན་པའི་དོན་གྱིས་ན་ཀུན་རྫོབ་སྟེ། མདོ་ལས། དགེ་སློང་དག་འདི་ཡོད་པས་འདི་འབྱུང༌། །འདི་སྐྱེས་པས་འདི་སྐྱེ། །ཞེས་སོ། །མིང་དང་ཚིག་གིས་བརྡར་བཏགས་པས་ན་ཀུན་རྫོབ་སྟེ། ལང་གཤེགས་ལས། མིང་དུ་བཏགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །ཞེས་སོ། །རྫུན་པ་བསླུ་བའི་ཆོས་ཅན་ཡིན་པས་ན་ཀུན་རྫོབ་སྟེ། རྩ་ཤེར་ལས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཉིད། །ཅེས་སོ། །
ལྔ་པ་དགོས་པ་ནི།
ཉམས་ལེན་ཐབས་དང་ཐབས་བྱུང་གི །ཚུལ་དུ་ཤེས་པ་དགོས་པ་ཡིན། །
ཞེས་པ་སྟེ། དེ་ཡང་མཐར་ཐུག་བདེན་པ་གཅིག་ལས་མེད་ཀྱང་ཐབས་ལ་མཁས་པའི་དབང་གིས་གཉིས་སུ་ཕྱེ་བར་མཛད་པ་སྟེ། ཕྱེ་བའི་དགོས་པ་གང་ཞེ་ན། གང་ཞིག་འཇིག་རྟེན་པས་ཁས་མ་བླངས་པར་དོན་གང་ཡང་སྟོན་པར་མི་ནུས་ཤིང༌། མ་བསྟན་ན་ནི་རྟོགས་པར་མི་འགྱུར་བས་འཇིག་རྟེན་པའི་ཐ་སྙད་ལ་བརྟེན་ནས་དོན་དམ་རྟོགས་དགོས་པ་སྟེ། བཞི་བརྒྱ་པ་ལས། འཇིག་རྟེན་པ་ཡིས་མ་གཏོགས་པ། །འཇིག་རྟེན་བཟུང་བར་ནུས་མ་ཡིན། །ཞེས་སོ། །
དེས་ན་ཤེས་ལྡན་ཐར་པ་འདོད་པ་དག་གིས་ཉམས་སུ་བླང་བྱའི་ཉམས་ལེན་གྱི་གཙོ་བོ་དོན་དམ་པའི་བདེན་པ་གཅིག་པུ་ཡིན་ལ། དེ་ཐབས་དང་ཐབས་བྱུང་གི་ཚུལ་དུ་རྟོགས་པར་ཤེས་པ་ནི་དགོས་པ་སྟེ། སློབ་དཔོན་གྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་སོ། །
དེ་ལྟར་ཐ་སྙད་ཀྱི་ཐབས་ལ་བརྟེན་ནས་དོན་དམ་པའི་བདེན་པ་བསྟན་པ་དང༌། དོན་དམ་པའི་ཚུལ་ཁོང་དུ་ཆུད་པ་ལས་ནི་ཀུན་རྫོབ་ཉིད་འཁོར་བ་ལྟར་སྣང་ཡང་དེའི་རང་བཞིན་དེ་ལྟར་མ་གྲུབ་པར་གདོད་ནས་དག་པའི་དོན་དམ་མྱང་འདས་ཆེན་པོར་གནས་པར་རྟོགས་པ་ནི་དགོས་པའི་དགོས་པ་སྟེ། སློབ་དཔོན་གྱིས། སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བྱ་བ་བརྗོད། །ཅེས་དང༌། འཁོར་བ་མྱ་ངན་འདས་པར་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པའང་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཅེས་སོ། །
འོ་ན་དེ་ལྟ་བུ་ཤེས་པ་ལ་ཡོན་ཏན་དང་མི་ཤེས་པ་ལ་སྐྱོན་ཅི་འབྱུང་ཞེ་ན། དེ་ལྟར་ཤེས་པས་གནས་སྐབས་དང་མཐར་ཐུག་གཉིས་ཀར་ཕན་པའི་ཡོན་ཏན་ནི། བདེན་གཉིས་ལས། བདེན་པའི་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ཏེ། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་དང༌། བཤེས་སྤྲིང་ལས། གང་གིས་འདི་གཉིས་ཡང་དག་མཐོང་བ་ནི། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང༌། །ཞེས་སོ། །
བདེན་གཉིས་མ་ཤེས་པའི་ཉེས་དམིགས་ཀྱི་དབང་དུ་བྱས་ཏེ། རྩ་ཤེར་ལས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་པར་དབྱེ་བ་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་མི་ཤེས་སོ། །ཞེས་དང༌། འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང༌། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་སོ། །
དྲུག་པ་ཟུང་འཇུག་ནི།
སྟོང་དང་རྟེན་འབྱུང་དབྱེར་མེད་དུ། །རྟོགས་པ་དེ་ལ་ཟུང་འཇུག་འདོད། །
ཅེས་པ་སྟེ། དེ་ལ་བདེན་གཉིས་ཟུང་འཇུག་ཏུ་ངེས་པར་རྙེད་པ་ལ་དང་པོ་གྲུབ་མཐའ་སོ་སོའི་འཇོག་ཚུལ་ཤེས་དགོས་ཏེ། དེ་ཡང་བྱེ་སྨྲས། བཅོམ་དང་གཞན་བསལ་ནུས་པའི་དངོས་པོ་ཆ་བཅས་ཐམས་ཅད་ཀུན་རྫོབ་དང༌། བཅོམ་དང་གཞན་བསལ་མི་ནུས་པའི་ཆ་མེད་དོན་དམ་དུ་འདོད་པ་སྟེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །
མདོ་སྡེ་པས། དོན་བྱེད་ནུས་པའི་དངོས་པོ་རང་མཚན་པ་དོན་དམ་དང༌། གཞན་དོན་བྱེད་མི་ནུས་པའི་དངོས་མེད་སྤྱི་མཚན་ཐམས་ཅད་ཀུན་རྫོབ་ཏུ་འདོད་པ་སྟེ། རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་ནི་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་སོ། །
སེམས་ཙམ་པས། ཀུན་བཏགས་གཞན་དབང་གཉིས་སྣང་ཚུལ་ཡིན་པས་ཀུན་རྫོབ་དང༌། ཡོངས་གྲུབ་གཅིག་པུ་གནས་ཚུལ་ཡིན་པས་དོན་དམ་དུ་འདོད་པ་སྟེ། དབུས་མཐའ་ལས། བརྟགས་དང་ཤེས་པ་ཀུན་རྫོབ་དང༌། །དམ་པའི་དོན་ནི་གཅིག་པུའོ། །ཞེས་སོ། །
དབུ་མ་རང་རྒྱུད་པས། ཆོས་ཅན་དོན་བྱེད་ནུས་པ་ཀུན་རྫོབ་དང༌། ཆོས་ཉིད་སྟོང་པ་འབའ་ཞིག་དོན་དམ་དུ་འདོད་པ་སྟེ། དབུ་མ་རྒྱན་ལས། བདག་ནི་སྣང་བའི་ངང་ཅན་གྱི། །ཀུན་རྫོབ་འགོག་པར་མི་བྱེད་དོ། །ཞེས་སོ། །
ཐལ་འགྱུར་བས། སྣང་བའི་ངོ་བོ་སྟོང་པ་དང་སྟོང་པའི་རང་བཞིན་རྟེན་འབྱུང་སྟེ། སྣང་བཞིན་དུ་སྟོང་པ་དང་སྟོང་བཞིན་དུ་སྣང་བའི་ཕྱིར། སྣང་སྟོང་གཉིས་སུ་མི་འཛིན་པར་བདེན་མེད་རྫུན་མེད་ཆུ་ཟླའི་དཔེས་མཚོན་ཏེ་སྣང་སྟོང་དབྱེར་མེད་དུ་རྟོགས་པ་དེ་ལ་སྟོང་རྟེན་འགལ་མེད་ཟུང་འཇུག་ཅེས་བཞེད་པ་སྟེ། རྩ་ཤེར་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བཏགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་དང༌། སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་དང་མི་རྟག་པ་བཞིན་དུ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་སོ། །
འོ་ན་སྟོང་དང་རྟེན་འབྱུང་གཉིས་སུ་མེད་ན་ཀུན་རྫོབ་མི་རྟག་པ་ལྟར་དོན་དམ་ཡང་མི་རྟག་པར་ཐལ་བ་དང༌། དོན་དམ་སྐྱེ་འགག་མེད་པ་ལྟར་ཀུན་རྫོབ་ཀྱང་སྐྱེ་འགག་མེད་པར་ཐལ་བའི་ཕྱིར་ཞེ་ན། ཁོ་བོས་གཅིག་དང་ཐ་དད་གང་དུའང་ཁས་མ་བླངས་པའི་ཕྱིར་ཁྱོད་ཀྱི་ཐལ་བ་འདི་ལྟར་སྣང་ཙམ་སྟེ། ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་པར་རྟེན་འབྱུང་ཡིན་པའི་གནད་ཀྱི་གཅིག་དང་ཐ་དད་གང་དུའང་འཇོག་ཏུ་མེད་པ་ཡིན་ལ། རང་གིས་ངོ་བོས་གྲུབ་ན་གང་ལའང་ལྟོས་པ་མེད་པར་གཅིག་དང་ཐ་དད་གང་རུང་དུ་ཚུགས་ཐུབ་པར་འགྱུར་དགོས་པས་དེ་འདྲ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་གཅིག་དང་ཐ་དད་ལས་འདས་པ་སྟེ། མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཡིན། །གཅིག་དང་ཐ་དད་དུ་ཡང་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ལྟ་ལ་ཞུགས། །ཞེས་སོ། །
དེར་མ་ཟད་སྟོང་དང་རྟེན་འབྱུང་དབྱེ་བསལ་མེད་པའི་དོན་གྱིས་རྟག་ཆད་ལས་འདས་པ་ཡང་ཡིན་ཏེ། སྟོང་ཉིད་མ་ཡིན་པའི་ཆོས་ནི་འགའ་ཡང་མེད་པའི་ཕྱིར་དངོས་པོ་རྟག་པ་མི་སྲིད་པ་དང༌། རྟེན་འབྱུང་མ་ཡིན་པའི་ཆོས་ཀྱང་འགའ་ཡང་མེད་པའི་ཕྱིར་དངོས་པོ་ཆད་པའང་མི་སྲིད་པ་སྟེ། རྩ་ཤེར་ལས། དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །
དེས་ན་སྟོང་པ་ཉིད་ཀྱི་ཕྱོགས་ལ་བདེན་པ་གཉིས་ཀྱི་རྣམ་གཞག་ཐམས་ཅད་རུང་བ་སྟེ། དེ་ཉིད་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་སོ། །དངོས་པོ་སྨྲ་བའི་ཕྱོགས་ལ་ནི་རྟག་ཆད་ལས་འདའ་བ་ཡང་མི་སྲིད་དེ། ཡང་དེ་ཉིད་ལས། གང་དག་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་སོ། །དེས་ན་བདེན་པ་གཉིས་ཀྱི་རྣམ་གཞག་ཐམས་ཅད་ཁྱོད་ལ་མི་རུང་སྟེ། སྔ་མའི་འཕྲོར། གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་སོ། །
གཉིས་པ་གནས་སྣང་ཆོས་ཀྱི་བདེན་གཉིས་བྱེ་བྲག་ཏུ་བཤད་པ་ལ་གསུམ། འཇལ་བྱེད་མདོར་བསྟན་པ། གཞལ་བྱ་རྒྱས་པར་བཤད་པ། གནད་ཀྱིས་མཇུག་བསྡུ་བའོ། །དང་པོ་ནི།
གནས་སྣང་ཆོས་ཀྱི་བདེན་གཉིས་ལས། །འཇལ་བྱེད་དོན་དཔྱོད་ཚད་མ་དང༌། །
རྣམ་དག་ཚད་མ་རྣམ་པ་གཉིས། །
ཞེས་པ་སྟེ། འདིར་བདེན་པ་གཉིས་ཀྱི་རང་བཞིན་ལ་མ་ནོར་ངེས་པའི་བློ་འཇུག་དགོས་པའི་ཕྱིར་གཞལ་བྱ་གནས་སྣང་ཆོས་ཀྱི་བདེན་གཉིས་ལ་གནས་ཚུལ་དང༌། སྣང་ཚུལ་གཉིས་སུ་ཡོད་པ་ལས། གནས་སྣང་མཐུན་པ་ལ་དོན་དམ་དང༌། གནས་སྣང་མི་མཐུན་པ་ལ་ཀུན་རྫོབ་ཅེས་འཇོག་པ་དང༌། མཐར་ཐུག་ཀུན་རྫོབ་འཁྲུལ་པའི་རྫུན་ཕུག་ཞིག་པའི་ཚེ་གནས་སྣང་མཐུན་པར་མཐོང་བ་སྟེ། རྗེ་མི་ལས། སེམས་ཅན་མི་མཐོང་སངས་རྒྱས་མཐོང༌། །རྣམ་ཤེས་མི་མཐོང་ཡེ་ཤེས་མཐོང༌། །ཞེས་སོ། །
འདིར་གནས་སྣང་མི་མཐུན་པ་མཐུན་པར་སྒྲུབ་པའི་དབང་དུ་བྱས་ཏེ། གནས་ཚུལ་ལ་འཇལ་བྱེད་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཚད་མ་ནི། ཚུར་མཐོང་གི་དབང་པོའི་མངོན་སུམ་ཙམ་མ་ཡིན་པར་ཕལ་པའི་ཡུལ་ལས་འདས་པ་འཕགས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་མངོན་སུམ་ལ་འདོད་པ་སྟེ། འཇུག་པ་ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་སོ། །
ཡང་སྣང་ཚུལ་ལ་འཇལ་བྱེད་ཐ་སྙད་དཔྱོད་ཀྱིས་རིགས་པ་ཚད་མ་དེ་ཡང༌། མ་དག་ཚུར་མཐོང་གི་སྣང་བ་ཙམ་མ་ཡིན་པར་འཕགས་པའི་གཟིགས་པ་དྲི་མ་མེད་པ་རྟོག་བཏགས་འཁྲུལ་པའི་ཡུལ་ལས་འདས་པའི་རྣམ་དག་ཚད་མ་ལ་འདོད་པ་སྟེ། རིགས་པ་དྲུག་ཅུ་པ་ལས། ཚངས་སོགས་འཇིག་རྟེན་འདི་ལ་ནི། །བདེན་པར་རབ་ཏུ་གང་སྣང་བ། །དེ་ནི་འཕགས་ལ་རྫུན་ཞེས་གསུངས། །འདི་ལས་གཞན་ལྟ་ཅི་ཞིག་ཡོད། །ཅེས་དང༌། མདོ་ལས། བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་སོ། །
འོ་ན་སྣང་བ་འདི་འཕགས་པ་དང་འཇིག་རྟེན་པ་གཉིས་ཀ་ལ་སྣང་ན་འཇིག་རྟེན་པའི་མཐོང་བ་ཚད་མ་མིན་པ་ཅི་ཞེ་ན། སྣང་བ་ཙམ་དུ་འདྲ་ཡང་མཐོང་ཚུལ་ལ་མི་འདྲ་སྟེ། སྤྱོད་འཇུག་ལས། སྒྱུར་མ་ལྟ་བུར་མིན་པས་འདིར། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་སོ། །
གལ་ཏེ་འཇིག་རྟེན་པའི་མཐོང་བ་ཡང་དག་མིན་ན་དབང་པོའི་མངོན་སུམ་གྱིས་ཚད་མར་གྲུབ་པ་འདི་དག་ལ་ཅོ་འདྲི་བར་འགྱུར་རོ་ཞེ་ན། ཕྱི་རོལ་ཡུལ་གྱི་སྣང་བ་དེ་ཙམ་ནི་རེ་ཞིག་དབུ་མ་པས་དགག་པར་བྱ་བ་ཡང་མིན་ཏེ། འོ་ན་ཅི་འགོག་ཅེ་ན། འདིར་འཁོར་བའི་སྡུག་བསྔལ་ཀུན་གྱི་རྩ་བ་ནང་གི་བདག་ཏུ་འཛིན་པའི་བདེན་ཞེན་མ་རིག་པ་དེ་ཉིད་བཟློག་པར་བྱ་བ་སྟེ། ཡང་དེ་ཉིད་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག །རེ་ཞིག་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་སོ། །
གཉིས་པ་གཞལ་བྱ་རྒྱས་པར་བཤད་པ་ལ་གསུམ། གནས་ཚུལ་སྒྲུབ་པའི་ཚུལ། སྣང་ཚུལ་དགག་པའི་ཚུལ། །གནས་སྣང་མཐུན་པའི་ཚུལ་བཤད་པའོ། །དང་པོ་ལ་གཉིས། མིང་གིས་མདོར་བསྟན་པ། དབྱེ་བས་རྒྱས་པར་བཤད་པའོ། །དང་པོ་ནི།
དོན་དཔྱོད་ཚད་མས་གཞལ་བྱའི་དོན། །གནས་ཚུལ་སྒྲུབ་པའི་ཚུལ་གཉིས་ལས། །
རྣམ་གྲངས་པ་ཡི་དོན་དམ་དང༌། །རྣམ་གྲངས་མིན་པ་གཉིས་སུ་བྱུང༌། །
ཞེས་པ་སྟེ། འཇལ་བྱེད་དོན་དམ་དཔྱོད་བྱེད་འཐད་སྒྲུབ་ཀྱི་རིགས་པ་ཚད་མས་གང་ལ་གཞལ་བར་བྱ་བའི་དོན་གནས་ཚུལ་དོན་དམ་པའི་བདེན་པ་གཅིག་པུ་ཡོངས་གཅོད་དུ་སྒྲུབ་པ་ལ། དབུ་མ་པས། མ་སྐྱེས་པ་དང་མ་འགག་པའི། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་རྣམ་གྲངས་མ་ཡིན་པའི་དོན་དམ་གཅིག་པུ་སྒྲུབ་པར་བཞེད་ཀྱང༌། གཞན་གྱིས་ཤེས་པར་མི་ནུས་པས་ཉན་པ་པོ་རྣམས་སྐྲག་པར་སྤང་བའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། དེའི་བློ་ངོར་ཁས་ལེན་ཡོད་པ་ལྟར་བདེན་གཉིས་སོ་སོར་ཕྱེ་ནས་ཆོས་ཉིད་དོན་དམ་པའི་བདེན་པ་ནི་བློ་མ་འཁྲུལ་བའི་ཡུལ་ཡིན་པས་ཡོད་དོ་ཞེས་ཐ་སྙད་གདགས་པ་དང༌། ཆོས་ཅན་ཀུན་རྫོབ་པའི་བདེན་པ་ནི་རྫུན་པའི་དོན་ཅན་གྱིས་སྐྲ་ཤད་དང་འདྲ་བར་བློ་འཁྲུལ་པའི་ཡུལ་ཡིན་པས་དོན་དུ་མེད་དོ་ཞེས་ཐ་སྙད་གདགས་པའི་སྒོ་ནས་དོན་དམ་རྣམ་གྲངས་མིན་པ་རྟོགས་པའི་ཐབས་སུ་རྣམ་གྲངས་པའི་དོན་དམ་བསྟན་པ་སྟེ། རང་རྒྱུད་པའི་གཞུང་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བའི་བྱ་བ་ནི། །མཁས་ལ་རུང་བར་མ་ཡིན་ནོ། །ཞེས་སོ། །
དེས་ན་གདུལ་བྱའི་བློ་རིམ་ལ་ལྟོས་ཏེ་སྒྲུབ་ཚུལ་གཉིས་སུ་བྱུང་བ་ལས། དོན་དམ་དེ་ཡང་རེ་ཞིག་མེད་དོ་ཞེས་ཐ་སྙད་གདགས་པའི་སྒོ་ནས་གནས་སྐབས་རྣམ་གྲངས་པའི་དོན་དམ་དང༌། མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་གཉིས་སུ་བསྟན་དགོས་བྱུང་བ་མ་གཏོགས་དོན་དུ་ཡོད་པ་དང་མེད་པ་གང་ཡང་ཞལ་གྱིས་མི་བཞེས་ཏེ། སློབ་དཔོན་གྱིས། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་སོ། །
གཉིས་པ་དབྱེ་བས་རྒྱས་པར་བཤད་པ་ལ་གཉིས། རྣམ་གྲངས་པ་དང༌། རྣམ་གྲངས་མིན་པ་བཤད་པའོ། །དང་པོ་ནི།
དེ་ཡང་ངེས་དོན་མདོ་སྡེ་ལས། །སེམས་ལ་སེམས་ནི་མ་མཆིས་ཞེས། །
དངོས་འཛིན་ཕྱོགས་རེ་བཀག་པ་འདི། །རྣམ་གྲངས་པ་ཡི་དོན་དམ་དང༌། །
ཞེས་པ་སྟེ། དེ་ཡང་ངེས་དོན་གྱི་མདོ་སྡེ་རྣམས་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལས་བརྩམས་ཏེ། སེམས་ཅན་མ་མཆིས། སྲོག་མ་མཆིས། གང་ཟག་མ་མཆིས། སེམས་མ་མཆིས་ཞེས་ཡོད་པའི་ལྡོག་ཕྱོགས་མེད་པར་བསྟན་ནས་ཡོད་པར་ལྟ་བའི་དངོས་འཛིན་ཕྱོགས་རེ་བཀག་པ་འདི་ཉིད། མཐའ་བཞི་བཀག་པའི་མེད་དགག་ལ་ལྟོས་ནས་རྣམ་གྲངས་པར་འཇོག་པའི་དགོས་པ་ཡང༌། འདི་ལ་བརྟེན་ནས་དོན་དམ་མཚན་ཉིད་པ་རྟོགས་པའི་ཕྱིར་མཐུན་པའི་དོན་དམ་དུ་བཞེད་པ་སྟེ། དབུ་མ་རྒྱན་ལས། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པར་དང་མཐུན་པར་བཞེད། །ཅེས་དང༌། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་ཉམས་ཆུང་ཞིང༌། །སྟོང་ཉིད་བག་ཆགས་གོམས་པས་ནི། དངོས་པོའི་བག་ཆགས་སྤོང་འགྱུར་ཞིང༌། །ཞེས་སོ། །
མཐར་ཐུག་མཐའ་བཞི་བཀག་པའི་མེད་དགག་ལ་དེ་དག་ཀྱང་མེད་པའི་མཐའ་ལ་བརྟེན་པའི་ཕྱིར་དགག་བྱར་བཞེད་པ་སྟེ། སྔ་མ་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །དེ་ཡི་ངོ་བོ་མེད་པའི་ཕྱིར། །དེ་ཡི་ཚིག་གི་སྒྲ་མི་སྲིད། །ཅེས་དང༌། ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་དང༌། རྩ་ཤེར་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པ་ག་ལ་འགྱུར། །ཞེས་སོ། །
གཉིས་པ་ནི།
སེམས་ཀྱི་རང་བཞིན་འོད་གསལ་ཞེས། །ཟབ་ཞི་སྤྲོས་བྲལ་བསྟན་པ་འདི། །
རྣམ་གྲངས་མིན་པའི་དོན་དམ་ཡིན། །
ཞེས་པ་སྟེ། དབུ་མའི་མཐའ་བཞི་བཀག་པའི་མེད་དགག་དེ་ཡང་འོག་མ་ཕྱོགས་གཅིག་བཀག་པའི་མེད་དགག་ལ་ལྟོས་ནས་རྣམ་གྲངས་མིན་པར་འཇོག་ཀྱང༌། །མཐར་ཐུག་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པ་བསྟན་པ་འདི་ལ་ལྟོས་ན་དེ་ཡང་ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ཙམ་ལས་མེད་པའི་རྣམ་གྲངས་པར་བཞག་པ་དང༌། དེས་ན་མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་བཞེད་པ་སྟེ། རིགས་ལྡན་འཇམ་དཔལ་གྲགས་པས། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་ནི་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཡིན་པས་འདིའི་རྣམ་གཞག་རིགས་ཚོགས་དགོངས་འགྲེལ་དང་བཅས་པ་ལས་མི་འཆད་དེ། །རྩ་ཤེར་ལས། དེ་བཞིན་གཤེགས་པའི་རང་བཞིན་གང༌། །འགྲོ་བ་འདི་ཡི་རང་བཞིན་ཡིན། །འགྲོ་བ་འདི་ཡང་རང་བཞིན་མེད། །དེ་བཞིན་གཤེགས་པ་རང་བཞིན་མེད། །ཅེས་མཚན་འཛིན་གྱི་སྤྲོས་པ་བཀག་པ་ཙམ་གསུངས་པ་མ་གཏོགས་མཐར་ཐུག་རང་གནས་སེམས་ཀྱི་རང་བཞིན་འོད་གསལ་བའི་ངོ་བོ་བདེ་བར་གཤེགས་པའི་སྙིང་པོ་སྒྲུབ་ཚུལ་ཞལ་གྱིས་མ་བཞེས་པའི་ཕྱིར་རོ། །
འོ་ན་གང་ལས་འཆད་ཅེ་ན། བཀའ་མཐའ་མའི་དགོངས་འགྲེལ་བསྟོད་ཚོགས་དང་རྒྱལ་ཚབ་བྱམས་པའི་གཞུང་ལས་བཤད་པ་སྟེ། དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་ཡོད་པར་བསྟན། །ཞེས་སོ། །ཚུལ་ཇི་ལྟར་བསྟན་ཅེ་ན། རྒྱུ་མཚན་གསུམ་གྱི་སྒོ་ནས་བསྟན་པ་སྟེ། དེ་ཡང་གཞི་ཆོས་སྐུ་སྟོང་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང༌། ཆོས་ཉིད་དེ་བཞིན་ཉིད་ལ་བཟང་ངན་གྱི་དབྱེ་བ་མེད་པའི་ཕྱིར་དང༌། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པའི་ཕྱིར་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེ་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །
དེས་ན་དོན་དམ་སེམས་ཀྱི་རང་བཞིན་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་བསྟན་པ་འདི་ནི་མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་དུ་འདོད་པ་སྟེ། རྒྱལ་བ་ཉིད་ཀྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་པ་ཡང༌། ཤེས་རབ་ཞན་ཅིང་བློ་ཆུང་བ་དག་གིས་ཆོས་འདི་རྟོགས་དཀའ་བར་དགོངས་ནས་ཆོས་མི་གསུང་བའི་ཚུལ་མཛད་པ་དང༌། འོན་ཀྱང་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པའི་དབང་གིས་གང་རགས་པ་རྟོགས་སླ་བ་རྣམས་སྔར་བསྟན་ལ། གང་ཕྲ་བ་རྟོགས་དཀའ་བ་རྣམས་ཕྱི་ནས་རིམ་གྱིས་བསྟན་པའི་རྣམ་གཞག་ངེས་པ་ཡང༌། བཞི་བརྒྱ་པ་ལས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཕྱི་ནས་ལྟ་བ་ཀུན་བཟློག་པ། །གང་གིས་དེ་ཤེས་མཁས་པ་ཡིན། །ཞེས་གསུངས་པ་ལྟར། གདུལ་བྱ་བློ་ཐ་མ་དང༌། འབྲིང་དང༌། རབ་གསུམ་ལ་དེ་ལྟར་བསྟན་ནས། བློ་ཡང་རབ་ལ་སེམས་ཀྱི་རང་བཞིན་བསྟན་པ་ཡང༌། བཀའ་མཐའ་མ་ལས། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །བསྟན་ནས་ཡང་འདིར་རྒྱལ་བས་སྙིང་པོ་བསྟན། །ཞེས་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རིམ་གྱིས་འཇུག་པར་བསྟན་པ་ཡང༌། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་གྱིས་སྦྱོར་བ་ཅི་ཞིག་ཡོད། །ཅེས་སོ། །
གཉིས་པ་སྣང་ཚུལ་དགག་པའི་ཚུལ་བཤད་པ་ལ་གཉིས། སྣང་ཚུལ་གཉིས་སུ་བྱུང་ཚུལ་དང༌། ཀུན་རྫོབ་གཉིས་སུ་འགྱུར་ཚུལ་བསྟན་པའོ། །དང་པོ་ནི།
རྣམ་དག་ཚད་མའི་གཞལ་བྱའི་དོན། །སྣང་ཚུལ་དགག་པའི་ཚུལ་གཉིས་ལས། །
མ་དག་ཚུ་རོལ་མཐོང་བ་དང༌། །དག་པའི་གཟིགས་པ་ལ་བརྟེན་པའི། །
ཞེས་པ་སྟེ། དེ་ཡང་འཇལ་བྱེད་ཐ་སྙད་དཔྱོད་བྱེད་ཀྱི་རིགས་པ་རྣམ་དག་ཚད་མས་གང་ལ་གཞལ་བར་བྱ་བའི་དོན་སྣང་ཚུལ་ཀུན་རྫོབ་པའི་ཡུལ་གཅིག་ལ་དག་དང་མ་དག་པའི་མཐོང་ཚུལ་ལ་ལྟོས་ཏེ་རྣམ་བཅད་དགག་ཚུལ་གཉིས་སུ་བྱུང་བ་ལས། དང་པོ་མ་དག་ཚུར་མཐོང་གི་སྣང་ཚུལ་ནི། མེད་བཞིན་སྣང་བའི་དངོས་པོ་སྐད་ཅིག་མའི་རྒྱུན་ལ་བདེན་པར་བཟུང་བའི་དབང་གིས་ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལྟར་ཕྱིན་ཅིག་ལོག་ཏུ་གྱུར་པ་སྟེ། རིགས་པ་དྲུག་ཅུ་པ་ལས། སོ་སོའི་སྐྱེ་བོ་དངོས་བདག་ཅན། །ཡོད་དང་མེད་པ་ཕྱིན་ཅི་ལོག །ཉེས་པས་ཉོན་མོངས་དབང་གྱུར་རྣམས། །རང་གི་སེམས་ཀྱིས་བསླུས་པར་འགྱུར། །ཞེས་དང༌། བཞི་བརྒྱ་པ་ལས། བྱིས་རྣམས་ངེས་པ་ཁོ་ནར་ནི། །འཁོར་བའི་ཆོས་ལ་གོམས་པ་སྟེ། །དེ་ལ་དགེ་ལེགས་འགྲོ་བ་ཡང༌། །མེད་ན་ཐར་པ་ག་ལ་ཡོད། །ཅེས་སོ། །
གཉིས་པ་དག་པའི་གཟིགས་པ་ལ་བརྟེན་པའི་སྣང་ཚུལ་ནི། ཅིར་སྣང་སྐད་ཅིག་མས་སྐྱེ་འགག་ཅན་ལས་མ་འདས་པའི་ཕྱིར་བདེན་མེད་དུ་གཟིགས་པའི་དབང་གིས་ཐག་པ་ལ་ཐག་པ་དངོས་སུ་མཐོང་བ་ལྟར་ཕྱིན་ཅི་མ་ལོག་པར་འཇོག་པ་སྟེ། རིགས་པ་དྲུག་ཅུ་པ་ལས། དངོས་ལ་མཁས་པ་རྣམས་ཀྱིས་ནི། །དངོས་པོ་མི་རྟག་བསླུ་བའི་ཆོས། །གསོག་དང་སྟོང་པ་བདག་མེད་པ། །རྣམ་པར་དབེན་ཞེས་བྱ་བར་མཐོང༌། །ཞེས་དང༌། བཞི་བརྒྱ་པ་ལས། གང་གིས་འགྲོ་བ་འཁྲུལ་འཁོར་གྱི། །ཚོགས་འདྲ་སྒྱུ་མའི་སྐྱེས་བུ་ལྟར། །མཐོང་བ་གྱུར་པ་དེ་དག་ནི། །གསལ་བར་གོ་འཕང་དམ་པར་འགྲོ། །ཞེས་སོ། །
གཉིས་པ་ནི།
སྣང་ཚུལ་ཐ་དད་བྱུང་བའི་ཕྱིར། །ཀུན་རྫོབ་ཀྱང་ནི་གཉིས་སུ་འགྱུར། །
ཞེས་པ་སྟེ། དེ་ཡང་སྣང་ཡུལ་གཞི་གཅིག་ལ་སྐྱེ་འཕགས་སོ་སོའི་སྣང་ཚུལ་ཐ་དད་དུ་བྱུང་བའི་ཕྱིར། ཀུན་རྫོབ་ཀྱང་ནི་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པའི་ཀུན་རྫོབ་གཉིས་སུ་འགྱུར་ཏེ། གང་བཅོས་མ་རྫུན་པར་སྣང་བ་ལ་བདེན་པར་བཟུང་བ་འཇིག་རྟེན་པའི་ཀུན་རྫོབ་སྟེ། འཇུག་པ་ལས། དེས་གང་བཅོས་མར་བདེན་པར་སྣང་དེ་ཉིད། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་དང༌། མདོ་ལས། དངོས་རྣམས་ཡོད་པ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་འཇིག་རྟེན་ཀུན་རྫོབ་འདོད། །ཅེས་སོ། །
ཡང་བཅོས་མ་ལ་བཅོས་མར་གཟིགས་པར་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ནི། སྣང་བའི་ཆ་ལས་ཀུན་རྫོབ་ཏུ་འཇོག་ཀྱང་དེར་ཞེན་མེད་པའི་དབང་གིས་བདེན་པར་མ་འཇོག་པའི་ཕྱིར་ཀུན་རྫོབ་ཙམ་ཞེས་བརྗོད་པ་སྟེ། །ཡང་སྔ་མ་ལས། བཅོས་མར་གྱུར་པའི་དངོས་འདི་ཀུན་རྫོབ་ཏུའོ། །ཞེས་དང༌། མདོ་སྡེ་རྒྱན་ལས། བྱིས་པ་ཡང་དག་ཉིད་སྒྲིབ་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །ཞེས་སོ། །
དེ་གཉིས་ཀྱི་ཁྱད་པར་ཡང་ཡུལ་ལ་ཞེན་པའི་ཆགས་ཐོགས་ཡོད་མེད་ཀྱི་སྒོ་ནས་བཞག་པ་སྟེ། རིགས་པ་དྲུག་ཅུ་པ་ལས། བྱིས་པས་བདེན་པར་འདུ་ཤེས་པས། །གཟུགས་བརྙན་ལ་ནི་ཆགས་པ་ལྟར། །དེ་ལྟར་འཇིག་རྟེན་རྨོངས་པའི་ཕྱིར། །ཡུལ་གྱི་གཟེབ་ལ་ཐོགས་པར་འགྱུར། །ཞེས་དང༌། བདག་ཉིད་ཆེ་རྣམས་དངོས་པོ་དག །གཟུགས་བརྙན་ལྟ་བུར་ཡེ་ཤེས་ཀྱི། །མིག་གིས་མཐོང་ནས་ཡུལ་ཞེས་ནི། །བྱ་བའི་འདམ་ལ་མི་ཐོགས་སོ། །ཞེས་སོ། །
མཐར་ཐུག་སྣང་མེད་ཡེ་ཤེས་ཀྱི་གཟིགས་པ་ལ་ལྟོས་ན་དག་པའི་སྣང་བ་དེ་ཡང་དོན་ལ་མ་གྲུབ་སྟེ་སྤུ་རེ་རེ་བཞིན་དུ་བསལ་ན་ཐག་པ་མི་རྙེད་པ་ལྟར་བརྟགས་ན་ཀུན་རྫོབ་ཀྱི་སྣང་བ་ཕྱིན་ཅི་མ་ལོག་པར་མཐོང་བ་དེ་ཡང་དོན་དུ་ཡང་དག་མ་ཡིན་ཏེ། དཔེར་ན་འཁར་གཞོང་དུ་སྐྲ་ཤད་ཡོད་པར་མཐོང་བ་དང་མེད་པར་མཐོང་བ་ལ་བདེན་རྫུན་ཡོད་པ་ཙམ་མ་གཏོགས་གཉིས་ཀ་སྣང་བ་དང་བཅས་པའི་ཕྱིར་མཐར་ཐུག་དགག་བྱ་ཡིན་ཏེ། བདེན་གཉིས་ལས། དོན་དམ་གཉིས་སུ་མེད་ཚུལ་གྱིས། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །དེ་ལ་འཁྲུལ་དང་མ་འཁྲུལ་མེད། །བདེན་དང་རྫུན་པ་ག་ལ་ཡོད། །ཅེས་དང༌། རྗེ་མི་ལས། མ་རྟོགས་དུས་ན་འཁྲུལ་པ་སྟེ། །རྟོགས་པ་རྣམས་ལ་སྒྱུ་མར་སྣང༌། །མཐར་ཐུག་དོན་ལ་སྣང་མ་མྱོང༌། །ཞེས་སོ། །
གསུམ་པ་གནས་སྣང་མཐུན་པའི་ཚུལ་བཤད་པ་ནི།
སེམས་ཀྱི་རང་བཞིན་འོད་གསལ་འདི། །གནས་སྣང་མཐུན་པའི་དོད་དམ་ཡིན། །
དེ་ཉིད་གཟིགས་པ་རྣམས་ཀྱི་ངོར། །བསལ་བཞག་དགག་སྒྲུབ་གང་ཡང་མེད། །
ཅེས་པ་སྟེ། དེ་ཡང་གནས་སྣང་མཐུན་པར་མཐོང་བ་ལ། དང་པོ་ལྟ་བ་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་སྟེ་སྒྲོ་འདོགས་ཆོད་པར་བྱས། དེ་ནས་བར་དུ་ཁ་ཕྱི་ལྟས་སུ་མ་སོང་བར་ནང་སེམས་ཐོག་ཏུ་སྒོམ་པས་ཉམས་སུ་བླངས་ཏེ། མཚན་མ་མེད་པའི་ཏིང་འཛིན་དང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སེམས་ཀྱིས་རང་བཞིན་འོད་གསལ་བ་མངོན་དུ་གྱུར་པའི་ཚེ་འཁྲུལ་པའི་སྣང་བ་དག་སྟེ། མཐར་ཐུག་བློ་མ་འཁྲུལ་བའི་ཡུལ་དང་ཡུལ་ཅན་མཐུན་པར་མཐོང་བ་ཡིན་ཏེ། ཡུལ་གཟུགས་ལ་སོགས་པའི་དག་པ་གང་ཡིན་པ་དེ་ནི་ཡུལ་ཅན་སེམས་ཀྱི་དག་པའང་འདི་ཡིན་པའི་ཕྱིར་དང༌། གནས་ཚུལ་རང་བཞིན་གྱིས་དག་པ་དང་སྣང་ཚུལ་སྦྱངས་པའི་དག་པའང་འདི་ལས་གཞན་དུ་མེད་པའི་ཕྱིར་དང༌། དེ་འཕགས་པའི་མཉམ་བཞག་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོ་ན་བདེན་པའི་ཕྱིར་གནས་སྣང་མཐུན་པའི་དོན་དམ་དུ་འདོད་པ་སྟེ། སྡུད་པ་ལས། གཟུགས་ཀྱི་དག་པ་འབྲས་བུ་དག་པ་རིག་པར་བྱ། །འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་པ་དག་པར་འགྱུར། །ཞེས་སོ། །
དེས་ན་དགག་སྒྲུབ་ཀྱི་རྣམ་གཞག་ཐམས་ཅད་ཐ་སྙད་ཀྱི་བློ་ལ་ཡོད་པ་མ་གཏོགས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་སྟོང་ཉིད་ཡེ་ཤེས་ཀྱི་ངོ་བོར་སོང་བའི་དོན་དམ་དེ་ཁོ་ན་ཉིད་གཟིགས་པ་རྣམས་ཀྱི་ངོ་ན། དག་དང་མ་དག་པའི་བསལ་བཞག་དགག་སྒྲུབ་ཀྱི་རྣམ་པ་གང་ཡང་མེད་པ་སྟེ། མི་ཕམ་མགོན་པོས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །
གསུམ་པ་གནད་ཀྱི་མཇུག་བསྡུ་བ་ནི།
དེ་ལྟར་སྣང་བ་ཐམས་ཅད་ཀྱང༌། །འཁྲུལ་པ་དག་དང་མ་དག་པའི། །
རང་སྣང་ཙམ་ལས་མེད་པས་ན། །འཁྲུལ་སྣང་དགག་ཚུལ་ཤེས་པར་གཅེས། །
ཞེས་པ་སྟེ། དེ་ལྟ་བུའི་གནས་ཚུལ་མ་ཤེས་པར་འཁྲུལ་པའི་གཞི་ན་མ་རིག་པ་སྟེ། གཞི་དེ་ལས་སེམས་ཅན་ཐ་མ་ངན་སོང་གསུམ་དང༌། འབྲིང་མི་དང༌། མཆོག་ལྷ་རྣམས་ཏེ་དེ་དག་སོ་སོའི་སྣང་བ་མི་འདྲ་བར་ཐ་དད་དུ་ཤར་ནས་འཁོར་བ་ཟོ་ཆུའི་ཁྱུད་མོ་ལྟར་སྣང་བ་སྟེ། སྡུད་པ་ལས། སེམས་ཅད་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་སོ། །
དེ་ལྟར་མ་དག་པའི་སྣང་བ་དང༌། དག་པའི་སྣང་བ་དང༌། ཤིན་ཏུ་དག་པའི་སྣང་བ་ཐམས་ཅད་རྟེན་འབྱུང་གཞན་དབང་གིས་སྣང་བ་ཙམ་ལས་གཞན་གཙོ་བོ་དང་དབང་ཕྱུག་ལྟ་བུ་རང་དབང་ཉིད་ཀྱིས་སྣང་བ་ནི་འགའ་ཡང་མེད་པའི་ཕྱིར་ཐམས་ཅད་ནང་གི་འཁྲུལ་པ་དག་དང་མ་དག་པའི་ཆ་ལས་འཇོག་པ་སྟེ། རྒྱུད་བླ་མས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་སོ། །
སྣང་བ་དེ་དག་ཐམས་ཅད་ཀྱང་རྨི་ལམ་གྱི་སྣང་བ་དང་འདྲ་བར་རང་སྣང་གི་བག་ཆགས་ཙམ་ལས་རྒྱུ་གཞན་འགའ་ཡང་མེད་པས་ན་འཁྲུལ་གཞི་སེམས་ལ་ཐུག་པ་སྟེ། འཇུག་པ་ལས། འདི་ནང་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་སོ། །
དེས་ན་སེམས་ཀྱི་འཁྲུལ་སྣང་དགག་པའི་གཉེན་པོ་བདག་མེད་རྟོགས་པའི་ལྟ་བ་དང་གྲུབ་མཐའི་ཚུལ་ལ་མཁས་པར་སྦྱངས་ནས་སེམས་ཀྱི་གཞི་རྩ་ཆོད་པར་གཅེས་ཏེ། ཞི་བ་ལྷས། གང་གི་ཆོས་ཀྱི་གཙོ་བ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང༌། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་སོ། །
འོ་ན་སེམས་ཀྱི་གཞི་རྩ་ཆོད་པ་ལ། དང་པོ་ཡུལ་གྱི་སྣང་བ་བཟློག་དགོས་པ་མིན་ནམ་ཞེ་ན། སྣང་ཡུལ་སེམས་ཀྱིས་སྒྲོ་བཏགས་ཏེ་བཟོས་པ་མ་གཏོགས་སེམས་ལས་གུད་དུ་མེད་པས། སེམས་བཟློག་ན་སྣང་བ་ངང་གིས་བཟློག་པར་འགྱུར་ཏེ། ཟླ་བས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་དགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ན་ལས་ཀྱང་ཡོད་མ་ཡིན། །ཞེས་སོ། །
འོ་ན་སེམས་བཟློག་པའི་ཐབས་གང་ཞེ་ན། ནང་གི་ཡེ་ཤེས་མཐོང་བའི་ཐབས་ལ་འབད་པར་བྱ་དགོས་ཏེ། འཕགས་པ་ལྷས། ཡང་དག་མཐོང་ན་གནས་མཆོག་ལ། །ཅུང་ཟད་མཐོང་ཡང་བཟང་འགྲོ་སྟེ། །དེ་ཕྱིར་ནང་བདག་བསམ་པ་ལ། །མཁས་པས་རྟག་ཏུ་བློ་རྒྱ་བསྐྱེད། །ཅེས་སོ། །
གསུམ་པ་ལྟ་བའི་ངོས་འཛིན་སོ་སོར་བཤད་པ་ལ་གཉིས། གཞན་ལུགས་དགོད་པ་དང༌། རང་ལུགས་བཞག་པའོ། །དང་པོ་ལ་གཉིས། རྣམ་དབྱེ་སྤྱིར་བསྟན་པ་དང༌། རྣམ་གཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། རྣམ་དབྱེ་དངོས་དང༌། དེའི་ཁྱད་པར་བསྟན་པའོ། །དང་པོ་ནི།
དེ་ལ་བདེན་སྟོང་གཞན་སྟོང་དང༌། །རང་སྟོང་དབུ་མའི་བཞེད་ཚུལ་གྱི། །
ལྟ་བའི་ཁྱད་པར་རྣམ་གསུམ་ལས། །འཁྲུལ་སྣང་དགག་ཚུལ་གསུམ་དུ་བྱུང༌། །
ཞེས་པ་སྟེ། འཁྲུལ་སྣང་འགོག་བྱེད་ཀྱི་ལྟ་བ་དེ་ལ་དབྱེ་ན། ཀུན་རྫོབ་བདེན་པས་སྟོང་པའི་བདེན་སྟོང་དང༌། དོན་དམ་གཞན་གྱིས་སྟོང་པའི་གཞན་སྟོང་དང༌། བདེན་གཉིས་ངོ་བོས་སྟོང་པའི་རང་སྟོང་སྟེ་དབུ་མའི་བཞེད་ཚུལ་གྱི་ལྟ་བའི་ཁྱད་པར་རྣམ་པ་གསུམ་བྱུང་བ་ལས། འཁྲུལ་སྣང་དགག་པའི་ཚུལ་ཡང་མ་ཡིན་དགག་དང་མེད་དགག་བཞེད་ཚུལ་གཉིས་ཏེ་རིམ་པ་གསུམ་དུ་བྱུང་བ་སྟེ། འཁྲུལ་སྣང་གཟུགས་ལྟ་བུ་གཅིག་ལ་མཚོན་ན་བྱིས་པས་སྣང་ཡུལ་རང་མཚན་པར་བཟུང་ནས་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་ལས་ཆགས་སྡང་གཉིས་སུ་བྱུང་ནས་འཁྲུལ་པ་ལ། སེམས་ཙམ་པས་སྣང་ཡུལ་འཁྲུལ་པའི་གཞན་དབང་ཙམ་ལས་ཕྱི་རོལ་དུ་གྲུབ་པ་མེད་པར་བསྟན་པས་བཟུང་བ་རང་མཚན་པ་འགོག་པ་དང༌། ཡང་གཟུགས་འཁྲུལ་སྣང་ཡིན་པར་ཤེས་ཀྱང་ད་དུང་འཁྲུལ་སྣང་བདེན་པར་བཟུང་བ་ལ། རང་རྒྱུད་པས་གཟུགས་ཀྱི་སྣང་བ་བསླུ་མེད་དུ་ཡོད་ཀྱང་བདེན་པས་སྟོང་པར་བསྟན་པས་འཛིན་པ་རང་མཚན་པ་འགོག་པ་དང༌། ཡང་གཟུགས་བདེན་པ་མེད་པར་ཤེས་ཀྱང་དེར་འཛིན་མི་སྤོང་བ་ལ། ཐལ་འགྱུར་བས་གཟུགས་སྣང་དུས་ཉིད་ནས་རང་གི་ངོ་བོས་སྟོང་པར་བསྟན་པས་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ལོག་སྟེ་གྲོལ་བར་འདོད་པ་སྟེ། སློབ་དཔོན་གྱིས། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་རྣམས་ནི་ཆགས་བྲལ་འགྱུར། །གཟུགས་ཀྱི་རང་བཞིན་ཤེས་པ་ཡི། །བློ་མཆོག་ལྡན་པ་རྣམ་པར་གྲོལ། །ཅེས་སོ། །
གཉིས་པ་ལ་གཉིས། མ་ཡིན་དགག་དང་མེད་དགག་གི་ཁྱད་པར་བསྟན་པ། མེད་དགག་ནང་གསེས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི།
དེ་ཡང་དགག་བྱ་བཀག་པའི་ཤུལ། །ཆོས་གཞན་འཕེན་དུ་ཡོད་མེད་ལས། །
མ་ཡིན་དགག་དང་མེད་དགག་ཕྱེ། །
ཞེས་པ་སྟེ། འཁྲུལ་སྣང་དགག་པའི་ཚུལ་དེ་ལ་ཡང་དགག་བྱ་ཀུན་རྫོབ་པའི་ཆོས་བཀག་པའི་ཤུལ་དུ་སྒྲུབ་ཆོས་དོན་དམ་པའི་ཆོས་གཞན་འཕེན་དུ་ཡོད་པ་དང་མེད་པའི་ཁྱད་པར་ལས། ལྟ་བ་མ་ཡིན་དགག་དང་མེད་དགག་གི་རྣམ་གཞག་གཉིས་སུ་ཕྱེ་བའོ། །
འོ་ན་མ་ཡིན་དགག་དང་མེད་དགག་ཅེས་བཏགས་པའི་རྗེས་སྒྲུབ་གང་ཞེ་ན། སྟོང་གཞི་གཞན་དབང་ལ་ཀུན་བཏགས་ཀྱི་ཆ་ཐམས་ཅད་ཡོད་པར་མ་ཡིན་ནོ་ཞེས་དགག་པའི་ཤུལ་དུ་ཡོངས་སུ་གྲུབ་པའི་ཆོས་གཞན་སྒྲུབ་ཏུ་ཡོད་པ་སྟེ། མདོ་སྡེ་རྒྱན་ལས། ཇི་ལྟར་དེ་ལ་དེ་མེད་པ། །དེ་བཞིན་དུ་ནི་དོན་དམ་འདོད། །ཇི་ལྟར་དེ་ལ་དེ་དམིགས་པ། །དེ་བཞིན་དུ་ནི་ཀུན་རྫོབ་འདོད། །ཅེས་སོ། །
ཡང་སྟོང་གཞི་ཆོས་ཅན་གྱི་ངོ་བོ་སྣང་དུས་ཉིད་ནས་རང་བཞིན་མེད་དོ་ཞེས་དགག་པའི་ཤུལ་དུ་ཡོད་པ་དང་མེད་པའི་ཆོས་གང་ཡང་སྒྲུབ་ཏུ་མེད་པ་སྟེ། སློབ་དཔོན་གྱིས། ཡོད་ཕྱིར་ཡོད་པ་སྐྱེ་མིན་ཏེ། །མེད་ཕྱིར་མེད་པའང་སྐྱེ་མ་ཡིན། །ཞེས་དང༌། བརྟེན་ནས་སྐྱེ་བ་མ་སྐྱེས་ཞེས། །དེ་ཉིད་མཁྱེན་པ་མཆོག་གིས་གསུངས། །ཞེས་སོ། །
གཉིས་པ་ནི།
ཕྱོགས་གཅིག་བཀག་པའི་མེད་དགག་གི །གཏན་ཚིགས་མ་ཡིན་དགག་དང་མཐུན། །
ཞེས་པ་སྟེ། མེད་དགག་རང་ལའང་སྒྲུབ་ཆོས་ཁས་ལེན་ཡོད་མེད་ཀྱི་ཁྱད་པར་ལས། མཐའ་བཞི་བཀག་པའི་མེད་དགག་དང༌། ཕྱོགས་གཅིག་བཀག་པའི་མེད་དགག་གཉིས་སུ་བྱུང་བ་ལས། ཕྱི་མས་སྒྲུབ་ཚུལ་ཁས་ལེན་ཡོད་པའི་དབང་གིས་སྟོང་གཞི་གང་ལ་ཆོས་གང་གིས་སྟོང་པའི་སྒྲུབ་བྱེད་ཀྱི་གཏན་ཚིགས་ནི་མ་ཡིན་དགག་དང་ཚུལ་མཐུན་པར་སྨྲ་བ་སྟེ། དཔེར་ན་དོན་དམ་དོན་དམ་གྱིས་མི་སྟོང་སྟེ། དོན་དམ་ལ་ཀུན་རྫོབ་ཀྱིས་སྟོང་པའི་ཕྱིར་ཞེས་གཞན་སྟོང་གི་གཏན་ཚིགས་དང༌། ཀུན་རྫོབ་ཀུན་རྫོབ་ཀྱིས་མི་སྟོང་སྟེ། ཀུན་རྫོབ་ལ་བདེན་པའི་སྟོང་པའི་ཕྱིར་ཞེས་བདེན་སྟོང་གི་གཏན་ཚིགས་སོ། །
གཏན་ཚིགས་དེ་གཉིས་སྨྲ་བ་གང་དང་གང་ཞེ་ན། གཙོ་བོ་སེམས་ཙམ་པ་དང་རང་རྒྱུད་པའོ། །དེ་དག་གཉིས་ཀ་བདེན་པ་གཉིས་ཀྱི་ཚུལ་ལས་ཉམས་པ་སྟེ། སྔ་མས་ཀུན་རྫོབ་མེད་ཅེས་སྐུར་པས་ཐ་སྙད་ལས་ཉམས་པ་དང༌། དོན་དམ་ཡོད་ཅེས་སྒྲོ་འདོགས་པས་དོན་དམ་ལས་ཉམས་པ་དང༌། ཡང་ཕྱི་མས་ཀུན་རྫོབ་ཡོད་པ་དང༌། དོན་དམ་མེད་པར་ཕྱོགས་གཉིས་སུ་འདོད་པའི་ཕྱིར་བདེན་གཉིས་ཟུང་འཇུག་ལས་ཉམས་པ་སྟེ། དེ་དག་ལས་ཉམས་པས་ཐར་པ་མི་འགྲུབ་སྟེ། འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཅེས་སོ། །
དེས་ན་སྤྱོད་པ་ལས་ཉམས་ཀྱང་བླ་ཡི་ལྟ་བ་ལས་ཉམས་པ་ནི་ཅིས་ཀྱང་མི་རུང་སྟེ། འཕགས་ལྷས། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་དེ་ལྟར་མ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་དང༌། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་སོ། །
གཉིས་པ་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། སྐབས་དོན་བསྡུ་བའོ། །དང་པོ་ནི།
དེ་ཡི་ཁྱད་པར་མདོར་བསྡུ་ན། །
ཞེས་པ་སྟེ། དབུ་སེམས་དེ་དག་གི་ལྟ་བ་ཐ་དད་དུ་གནས་པ་དེ་ལ་བོད་དུ་ལྟ་བ་དེ་དང་དེའི་རྗེས་སུ་ཕྱོགས་པ་ཡོད་པའི་དབང་གིས་དགག་བཞག་གི་ཁྱད་པར་མང་དུ་སྣང་ཡང་དེ་དག་འདིར་བསྟན་པའི་སྐབས་སུ་མ་བབ་པས་བཤད་བྱ་མིན་ལ། འདིར་དབུ་སེམས་ཀྱི་ལྟ་བའི་ཁྱད་པར་མདོར་བསྡུས་ཏེ་བསྟན་པ་དེ་ལ། ཕྱོགས་སྔ་དེ་དག་ཕྱི་རོལ་ན་ཡོད་པ་ལྟར་དུ་བཤད་ན་ཡང༌། དོན་དུ་དེ་དག་ཐེག་པ་ཆེན་པོའི་ཚུལ་མཐའ་དག་ཁོང་དུ་ཆུད་དེ་ཟབ་པའི་མཐར་ཐུག་པ་དབུ་མ་དང༌། རྒྱ་ཆེ་བའི་མཐར་ཐུག་པ་སེམས་ཙམ་ཡིན་པས་དེ་དག་ཐེག་ཆེན་འཕགས་པའི་ཡེ་ཤེས་ཀྱིས་འཇོག་པའི་གྲུབ་མཐའ་གཙང་མ་ལགས་པས། དེ་དག་ལ་སྨད་ན་རང་ལ་ཉེས་པ་འབྱུང་བའི་ཕྱིར་བཀག་པའི་དགོས་པའང་མེད་ལ། འདིར་དགོས་པའི་གཙོ་བོ་རང་དང་གཞན་རྒྱུད་ཀྱི་རྣམ་པར་རྟོག་པའི་འཕྲོ་འདུ་ལས་གཞན་ཟེར་ཚིག་གི་རྗེས་སུ་འབྲངས་ཏེ་ཡོད་པར་ལྟ་བ་དང༌། མེད་པར་ལྟ་བའི་ལོག་རྟོག་ཁོ་ན་འགོག་པའི་ཆེད་དུ། དབུ་མའི་བཞེད་ཚུལ་གྱི་ལྟ་བའི་ཁྱད་པར་དེ་དག་ཕྱེ་སྟེ་མ་བཤད་ན་མཐར་ཐུག་གི་དོན་ལ་ངེས་པ་མི་རྙེད་པས། འདིར་ཐོས་བསམ་བྱེད་པ་རྣམས་ཀྱིས་ངེས་པའི་ཤེས་པའི་ཐེ་ཚོམ་དང་བྲལ་བ་རྙེད་པའི་ཕྱིར་ཁྱད་པར་དེ་དག་སོ་སོར་ཕྱེ་སྟེ་བཤད་པ་མ་གཏོགས་ཁ་ཕྱི་བལྟས་ཀྱི་ཤག་འགྱེད་པ་ལྟ་བུ་ནི་མ་ཡིན་པར་ཤེས་དགོས་སོ། །
གཉིས་པ་ལ་གསུམ། གཞན་སྟོང་གི་ལྟ་བ། བདེན་སྟོང་གི་ལྟ་བ། རང་སྟོང་ལྟ་བ་ངོས་བཟུང་བའོ། །དང་པོ་ནི།
གློ་བུར་གཞན་གྱིས་སྟོང་པའི་ཤུལ། །སྙིང་པོ་ཡོད་པར་ཁས་བླངས་པ། །
དེ་ལ་ལྟ་བ་གཞན་སྟོང་ཟེར། །སྙིང་པོའི་ངོ་བོ་མི་སྟོང་པར། །
རྟག་དངོས་ཙམ་དུ་འདོད་པའི་ཕྱིར། །དེ་ལ་རྩོད་པའི་ཀླན་ཀ་ཡོད། །
ཅེས་པ་སྟེ། འདིར་དགག་བྱ་གློ་བུར་བའི་ཆོས་གཞན་གྱིས་སྟོང་པའི་ཤུལ་ན། སྒྲུབ་ཆོས་སྙིང་པོ་བདེན་གྲུབ་ཏུ་ཡོད་པ་འཛིན་སྟངས་དང་བཅས་པས་ཁས་བླངས་པ་དེ་ལ་ལྟ་བ་གཞན་སྟོང་ཟེར་བ་དང༌། འདིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་པའི་གྲུབ་འབྲས་བདེན་གྲུབ་གཅིག་ཁས་བླངས་པར་སོང་བའི་ཕྱིར་དང༌། དེ་ནི་སྤྲོས་བྲལ་གྱི་ལྟ་བ་ལས་གཞན་དུ་ཕྱོགས་ཏེ་སྙིང་པོའི་ངོ་བོ་མི་སྟོང་པར་རྟག་དངོས་བདེན་གྲུབ་ཏུ་འདོད་པའི་ཕྱིར་དང༌། ཡོད་པ་དོན་དམ་དུ་འཇོག་པའི་དབང་གིས་དེར་འཛིན་སྤང་བྱ་མིན་པར་ཐལ་བ་སོགས་ཀྱིས་གནོད་བྱེད་ཡོད་ལ་སྒྲུབ་བྱེད་མེད་པའི་ཕྱིར་དེ་ལ་རྩོད་པའི་ཀླན་ཀ་ཡོད་དེ། འཇུག་པ་ལས། རྩོད་འདི་སེལ་བྱེད་སངས་རྒྱས་རྣམས་ཀྱིས་ནི། །འགར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ། །ཞེས་དང༌། རིགས་པ་དྲུག་ཅུ་པ་ལས། དངོས་པ་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུང་འབྱུང༌། །དེ་ལས་བྱུང་བའི་རྩོད་པ་འགྱུར། །ཞེས་སོ། །
གཉིས་པ་ནི།
དགག་བྱ་བདེན་གྲུབ་བཀག་པའི་ཤུལ། །བདེན་མེད་སྟོང་པར་ཁས་བླངས་པ། །
དེ་ལ་ལྟ་བ་བདེན་སྟོང་ཟེར། །ཆོས་རྣམས་ངོ་བོས་མི་སྟོང་པར། །
བདེན་པས་སྟོང་པར་འདོད་པའི་ཕྱིར། །དེ་ཡང་ཀླན་ཀའི་བབ་སྟེགས་ཡིན། །
ཞེས་པ་སྟེ། ཡང་དགག་བྱ་བདེན་གྲུབ་བཀག་པའི་ཤུལ་ན། སྒྲུབ་ཆོས་བདེན་མེད་སྟོང་པ་འཛིན་སྟངས་དང་བཅས་པས་ཁས་བླངས་པ་དེ་ལ་ལྟ་བ་བདེན་སྟོང་ཟེར་བ་དང༌། འདིས་རྣམ་གྲངས་པའི་དོན་དམ་གནས་ལུགས་སུ་ཁས་བླངས་པར་སོང་བའི་ཕྱིར་དང༌། དེ་ཡང་སྤྲོས་བྲལ་གྱི་ལྟ་བ་ལས་གཞན་དུ་ཕྱོགས་ཏེ་ཆོས་རྣམས་ངོ་བོས་མི་སྟོང་པར་བདེན་པས་སྟོང་པའི་སྟོང་པ་ཕྱང་ཆད་ཙམ་དུ་འདོད་པའི་ཕྱིར་དང༌། མེད་པར་དོན་དམ་དུ་འཇོག་པའི་དབང་གིས་དོན་དམ་དངོས་པོའི་འཇིག་རྒྱུར་ཐལ་བ་སོགས་ཀྱིས་གནོད་བྱེད་ཡོད་ལ་སྒྲུབ་བྱེད་མེད་པའི་ཕྱིར་དེ་ཡང་ཀླན་ཀའི་བབ་སྟེགས་སུ་གྱུར་པ་ཡིན་ཏེ། སེམས་འགྲེལ་ལས། སྐྱེ་མེད་ཅེས་དང་སྟོང་ཞེས་དང༌། །བདག་མེད་ཅེས་པ་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་སྒོམ་པ། །དེ་ནི་འདི་ནང་བདག་སྒོམ་པ། །ཞེས་དང༌། རྩ་ཤེར་ལས། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་སོ། །
གསུམ་པ་ནི།
མཐའ་བཞིའི་སྤྲོས་པ་བཀག་ཤུལ་དུ། །སྤྲོས་ཆོས་དམིགས་སུ་མེད་པ་འདི། །
རང་སྟོང་དབུ་མའི་ལྟ་བ་ཡིན། །ཆོས་རྣམས་ངོ་བོས་སྟོང་བ་ལ། །
ཡོད་མེད་ཁས་ལེན་བྲེལ་བའི་ཕྱིར། །དེ་ལ་རྩོད་པའི་གླགས་ཀྱང་མེད། །
ཅེས་པ་སྟེ། མཐའ་བཞིའི་སྤྲོས་པ་ཅིག་ཅར་དུ་བཀག་པའི་ཤུལ་དུ། ཡོད་པ་དང་མེད་པའི་སྤྲོས་ཆོས་གང་ཡང་དམིགས་སུ་མེད་པ་འདི་ནི་རང་སྟོང་དབུ་མའི་ལྟ་བ་ཡིན་ཏེ། འདིས་ཆོས་ཐམས་ཅད་ཐ་སྙད་དུའང་རང་མཚན་མེད་པར་ཡོད་པ་དང་མེད་པའི་ཕྱོགས་ཐམས་ཅད་སུན་འབྱིན་ཏེ་མཐའ་བྲལ་དབུ་མའི་ལམ་འཁྲུལ་མེད་དུ་སྟོན་པ་ལ་འགྲན་པའི་ཟླ་དང་བྲལ་བའི་ཕྱིར་མཁས་པ་ཞེས་བྱ་སྟེ། རྩ་ཤེར་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང༌། བཞི་བརྒྱ་པ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པ། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པའི་གནས་པ་དེ་ཁོ་ན། །ཞེས་སོ། །
འོ་ན་མཐའ་དང་བྲལ་བའི་དབུ་མ་དེ་རང་ཇི་ལྟ་བུ་ཞེ་ན། དཀོན་བརྩེགས་ལས། མཐའ་དང་བྲལ་བའི་དབུས་གང་ཡིན་པ་དེ་ནི་བློས་དཔྱད་དུ་མེད་པ། ཚིག་གིས་བསྟན་དུ་མེད་པ། ཡུལ་གྱི་སྣང་བ་མེད་པ། ཡུལ་ཅན་གྱི་རྣམ་པར་རིག་པ་མེད་པ་སྟེ། བློ་ལས་འདས་པ་འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །འདིའི་མཚན་ཉིད་ཀྱང་རྩ་ཤེར་ལས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་སོ། །
དེས་ན་ཆོས་ཐམས་ཅད་སྣང་དུས་ཉིད་ནས་རང་གི་རང་བཞིན་མ་གྲུབ་པར་གཟུགས་བརྙན་དང་འདྲ་བའི་ཕྱིར་ཡོད་མེད་དུ་དམ་བཅའ་བའི་ཁས་ལེན་ཀུན་དང་བྲལ་བ་སྟེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོ། །
དེས་གཞན་གྱི་དམ་བཅའི་ཁས་བླངས་ལ་ཐལ་བ་ནང་འགལ་ཁོ་ནར་འཕེན་པའི་སྟོབས་ཀྱིས་གྲུབ་པའི་མཐའ་སྨྲ་བ་སུས་ཀྱང་དེ་ལ་རྩོད་པའི་གླགས་ལྟ་བའི་སྐབས་ནམ་ཡང་མེད་པ་སྟེ། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་ལ། །དེ་ལ་ཡུན་ནི་རིང་པོ་ནའང༌། །ཀླན་ཀ་བརྗོད་པ་ནུས་མ་ཡིན། །ཞེས་སོ། །
གསུམ་པ་སྐབས་དོན་བསྡུ་བ་ནི།
དེ་ཡང་བདེན་སྟོང་གཞན་སྟོང་གཉིས། །རང་རང་ལྟ་བའི་ཞེ་འདོད་ཀྱིས། །
འཁོར་ལོ་བར་མཐའ་འགལ་བར་སྨྲ། །
ཞེས་པ་སྟེ། དེ་ཡང་བདེན་སྟོང་དུ་འདོད་པ་དང་གཞན་སྟོང་དུ་འདོད་པ་གཉིས་ཀྱིས་འཁོར་ལོ་བར་མཐའ་དགོངས་དབྱིངས་དང་ཡེ་ཤེས་ཀྱི་ཆ་ལས་ཕྱེ་བར་མ་ཤེས་པ་ལྟ་བ་མཐོ་དམན་གྱི་ཁྱད་པར་མེད་ཀྱང༌། ཡོད་པ་ལྟར་ཐ་དད་པར་བཟུང་ནས། འཁོར་ལོ་བར་པའི་ལྟ་བ་དབུ་མ་དང་མཐའ་མའི་ལྟ་བ་སེམས་ཙམ་དུ་འདོད་པ་སྟེ། དེ་ནི་གྲུབ་མཐའི་གནད་མ་ཟིན་པའི་སྨྲ་བ་རི་བོང་གི་ཅལ་སྒྲ་དང་མཚུངས་པ་སྟེ། བར་པའི་ལྟ་བ་དབུ་མར་འདོད་ན་ཡང་རྣམ་གྲངས་མིན་པའི་དོན་དམ་གཏིང་ཐུག་པར་མ་ཤེས་པ་ཡིན་པས་དེ་ལ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་བསྟན་པའི་ཕྱིར་དང༌། རང་སྟོང་གི་གཞུང་ལས་དོན་དམ་བློ་ཡིས་མི་རྟོགས་པར་གསུངས་པ་མ་གཏོགས་ཡེ་ཤེས་ཀྱིས་རྟོགས་པའི་ཐ་སྙད་མི་བཞེད་པ་དང་གཞན་སྟོང་གི་གཞུང་ལས་བཞེད་པ་སྟེ། གནས་ནི་ཡོངས་སུ་དག་པའི་སེམས། །སོ་སོ་རང་གི་སྤྱོད་ཡུལ་འདོད། །ཅེས་གསུངས་པའི་ཕྱིར་དང༌། སྔ་མས་དོན་དམ་ཁས་ལེན་ཡོད་པར་མི་བཞེད་པ་དང་འདིས་བཞེད་པ་སྟེ། ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་འདི་ནི་དམ་པར་འདོད། །ཅེས་གསུངས་པའི་ཕྱིར་དང༌། སྔ་མས་དོན་དམ་ཡོད་པར་ཞལ་གྱིས་མི་བཞེས་པ་དང་འདིས་བཞེས་པ་སྟེ། སོ་སོ་རང་གི་རིག་བྱེད་ཕྱིར། །འདིར་ནི་དོན་དམ་ཡོད་པ་ཡིན། །ཞེས་གསུངས་པའི་ཕྱིར་དང༌། སྔ་མས་ཀུན་རྫོབ་ཡོད་པར་བཞེད་པ་དང་འདིས་མི་བཞེད་པ་སྟེ། ཆོས་ཀྱི་དབྱིངས་ནི་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །
མཐའ་མའི་ལྟ་བ་སེམས་ཙམ་དུ་འདོད་པ་ཡང༌། རྣལ་འབྱོར་སྤྱོད་པའི་དབུ་མ་དང་སེམས་ཙམ་པའི་ལྟ་བ་ཕྱོགས་ཙམ་ཡང་མ་མཐོང་བའི་ལོང་གཏམ་སྟེ། སེམས་ཙམ་པས་ཤེས་བྱ་ཐམས་ཅད་ཆོས་དབྱིངས་རོ་གཅིག་པར་མི་འདོད་པ་དང་འདིས་བཞེད་པ་སྟེ། ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང༌། །དེ་བཞིན་དེ་ཡང་ཤེས་བྱ་ཀུན་ཏུ་སོང༌། །ཞེས་གསུངས་པའི་ཕྱིར་དང༌། སེམས་ཙམ་པས་མཐར་ཐུག་ཐེག་གཅིག་མི་འདོད་པ་དང་འདིས་བཞེད་པ་སྟེ། དེས་ན་སངས་རྒྱས་མ་ཐོབ་པ། །མྱ་ངན་འདས་པ་མི་ཐོབ་སྟེ། ཞེས་གསུངས་པའི་ཕྱིར་དང༌། སེམས་ཙམ་པས་རིགས་ཆད་འདོད་པ་དང་འདིས་མི་བཞེད་པ་སྟེ། འདི་ནང་སྣོད་མིན་སེམས་ཅན་གང་ཡང་མེད། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །ཞེས་གསུངས་པའི་ཕྱིར་དང༌། སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་བདེན་གྲུབ་ཏུ་འདོད་པ་དང་འདིས་མི་བཞེད་པ་སྟེ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་བཞེད་དེ། ཞེས་གསུངས་པའི་ཕྱིར་དང༌། སེམས་ཙམ་པས་ཀུན་གཞི་རྣམ་སྨིན་གྱི་ཆ་ལ་འདོད་པ་དང་འདིས་ཡེ་ཤེས་ཀྱི་ཆ་ལ་བཞེད་པ་སྟེ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །
དེས་ན་སྟོན་པས་སེམས་ཙམ་སྔར་བསྟན་ལ་དེའི་རྗེས་སུ་དབུ་མ་བསྟན་པ་ནི་གྲུབ་མཐའི་རིམ་པ་ཡིན་པས། ཆོས་བསྟན་པའི་གོ་རིམ་ཙམ་ཡང་མ་ཤེས་པའམ་ཤེས་ཀྱང་རང་གི་ལྟ་བ་ཕྱོགས་བཟུང་བའི་ཞེ་འདོད་ཀྱིས་སྟོན་པའི་བཀའ་ཐོག་མཐའ་བར་གསུམ་འགལ་མེད་དུ་གསུངས་པ་གོང་ནས་གོང་དུ་ཁྱད་ཞུགས་ཡོད་ཀྱང་ཕྱོགས་འཛིན་གྱི་ལྟ་བ་ཕྱོགས་རེ་བཟུང་བའི་དབང་ལས་འཁོར་ལོ་བར་མཐའ་འགལ་བར་སྨྲ་བས། གཉིས་ཀ་རང་འདོད་སྒྲུབ་པ་ལ་རིགས་ཤིང་འཐད་པའི་སྒྲུབ་བྱེད་མེད་ལ་སྟོན་པའི་བཀའ་ཡང་དག་མིན་པར་ཐལ་བ་སོགས་ཀྱིས་གནོད་བྱེད་ཡོད་པས་གཉིས་ཀ་སྐྱོན་དང་བཅས་པ་སྟེ། མདོ་སྡེ་རྒྱན་ལས། ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོ་དམན་མེད་ཀྱང་མཐོ་དམན་སྣང་བ་ལྟར། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་དོན་ལ་མེད་ཀྱང་སྣང་བར་འགྱུར། །ཞེས་སོ། །
དེས་ན་གྲོལ་བར་འདོད་པ་དག་གིས་རྣམ་རྟོག་གི་རྗེས་སུ་འབྲངས་ཏེ་ཆགས་སྡང་ལ་བརྟེན་པར་མི་རིགས་ཏེ། འཇུག་པ་ལས། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །རྣམ་དཔྱད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་དང༌། བཞི་བརྒྱ་པ་ལས། རང་ཕྱོགས་ལ་ཁྱོད་ཆགས་ཡོད་ཅིང༌། །གཞན་ཕྱོགས་ལ་ཁྱོད་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བ་ཡོང་མི་འགྱུར། །ཞེས་སོ། །
དེ་ལ་གཟུར་གནས་མཁས་པས་བརྟགས་ན་ཕྱོགས་གཉིས་ཀ་དོན་དམ་ཐ་སྙད་དུ་ལྷུང་བ་ཡིན་ཏེ་ཡོད་པ་དང་མེད་པར་ཁས་བླངས་པ་ནི་ཐ་སྙད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། རྩ་ཤེར་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། མྱ་ངན་འདས་པ་དངོས་མེད་ཀྱང༌། །མིན་ན་དངོས་པོ་ག་ལ་ཡིན། །ཅེས་སོ། །
གཉིས་པ་རང་ལུགས་བཞག་པ་ལ་གསུམ། ངོ་བོ་མདོར་བསྟན་པ། རྣམ་གཞག་རྒྱས་པར་བཤད་པ། གྲུབ་དོན་བསྡུ་བའོ། །དང་པོ་ནི།
རང་ལུགས་འགལ་མེད་འདོད་པ་སྟེ། །
ཞེས་པས་བསྟན་ཏེ། གཞན་ཕྱོགས་དངོས་དངོས་མེད་གང་ཞིག་འདོད་ཀྱང་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཆགས་སྡང་གི་ཉེས་པ་བསལ་བའི་ཕྱིར་རང་ལུགས་གཉིས་ཀ་མི་འཛིན་པར་ཡང་དག་པའི་མཐའ་ལ་བརྟེན་ནས་འགལ་མེད་དུ་འདོད་པ་སྟེ། སློབ་དཔོན་གྱིས། དངོས་དང་དངོས་མེད་ཡོངས་ཤེས་ནས། །ཡང་དག་མཐའ་ལ་གང་གནས་པ། །དེ་ནི་དངོས་དང་དངོས་མེད་དུ། །ལྟ་བ་མཁས་པས་མི་འཛིན་ཏོ། །ཞེས་སོ། །དེས་ན་རང་ལུགས་ལྟ་ཐོག་ནས་སྒོམ་པ་ཚོལ་བའི་དབང་དུ་བྱས་ཏེ་ལྟ་བ་རང་སྟོང་དང་སྒོམ་པ་གཞན་སྟོང་དང་མཐུན་པར་རང་རིག་པའི་ཡེ་ཤེས་ལ་བརྟེན་པར་འདོད་དོ། །
འོ་ན་ལྟ་བས་གཞན་ཞིག་གཏན་ལ་ཕབ་ནས་སྒོམ་པས་གཞན་ཞིག་ཉམས་སུ་བླངས་ན་འགལ་མེད་མ་ཡིན་ཏེ་དངོས་འགལ་ཡིན་པའི་ཕྱིར་ཞེ་ན། ལྟ་བས་གཏན་ལ་ཕབ་པའི་མཐར་ཐུག་པ་ཆོས་དབྱིངས་སྤྲོས་བྲལ་ལས་གཞན་མེད། སྒོམ་པས་ཉམས་སུ་བླང་བྱའི་མཐར་ཐུག་པ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་གཞན་མེད་པའི་ཕྱིར་འགལ་བ་མེད་པ་མ་ཟད་དེ་གཉིས་གཅིག་གྲོགས་གཅིག་གིས་དེ་ལྟ་བས་མཚན་འཛིན་བཟློག་པ་དང་སྒོམ་པས་རང་ངོ་གསལ་བར་བྱས་པས་ཤིན་ཏུའང་འཐད་པ་ཡིན་ཏེ། མངོན་པའི་མདོ་ལས། བསལ་བྱ་རབ་ཏུ་བསལ་བ་ན། །རང་གི་ངོ་བོ་གསལ་བར་འདོད། །ཅེས་སོ། །
འོ་ན་ཁྱོད་ལྟ་བ་རང་སྟོང་ལས་ཉམས་ནས་སེམས་ཙམ་པར་ཐལ་བར་འགྱུར་ཏེ། སྒོམ་པ་གཞན་སྟོང་དུ་ཁས་ལེན་པའི་ཕྱིར་ཞེ་ན། སྒོམ་པ་དེའི་རྗེས་སུ་འབྲངས་པ་ཙམ་གྱིས་ལྟ་བ་སེམས་ཙམ་པར་ཐལ་བར་མ་ཁྱབ་སྟེ། རང་བཞིན་གསུམ་བཞེད་པས་སེམས་ཙམ་ཡིན་པར་འདོད་ན་དེ་གསུམ་དུ་ཐེག་ཆེན་སྤྱིའི་ཆོས་བསྡུས་པར་བསྟན་པ་དང་འགལ་ཏེ། ལང་གཤེགས་ལས། ཆོས་ལྔ་དང་ནི་རང་བཞིན་གསུམ། །ཐེག་ཆེན་མཐའ་དག་བསྡུས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །
འོ་ན་ཆོས་ལྔ་དང་རང་བཞིན་གསུམ་ནི་གང་ཞེ་ན། ཆོས་ལྔ་ནི། མིང་དང༌། རྒྱུ་མཚན། དེ་བཞིན་ཉིད་དང༌། རྣམ་རྟོག་དང༌། ཡེ་ཤེས་སོ། །རང་བཞིན་གསུམ་ནི། ཀུན་བཏགས་གཞན་དབང་ཡོངས་གྲུབ་བོ། །དེ་ལ་མིང་ནི་ཀུན་རྫོབ་པའི་ཆོས་ཀ་བ་དང་བུམ་པ་སོགས་དེ་དང་དེར་ཞེན་ཅིང་བཏགས་པའོ། །རྒྱུ་མཚན་ནི་མིང་དེས་དབྱིབས་དང་གཟུགས་སོགས་ཀྱི་ཁྱད་པར་ཕྱེ་སྟེ་གསལ་བར་རྟོགས་པའོ། །དེ་གཉིས་བརྟགས་ན་མི་བདེན་པའི་ཕྱིར་རྣམ་གྲངས་པའི་ཀུན་བཏགས་དང༌། སྒྲོ་བཏགས་པའི་བདག་ཉིད་ནི་མཚན་ཉིད་ཆད་པའི་ཀུན་བཏགས་ཏེ་དེས་སྟོང་པའི་དབྱིངས་ནི་དེ་བཞིན་ཉིད་དོ། །རྣམ་རྟོག་ནི་སེམས་དང་སེམས་ལས་བྱུང་བའི་འཁྲུལ་པ་རང་མཚན་པ་ཡིན་པས་མ་དག་གཞན་དབང་དང༌། བདེན་མེད་སྣང་ཙམ་དུ་ཤེས་པ་ནི་དག་པ་གཞན་དབང་དང༌། ཡེ་ཤེས་ལ་གཉིས་ཏེ། ལམ་གྱི་ཡེ་ཤེས་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང༌། གཞིའི་ཡེ་ཤེས་ནི་འགྱུར་མེད་ཡོངས་གྲུབ་ཏུ་འཇོག་པ་ཡིན་ནོ། །
དེས་རྣམ་གཞག་ཕྱོགས་ཙམ་མཚུངས་པ་མ་གཏོགས་ཐམས་ཅད་ནས་མི་མཚུངས་ཏེ། དེ་ལས་བཤད་པའི་ལྟ་བས་སྦྱོར་ལམ་ཆོས་མཆོག་ཚུན་ལས་མི་འདའ་བ་དང༌། འདིར་རྣལ་འབྱོར་སྤྱོད་པའི་དབུ་མ་ནི་ལྟ་བའི་མཐར་ཐུག་ཡིན་པའི་ཕྱིར་དང༌། དེར་ཀུན་གཞི་དང་གཞན་དབང་བདེན་གྲུབ་ཏུ་ལྟ་བ་ལས་མི་འདའ་བ་དང༌། འདིར་དེ་དག་གི་ངོ་བོ་སྤྲོས་བྲལ་དུ་དམིགས་པའི་ཕྱིར་ཏེ། ལང་གཤེགས་ལས། ཡང་དག་དམིགས་པ་ལ་བརྟེན་ན། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཞེས་དང༌། མདོ་སྡེ་རྒྱན་ལས། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་གསུངས་པའི་ཕྱིར་རོ། །
དེ་ལྟར་ཕྱོགས་ཙམ་དུ་མཐུན་པ་ཙམ་གྱིས་ཐམས་ཅད་དུ་མཚུངས་དགོས་ན། རྣམ་གྲངས་པའི་མེད་དགག་ཀྱང་རྣམ་གྲངས་མིན་པའི་མེད་དགག་ཏུ་ཐལ་བ་འགྱུར་ཏེ། མེད་དགག་ཡིན་པར་མཚུངས་པའི་ཕྱིར་རོ། །དེས་ན་བཀའ་བར་པའི་དངོས་བསྟན་རིགས་ཚོགས་ལས་གསུངས་པའི་ལྟ་བ་དང༌། མཐའ་མའི་དངོས་བསྟན་བསྟོད་ཚོགས་ལ་གསུངས་པའི་སྒོམ་པ་གཉིས་འགལ་མེད་དུ་འདོད་པ་ནི་སློབ་དཔོན་གྱི་ལུགས་ཡང་དག་ཏུ་གྲུབ་པ་མ་ཟད་ཤིང་རྟ་རྣམ་གཉིས་ཀྱི་དགོངས་པའང་གཅིག་ཏུ་གྲུབ་པ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་ལྟ་བའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཉིད་རྗེས་ཐོབ་ཏུ་རང་རིག་གིས་མྱོང་བྱར་བཤད་ཀྱང༌། མཉམ་བཞག་ཏུ་སྒྲ་རྟོག་གི་ཡུལ་མ་ཡིན་པར་བསམ་བརྗོད་ལ་འདས་པར་མཐུན་པ་ཡིན་ཏེ། རྒྱུད་བླ་མར། བསམ་མེད་བརྗོད་དུ་མེད་ཕྱིར་དང༌། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །ཞེས་སོ། །
དེ་ལྟར་རང་ལུགས་བཞག་པའི་སྐབས་གཞན་ཤུགས་ཀྱིས་འགོག་པ་ལྟར་སྣང་ཡང་རང་གི་ཞེ་ལ་ཆགས་སྡང་མེད་པས་ཉེས་པ་མི་འབྱུང་སྟེ། འཇུག་པ་ལས། གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ནའང་ཉེས་པ་མེད། །ཅེས་དང༌། བཞི་བརྒྱ་པ་ལས། དེ་ལྟ་ན་ཡང་ལོག་སྨྲ་རྣམས། །བསྲེག་སྟེ་མེ་ཡིས་བུད་ཤིང་བཞིན། །ཞེས་སོ། །
གཉིས་པ་རྣམ་གཞག་རྒྱས་པར་བཤད་པ་ལ་ལྔ། རང་འདོད་ཀྱི་ཕྱོགས་སྔ་དགོད་པ། དེ་ལ་རྩོད་པ་སྤོང་བ། དྲང་ངེས་ཀྱི་རྣམ་གཞག་བསྟན་པ། ངེས་དོན་དུ་ཐག་བཅད་པ། རྟག་ཆད་སེལ་ཚུལ་བསྟན་པའོ། །དང་པོ་ལ་གསུམ། སྟོང་པ་མི་འདོར་བར་འདོད་པ། གསལ་བ་མི་འདོར་བར་འདོད་པ། སྒྲ་ཇི་བཞིན་པར་འདོད་པའོ། །དང་པོ་ནི།
འཁོར་ལོ་བར་པའི་ངེས་དོན་ལས། །གསུངས་པའི་ལྟ་བ་མི་འདོར་བར། །
སྙིང་པོའི་ངོ་བོ་སྟོང་པར་འདོད། །
ཅེས་པ་སྟེ། དེ་ཡང་རང་ལུགས་འཁོར་ལོ་བར་པའི་ངེས་དོན་ལས་གསུངས་པའི་ལྟ་བ་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ། ཕྱི་མཚན་འཛིན་གྱི་སྤྲོས་པ་བཅད་པ་ལ་ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་པ་དེ་ལས་བཟང་བ་མེད་པའི་ཕྱིར། ལྟ་བ་རིགས་ཚོགས་ཀྱི་རྗེས་སུ་འབྲངས་ཏེ་ཆོས་ཅན་རང་ངོ་ནས་སྟོང་པའི་སྤྲོས་བྲལ་གྱི་ལྟ་བ་མི་འདོར་བར་རིགས་པ་སྔོན་དུ་བཏང་བའི་གྲུབ་དོན་བདེ་བར་གཤེགས་པའི་སྙིང་པོའི་ངོ་བོ་སྟོང་པར་འདོད་ལ། དེ་ཡང་ཤེས་བྱ་རྫོགས་པར་གཏན་ལ་མ་ཕབ་པའི་ངོ་ན་གཅིག་སྟོང་པར་ཤེས་པས་ཀུན་མི་རྟོགས་ཀྱང༌། འདིར་ལྟ་བ་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་པའི་དབང་དུ་བྱས་ཏེ་སྤྲོས་བྲལ་གྱི་ངོ་བོ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་འདོད་པ་སྟེ། བཞི་བརྒྱ་པ་ལས། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་སྟེ། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཅེས་དང༌། བདེན་གཉིས་ལས། སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ནོ། །ཞེས་སོ། །
གཉིས་པ་ནི།
འཁོར་ལོ་མཐའ་མའི་ངེས་དོན་གྱི། །རང་བཞིན་འོད་གསལ་མི་འདོར་བར། །
དྲི་མ་ཡེ་དག་ཡིན་པར་འདོད། །
ཅེས་པ་སྟེ། ཡང་འཁོར་ལོ་མཐའ་མའི་ངེས་དོན་ལས་གསུངས་པའི་གནས་ཚུལ་སྒོམ་པ་ཉམས་མྱོང་གིས་གཏན་ལ་ཕབ་སྟེ། ནང་རང་གནས་ཀྱི་ཡེ་ཤེས་རྟོགས་པ་ལ་རྣལ་འབྱོར་སྤྱོད་པའི་མྱོང་བ་དེ་ལས་བཟང་བ་མེད་པའི་ཕྱིར། སྒོམ་པ་བསྟོད་ཚོགས་ཀྱི་རྗེས་སུ་འབྲངས་ཏེ་ཆོས་ཉིད་གཞན་གྱིས་སྟོང་པའི་རང་བཞིན་འོད་གསལ་གྱི་གནས་ཚུལ་མི་འདོར་བར་མྱོང་བ་སྔོན་དུ་སོང་བའི་འབྲས་རྟགས་སུ་སྙིང་པོའི་ངོ་བོ་ལ་དྲི་མ་ཡེ་དག་ཡིན་པར་འདོད་ལ། དེ་ཡང་ཤེས་བྱ་གཏན་ལ་ཕབ་ཟིན་པའི་འོག་ཏུ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རང་རིག་རང་གསལ་འདི་ཉིད། མདོ་མཚན་ཉིད་ཐེག་པའི་ངེས་དོན་མཐར་ཐུག་པ་ཡིན་པས་དེ་རྣལ་འབྱོར་པའི་ཉམས་སུ་མྱོང་བྱ་དང་དོན་དམ་བདེན་པའི་མཚན་གཞི་ཡིན་པར་འདོད་པ་སྟེ། ཉེ་བར་འཁོར་གྱིས་ཞུས་པ་ལས། སེམས་ནི་རང་བཞིན་འོད་གསལ་རྣམ་དག་ཅིང༌། །རྡུལ་མེད་རྡུལ་བྲལ་དྲི་མ་མེད་པར་གསུངས། །ཞེས་དང༌། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་བ་མེད། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་སོ། །
གསུམ་པ་ནི།
བླ་མེད་ཡེ་ཤེས་རང་ཆས་སུ། །བཞུགས་པ་རྒྱུད་བླའི་དངོས་བསྟན་ཡིན། །
ཅེས་པ་སྟེ། དེས་ན་སེམས་ཅན་གྱི་ཁམས་ལ་བླ་མེད་ཡེ་ཤེས་རང་ཆས་སུ་བཞུགས་པ་ནི་རྒྱུད་བླའི་དངོས་བསྟན་ཡིན་པས་སྒྲ་ཇི་བཞིན་པར་ཁས་བླངས་དགོས་ཏེ། འདི་ལ་ཡོན་ཏན་བླ་ན་མེད་པར་ཡོད་ཀྱང་ངོ་བོ་སྟོང་པས་ཡོན་ཏན་མི་འགོག་རང་བཞིན་གསལ་བས་སྟོང་པ་མི་འགོག་པར་དབྱེར་མེད་ཡེ་ལྡན་དུ་སེམས་ཅན་གྱི་ཁམས་ལ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་སྟེ་ཡོད་པར་འདོད་པ་སྟེ། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང༌། རྒྱུད་བླ་མ་ལས། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་ཏེ། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །ཞེས་སོ། །དེ་ཡང་སྣང་ཚུལ་ལ་དྲི་མ་བྲལ་མ་བྲལ་གྱི་ཁྱད་པར་ཡོད་ཀྱང༌། གནས་ཚུལ་ལ་སྔ་ཕྱི་བཟང་ངན་གྱི་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་པ་སྟེ། དེ་ཉིད་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །
དེས་ན་གནས་ཚུལ་བཟང་ངན་མེད་པའི་ཆ་ལས་རང་བཞིན་གནས་རིགས་དང༌། སྣང་ཚུལ་ལ་གློ་བུར་བའི་དྲི་མ་དག་ཏུ་རུང་བའི་ཆ་ལས་རྒྱས་འགྱུར་གྱི་རིགས་ཞེས་འཇོག་པ་སྟེ། མདོ་རྒྱན་དུ། རིགས་མཆོག་ཉིད་ཅེས་བརྗོད་པ་ལ། །རང་བཞིན་དང་ནི་རྒྱས་པ་དང༌། །ཞེས་སོ། །རྒྱུ་དེ་གཉིས་ལས་འབྲས་བུ་སངས་རྒྱས་ཀྱི་སྐུ་གསུམ་ཐོབ་པར་འདོད་པ་སྟེ། ཡང་རྒྱུད་བླར། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་སྟེ། །ཞེས་སོ། །
གཉིས་པ་རྩོད་སྤོང་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ནི།
འོ་ན་ཡོད་པ་ཀུན་རྫོབ་ལས། །དོན་དམ་ཡོད་པ་ག་ལ་འགྱུར། །
གལ་ཏེ་ཡོད་ན་མུ་སྟེགས་པའི། །རྟག་བདག་ཉིད་དང་མཚུངས་ཤེ་ན། །
ཞེས་པ་སྟེ། འོ་ན་ཡོད་པར་འདོད་པ་ནི་དོན་དམ་ཐ་སྙད་དུ་ལྷུང་བ་ཞེས་བརྗོད་འདུག་པ་དེས་ཁྱབ་པར་འདོད་ན། རྣམ་གཞག་འདི་ཀུན་རྫོབ་ཏུ་འཇོག་པ་མ་གཏོགས་དེ་ལས་གཞན་དོན་དམ་དུ་ཡོད་པ་ག་ལ་འགྱུར། གལ་ཏེ་ཡོད་ན་རང་འདོད་དང་འགལ་བར་མ་ཟད། ཟླ་བས་ཆོས་ཐམས་ཅད་ཀུན་རྫོབ་ཏུ་མངོན་པའི་རྗེས་སུ་འབྲངས་ཏེ་ཡོད་མཉམ་དང༌། དོན་དམ་པར་ཤེར་ཕྱིན་གྱི་རྗེས་སུ་འབྲངས་ཏེ་མེད་མཉམ་དུ་གསུངས་པའི་རིགས་པ་དང་ཡང་འགལ་བར་མཐོང་བཞིན་དུ། ད་དུང་རྒྱུད་བླའི་དངོས་བསྟན་ཡིན་ཞེས་ཨུ་ཚུགས་ཀྱིས་སྒྲ་ཇི་བཞིན་པར་ཡོད་པར་འདོད་ན་མུ་སྟེགས་པའི་རྟག་བདག་དང་མཚུངས་པར་འགྱུར་རོ་ཞེའོ། །
གཉིས་པ་ནི།
དེ་ལན་འདི་སྐད་སྨྲ་བར་བྱ། །སྙིང་པོའི་ངོ་བོ་ཆོས་དབྱིངས་ལ། །
འཇོག་པས་ཆོས་ཉིད་བསམ་བྱ་མིན། །འདི་ལ་བདེན་གཉིས་རྣམ་གཞག་མེད། །
ཅེས་པ་སྟེ། དེ་ལ་ལན་ཡང་དག་པའི་ལམ་ནས་འདི་སྐད་དུ་སྨྲ་བར་བྱ་སྟེ། འདི་ལ་ཁོ་བོས་སྒྲ་ཇི་བཞིན་པར་འདོད་པ་ནི། ཡོད་པ་བདེན་གྲུབ་ཏུ་ལྟ་བ་མ་ཡིན་ཏེ་ངོ་བོ་སྟོང་པར་འདོད་པའི་ཕྱིར་དང༌། མེད་པར་བདེན་མེད་དུ་ལྟ་བ་ཡང་མ་ཡིན་ཏེ་རང་བཞིན་གསལ་བར་འདོད་པའི་ཕྱིར་དང༌། མཐའ་གཅིག་ཏུ་ཡོད་པར་ལྟ་བ་ཡང་མ་ཡིན་ཏེ་སྒྲ་རྟོག་འཁྲུལ་པའི་ཡུལ་དུ་མེད་པའི་ཕྱིར་དང༌། མཐའ་གཅིག་ཏུ་མེད་པར་ལྟ་བ་ཡང་མ་ཡིན་ཏེ་ཡེ་ཤེས་ཀྱི་ཡུལ་དུ་ཡོད་པའི་ཕྱིར་དང༌། མི་སྟོང་པར་ལྟ་བ་ཡང་མ་ཡིན་ཏེ་གློ་བུར་གྱི་ཆོས་ཀྱིས་སྟོང་པའི་ཕྱིར་དང༌། སྟོང་པར་ལྟ་བ་ཡང་མ་ཡིན་ཏེ་ལྷུན་གྱིས་གྲུབ་པའི་ཆོས་ཀྱིས་མི་སྟོང་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་སོ། །
འོ་ན་ཟུང་འབྲེལ་དུ་འདོད་དམ་ཞེ་ན། གཉིས་སུ་མེད་པ་ལ་ཟུང་དུ་འབྲེལ་རྒྱུ་མེད་པའི་ཕྱིར་དང༌། འོ་ན་ཇི་ལྟར་ཞེ་ན། རྣམ་མེད་རྣམ་པ་ཀུན་ལྡན་གྱི་ཚུལ་དུ་སྟོང་ཉིད་ཡེ་ཤེས་ཀྱི་ངོ་བོར་སོང་ནས་རྣམ་དབྱེར་མེད་པའི་ཕྱིར་ཟུང་འཇུག་རྟག་པ་དམ་པའི་ངོ་བོ་མི་འགྱུར་བར་འདོད་པ་སྟེ། དེ་ཉིད་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་སོ། །
དེས་ན་རྒྱལ་བ་ཐབས་ལ་མཁས་པའི་དབང་གིས་ཤེས་བྱ་གཏན་ལ་མ་ཕབ་པའི་གོང་དུ་དོན་དམ་འགྱུར་མེད་རྟག་པ་དམ་པ་འདི་བསྟན་ན་བདག་ཏུ་འཁྲུལ་པར་དགོངས་ཏེ་བཀའ་བར་པའི་དོན་དམ་གཏན་ལ་ཕབ་པའི་སྐབས་དེར། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་གནས་ཚུལ་སྤྲོས་བྲལ་དུ་བསྟན་པ་མ་གཏོགས་དོན་དམ་ཡིན་ངོ་ཤེས་པའི་མཚན་གཞི་འདི་ཞེས་མ་གསུངས་ཏེ། མངོན་པའི་མདོར། བདག་ཏུ་རྟོག་པ་གྱུར་ན་མི་རུང་ཞེས། །ངས་ནི་བྱིས་པ་རྣམས་ལ་དེ་མ་བསྟན། །ཞེས་སོ། །
ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་ཟིན་པའི་འོག་ཏུ་འདི་བསྟན་ཀྱང་མུ་སྟེགས་པའི་བདག་ཏུ་སྨྲ་བ་དང་འཁྲུལ་པའི་དོགས་པ་མི་སྲིད་པར་དགོངས་ནས། བདེ་བར་གཤེགས་པའི་སྙིང་པོའི་ངོ་བོ་གང་ལ་འཇོག་པའི་གཞི་ཆོས་དབྱིངས་འདུས་མ་བྱས་པའི་རང་བཞིན་གཞི་འབྲས་དབྱེར་མེད་དུ་གནས་པའི་ཆོས་ཁམས་དགེ་བ་ལ་རང་བྱུང་གི་ཡེ་ཤེས་སམ་བདེ་བར་གཤེགས་པའི་སྙིང་པོ་ཞེས་དོན་དམ་བདེན་པའི་མཚན་གཞིར་འཇོག་པ་སྟེ། མདོ་སྡེ་རྒྱན་ལས། སྒྲིབ་པ་ཀུན་གྱི་དྲི་མ་མེད་པ། །དེ་བཞིན་ཉིན་སངས་རྒྱས་འདོད། །ཅེས་དང༌། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་ལྡན་པ། །དོན་གཉིས་ལྡན་ཕྱིར་སངས་རྒྱས་ཉིད། །ཅེས་སོ། །
དེ་ལྟ་བུའི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ནི་ཡོད་པ་དང་མེད་པར་ལྟ་བའི་ཚུར་མཐོང་གི་བློས་བསམ་པར་མི་ནུས་ཏེ། རྡོ་རྗེ་གཅོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་དང༌། རྒྱུད་བླ་མ་ལས། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་དམ་ཡིན་ཕྱིར་བསམ་བྱ་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་སོགས་ཀྱི་ཡུལ་མ་ཡིན། །ཞེས་སོ། །
འོ་ན་སུས་རྟོགས་ཤེ་ན། ཆོས་ཉིད་མཉམ་པ་ཉིད་དུ་ཤེས་པའི་གང་ཟག་གིས་མཐོང་བ་སྟེ། མདོ་སྡེ་རྒྱན་ལས། དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོགས་པར། །ཡེ་ཤེས་ཤིན་ཏུ་རྣམ་དག་པ། །གཉིས་སུ་མེད་པའི་དོན་གྱིས་མཐོང༌། །ཞེས་དང༌། དེ་ལ་ཡོད་པ་མེད་མ་ཡིན། །མེད་པའང་ཡོད་པ་ཉིད་མ་ཡིན། །ཞེས་དང༌། ཞི་ལྷས་ཀྱང༌། གལ་ཏེ་དེ་ལྟར་ཀུན་རྫོབ་མེད། །དེ་ལ་བདེན་གཉིས་ག་ལ་ཡོད། །ཅེས་གསུངས་པ་ལྟ་བུའོ། །
གསུམ་པ་དྲང་ངེས་ཀྱི་རྣམ་གཞག་བཤད་པ་ལ་བཞི། དྲང་དོན་དུ་བསྟན་པའི་དགོས་པ། དགོངས་པ་དགོས་གཞི་བརྟགས་ཚུལ། སེམས་དང་ཡེ་ཤེས་ཕྱེ་ཚུལ། དྲང་ངེས་ཀྱི་དབྱེ་བ་ཕྱེ་ཚུལ་བསྟན་པའོ། །དང་པོ་ནི།
འོན་ཀྱང་སྐབས་འགར་དགོས་དབང་གིས། །དྲང་དོན་ལྟར་དུ་གསུངས་ན་ཡང༌། །
ཞེས་པ་སྟེ། འདིར་ལ་ལས་བཀའ་བར་པ་ངེས་དོན་དང་མཐའ་མ་དྲང་དོན་དུ་འདོད་པ་སྟེ། དེ་ཡང་དབུ་མ་ལུགས་གཉིས་ཀྱི་ཚུལ་དྲན་ལམ་དུ་འཇོག་མ་ཤེས་པའི་བབ་ཅོལ་ཙམ་ཡིན། ཤེས་ན་སྒྲོ་འདོགས་གཅོད་བྱེད་ཀྱི་རིགས་པ་མཐར་ཐུག་པ་རང་སྟོང་ཡིན་ལ། དེས་ལྟ་བ་གཏན་ལ་ཕབ་པའི་སྐབས་སུ་གཉིས་མེད་ཡེ་ཤེས་རང་གིས་མྱོང་བ་ལྟ་ཅི། ཡོད་པ་ཙམ་ཡང་མི་ཤེས་པ་དང༌། ཉམས་སུ་བླང་བྱའི་སྒོམ་པ་མཐར་ཐུག་པ་གཞན་སྟོང་ཡིན་ལ། དེས་སྒོམ་པ་ཉམས་སུ་ལེན་པའི་སྐབས་གཉིས་མེད་ཡེ་ཤེས་ཡོད་པ་ཙམ་དུ་མ་ཟད་རང་གི་མངོན་སུམ་དུའང་མྱོང་བྱར་བཞེད་པ་སྟེ། མདོ་སྡེ་རྒྱན་ལས། དེས་ན་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །ཞེས་སོ། །
དེའི་དབང་གིས་དང་པོ་ལྟ་བ་གཏན་ལ་ཕབ་ཚུལ་དང་ཕྱིས་སྒོམ་པ་ཉམས་སུ་བླང་ཚུལ་ལམ་གྱི་རིམ་པ་མ་ནོར་བར་ཤེས་ན་དྲང་ངེས་ཀྱང་ཤེས་པར་འགྱུར་ཏེ། དེ་ཉིད་ལས། འདི་ནང་དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པར་འབྱུང༌། །ཚུལ་བཞིན་ཡིད་བྱེད་པ་ལས་ཡང་དག་དོན་རིག་ཡེ་ཤེས་འབྱུང༌། །ཞེས་སོ། །
དེ་ཡང་སྟོན་པའི་བསྟན་པ་འགལ་མེད་དུ་ཁས་བླངས་པ་ལ་གཉིས་ཀ་དགོས་ཏེ། ཡང་དེ་ཉིད་ལས། དེ་ལྟར་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །ད་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པ་ཡང་སྒོམ་འཇུག་གྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་སོ། །དེ་ཡང་སྟོན་པའི་ཆོས་ཀྱི་རིམ་པ་གོང་ནས་གོང་དུ་བླ་དང་བཅས་པ་ཡོད་པར་ཤེས་ན་དྲང་ངེས་ལ་རྩོད་པའི་གནས་མེད་དེ། དགོངས་པ་ངེས་འགྲེལ་ལས། ཆོས་ཀྱི་འཁོར་ལོ་གཉིས་པ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིར་གྱུར་པ་ལགས་སོ། །ཞེས་དང༌། ཆོས་ཀྱི་འཁོར་ལོ་གསུམ་པ་དེ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་རྩོད་པའི་གནས་སུ་མ་གྱུར་པ་ལགས་སོ། །ཞེས་གསུངས་པའི་ཕྱིར་རོ། །
དེས་ན་བདེ་བར་གཤེགས་པའི་སྙིང་པོ་བསྟན་པ་འདི་ནི་ངེས་དོན་མཐར་ཐུག་པ་ཡིན་མོད་ཀྱི། འོན་ཀྱང་ཟླ་བས་སེམས་ཙམ་པའི་འདོད་པ་བཀག་པའི་སྐབས་འགར་དགོས་པའི་དབང་གིས་དྲང་དོན་ལྟར་དུ་གསུངས་པ་ནི་ཡོད་དེ། འཇུག་པ་ལས། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་དང༌། གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །ཞེས་སོ། །
གཉིས་པ་ནི།
བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །དགོངས་པ་དགོངས་གཞི་བརྟགས་དགོས་ཤིང༌། །
ཞེས་པ་སྟེ། ཟླ་བས་དེ་ལྟར་གསུངས་ན་ཡང༌། །བཅོམ་ལྡན་འདས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པས། འདིའི་དགོངས་པ་དང་དགོངས་གཞི་བརྟགས་དགོས་ཏེ། དེ་ལྟར་མ་ཡིན་པར་གཞན་དུ་ན་ཆོས་ཐམས་ཅད་འགལ་འདུའི་ཕུང་པོར་གྱུར་ནས་རྨོངས་པའི་དབང་གིས་སྟན་ཐོག་གཅིག་ཏུ་དྲིལ་ཏེ་ཉམས་སུ་བླངས་མི་ཤེས་ཏེ། དགོངས་པ་ངེས་འགྲེལ་ལས། དགོངས་པའི་ཚིག་ལ་རྨོངས་པ་རྣམས། །གསུངས་པའི་དོན་ནི་མ་རྟོགས་ནས། །གསུངས་པ་འདི་ལས་གཞན་མིན་ཞེས། །དེ་ནི་ཇི་བཞིན་སྒྲར་འཛིན་ཏོ། །ཞེས་སོ། །
འོ་ན་དགོངས་པ་དང་དགོངས་གཞི་གང་ཞེ་ན། བདག་དང་བདག་འདྲས་རྟོགས་པའི་མི་ནུས་མོད་ཀྱི། དེ་ལྟ་ན་ཡང་ལུང་རིགས་དྲི་མ་མེད་པའི་ལམ་ནས་གཞལ་ན་འདི་ལྟ་སྟེ། ཟླ་བས་བདེ་གཤེགས་སྙིང་པོ་སེམས་ཙམ་པས་བདེན་གྲུབ་ཏུ་ལྟ་བ་དེ་བཀག་པ་མ་གཏོགས་རང་གིས་གཏན་ནས་མི་བཞེད་པར་བཀག་པ་མ་ཡིན་ཏེ། འགྲེལ་པར་མདོ་དྲངས་པ་ལས། འདི་ལ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའམ་བདག་མེད་པར་བསྟན་པས་ཀྱང་རུང་སྟེ་ཞེས་ངོ་བོ་གཅིག་ཏུ་བཞེད་འདུག་པའི་ཕྱིར་རོ། །
འོན་ཀྱང་སྒྲུབ་ཚུལ་གྱི་སྒོ་ནས་དབུ་མ་ལུགས་གཉིས་པོ་ཡོད་པ་དོན་དམ་དུ་བཞེད་མི་བཞེད་ཀྱི་ཁྱད་པར་ལས། ཐལ་འགྱུར་བས་ཡོད་པ་ཀུན་རྫོབ་ཙམ་མ་གཏོགས་གཞན་མི་བཞེད་པའི་ཕྱིར་སེམས་ཙམ་པས་ཡོད་པ་དོན་དམ་དུ་འདོད་པའི་ལུགས་དེ་བཀག་པ་ཡིན་གྱི་མཐར་ཐུག་གི་སྙིང་པོ་བཀག་པ་མ་ཡིན་ཏེ། འདིའི་ཤེས་བྱེད་ཀྱང་གཞུང་འདི་ལས། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །སེམས་མེད་ན་ནི་གཟུགས་ཡོད་མ་འཛིན་ཅིག །ཅེས་གསུངས་པའི་ཕྱིར་དང༌། གནས་སྐབས་ཡུལ་དང་ཡུལ་ཅན་དུ་འབྲེལ་བའི་ཀུན་རྫོབ་པའི་ཆོས་མེད་པར་གཏན་ལ་ཕབ་པའང་ལུགས་གཉིས་ཀ་མཐུན་པ་ཡིན་ཏེ། ཡང་འདི་ལས། ཤེས་བྱ་མེད་ན་ཤེས་པ་བཀག་གྲུབ་པས། །དང་པོ་ཤེས་བྱ་བཀག་པར་མཛད་པ་ཡིན། །ཞེས་དང༌། མདོ་སྡེ་རྒྱན་ལས། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་སོ། །མཐར་ཐུག་བདེ་བར་གཤེགས་པའི་སྙིང་པོ་ནི་ཐལ་འགྱུར་གྱིས་ཀྱང་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་ལ་བཞེད་པས་ལུགས་གཉིས་ཀ་མཐུན་པ་ཡིན་ནོ། །
འདིར་དྲང་དོན་དུ་གསུངས་པའི་དགོངས་གཞི་ཡང་འདི་ལྟ་སྟེ། ད་ལྟ་ལྟ་བ་གཏན་ལ་ཕབ་པའི་སྐབས་ཡོངས་གཅོད་ཀྱི་ལྟ་བ་གཙོ་བོ་མི་སྟོན་པར་རྣམ་བཅད་ཀྱི་ལྟ་བ་གཙོ་བོར་སྟོན་ཏེ། སྙིང་པོའི་ངོ་བོ་ཀུན་རྫོབ་མིན་ཀྱང་ཡོད་པ་དོན་དམ་དུ་འདོད་ན་དེར་ཞེན་འཛིན་པ་ལས་མ་འདས་པའི་ཕྱིར་དེ་ཀུན་རྫོབ་ཡིན་གྱི་དོན་དམ་པར་མི་འགྱུར། དོན་དམ་པར་སྤྲོས་པའི་ཆོས་གང་ཡང་མེད་མཉམ་དུ་གཏན་ལ་མ་ཕབ་ན་ཡེ་ཤེས་སྤྲོས་བཅས་སུ་འགྱུར་ཞིང༌། དེ་གཏན་ལ་ཕབ་པའི་གྲུབ་དོན་མཐར་སྒོམ་པ་ཉམས་སུ་བླངས་དུས་གསལ་ཆ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཚན་འཛིན་གྱི་རྣམ་པར་རྟོག་པའི་སྤྲོས་པ་ལྡོག་སླ་བའི་ཆེད་དུ་དགོངས་པ་སྟེ། འདིའི་ཤེས་བྱེད་ཀྱང་དེ་ཉིད་ལས། རྟོག་རྣམས་དངོས་པོ་ཡོད་ན་འབྱུང་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །ཞེས་དང༌། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་རྣམས་གྲོལ་བར་འགྱུར། །རྟོག་རྣམས་ལོག་པར་འགྱུར་བ་གང་ཡིན་པ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་སོ། །
འོ་ན་རྣམ་བཅད་དང་ཡོངས་གཅོད་ཀྱི་ལྟ་བ་གཉིས་གང་དབང་བཙན་པར་འཇོག་ཅེ་ན། སྔ་མ་དོན་སྤྱི་ཙམ་དང༌། ཕྱི་མ་རང་མཚན་རྟོགས་པ་ཞེས་འཇོག་པས། ཕྱི་མ་འདི་ཉིད་དབང་བཙན་པར་བཞག་དགོས་ཏེ། རྒྱུད་བླ་མ་ལས། ཆོས་ཀྱི་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་སོ། །
གསུམ་པ་ནི།
འདིར་ནི་སེམས་ཡེ་ཤེས་ཕྱེ་ནས། །ཡེ་ཤེས་བསྟན་པའི་སྐབས་ཡིན་པས། །
ཞེས་པ་སྟེ། བཀའ་བར་པའི་དགོངས་འགྲེལ་རིགས་ཚོགས་ཀྱི་སྐབས་སུ་ཀུན་རྫོབ་མ་གཏོགས་པའི་ཆོས་གཞན་མེད་པར་བཞེད་པ་སྟེ། དཔེར་ན་ཆོས་ཅན་དང་ཆོས་ཉིད། རྣམ་ཤེས་དང་ཡེ་ཤེས། སྐྱེ་བ་དང་འགག་པ། རྣམ་རྟོག་དང་ཡེ་ཤེས་སོགས་ལྟོས་གྲུབ་ཏུ་་འཇོག་པ་ཐམས་ཅད་ཐ་སྙད་དུ་ཡོད་མཉམ་དང་དོན་དམ་པར་གཅིག་དང་ཐ་དད་གང་དུའང་འཇོག་ཏུ་མེད་པར་དོན་དམ་ཁས་ལེན་དང་བྲལ་བར་བཞེད་པ་དང༌། མཐའ་མའི་དགོངས་འགྲེལ་གྱི་སྐབས་འདིར་དོན་དམ་མ་གཏོགས་པའི་ཆོས་གཞན་མེད་པར་བཞེད་པ་སྟེ། དཔེར་ན་སེམས་ནི་འདུས་བྱས་དང༌། ཡེ་ཤེས་ནི་འདུས་མ་བྱས་པ། སེམས་ནི་རྣམ་ཤེས། ཡེ་ཤེས་ནི་རྣམ་ཤེས་ལས་འདས་པ། སེམས་ནི་སྐྱེ་འགག་དང་བཅས་པ། ཡེ་ཤེས་ནི་སྐྱེ་འགག་ལས་འདས་པ། སེམས་ནི་གློ་བུར་བའི་འཁྲུལ་རྟོག ཡེ་ཤེས་ནི་རང་གནས་ཀྱི་ཆོས་སྐུ་སོགས་སེམས་དང་ཡེ་ཤེས་ཤན་ཕྱེ་ནས་ཡེ་ཤེས་རྩལ་དུ་སྟོན་པའི་སྐབས་ཀུན་རྫོབ་པའི་ཆོས་གང་ཡང་མེད་པར་བཞེད་པ་སྟེ། སེམས་འགྲེལ་ལས། སྟོང་པ་ཉིད་ནི་བསྟན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་སྟེ། །དེ་དག་ཀུན་གྱིས་རྣམ་ཤེས་ལྡོག །ཡེ་ཤེས་ཉམས་པར་བྱེད་མ་ཡིན། །ཞེས་དང༌། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མེ་ཡིས་དག་པའི་གོས། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །ཡེ་ཤེས་ཀྱིས་ནི་ཉོན་མོངས་བསྲེག །ཁམས་དེ་ཉམས་པར་གྱུར་མ་ཡིན། །ཞེས་སོ། །
བཞི་པ་ནི།
རིག་པའི་ཡེ་ཤེས་དྲང་དོན་དུ། །འདོད་ན་ཧ་ཅང་ཐལ་བར་འགྱུར། །
ཞེས་པ་སྟེ། འདི་ལ་དྲང་ངེས་ཀྱི་རྣམ་གཞག་ཇི་ལྟར་འཇོག་ཅེ་ན། དེ་ཡང་བཀའ་ཡི་དབང་དུ་བྱས་ན་འཁོར་ལོ་དང་པོར་ཀུན་རྫོབ་ཀྱི་སྣང་ཚུལ་གཙོ་བོར་སྟོན་པའི་ཕྱིར་དྲང་དོན་དང༌། བར་པ་དེའི་གནས་ཚུལ་གཙོ་བོ་སྟོན་པའི་ཕྱིར་གནས་སྐབས་ཀྱི་ངེས་དོན་དང༌། ཐ་མར་དོན་དམ་གཉིས་སུ་མེད་པའི་ཡེ་ཤེས་གཙོ་བོར་སྟོན་པའི་ཕྱིར་མཐར་ཐུག་གི་ངེས་དོན་དུ་འཇོག་པ་ཡིན་ནོ། །
འདིར་ཡེ་ཤེས་གཙོ་བོར་སྟོན་པའི་སྐབས་ཡིན་པས་རིག་པའི་ཡེ་ཤེས་དྲང་དོན་དུ་འདོད་ན། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་དང༌། ཆོས་ཀྱི་དབྱིངས་དང༌། མྱ་ངན་འདས་པ་སོགས་ཐམས་ཅད་དྲང་དོན་དུ་འདོད་དགོས་ཏེ། དེ་ལྟ་ན་ནི་ངེས་དོན་གཏན་ནས་མི་རྙེད་པའི་ཕྱིར་ཧ་ཅང་ཐལ་བའི་སྐྱོན་དུ་འགྱུར་རོ། །
ཡང་བདེན་པ་གཉིས་ཀྱི་དབང་དུ་བྱས་ན། ཀུན་རྫོབ་ཀྱི་རྣམ་པར་གཞག་པ་ཐམས་ཅད་དྲང་དོན་དང༌། དོན་དམ་པའི་བདེན་པ་སྟོན་པ་ཐམས་ཅད་ངེས་དོན་ཏེ། ཏིང་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་དང༌། འཇུག་པ་ལས། སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་གསུངས་པས། སྟོང་པ་ཉིད་ཀྱི་རྣམ་གྲངས་ཀྱང་དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་སོ། །
བཞི་པ་ངེས་དོན་དུ་ཐག་བཅད་པ་ནི།
དེས་ན་སེམས་ཀྱི་གནས་ལུགས་འདི། །དབྱིངས་དང་ཡེ་ཤེས་དབྱེར་མེད་པས། །
སྟོང་པའི་ཆ་ལས་སྤྲོས་བྲལ་དང༌། །གསལ་བའི་ཆ་ལས་ཡེ་ཤེས་བསྟན། །
ཞེས་པ་སྟེ། དེ་ཡང་དབུ་མ་ལུགས་གཉིས་ཀྱི་ལྟ་དང་སྒོམ་པའི་ཚུལ་ལ་སྒྲོ་འདོགས་ལེགས་པར་ཆོད་ན། བསྒོམ་བྱ་སེམས་ཀྱི་གནས་ལུགས་འདི་གཤིས་ལ་ཇི་ལྟར་གནས་པ་ལྟར་ལྟ་བས་ཡོད་པ་བཀག་མ་དགོས་སྒོམ་པས་མེད་པ་སྒྲུབ་མ་དགོས་པར་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་སམ་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཏེ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་དབྱེར་མེད་ཡེ་ལྡན་དུ་བཞུགས་པས་མདོ་སྔགས་ཀྱིས་བསྡུས་པའི་གསུང་རབ་མཐའ་དག་གི་ངེས་དོན་མཐར་ཐུག་འོད་གསལ་ཆོས་སྐུའི་དགོངས་པ་སེམས་ཐོག་ཏུ་ཐག་བཅད་པ་ཡང༌། སྟོན་པ་ཉིད་ཀྱིས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོ། །
དེ་ཡང་འཁྲུལ་པའི་སེམས་ལ་འཇོག་པར་མ་ཡིན་པར་ཆོས་ཉིད་ཀྱི་སེམས་ལ་བཞེད་པ་སྟེ། རྒྱལ་ཚབ་བྱམས་པས། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་པ་རང་བཞིན་ལ་བརྗོད་དོ། །ཞེས་དང༌། མདོ་ལས། ཡུན་རིང་དུས་སུ་ཚུལ་ཁྲིམས་སྲུང་བྱེད་ཅིང༌། །བསྐལ་པ་བྱེ་བར་བསམ་གཏན་བརྟེན་བྱས་ཀྱང༌། །ཡང་དག་དོན་གྱི་མཐའ་ནི་མ་རྟོགས་ན། བསྟན་པ་འདི་ལ་སུ་ཡང་གྲོལ་མི་འགྱུར། །ཞེས་སོ། །
དེ་ཡང་དབུ་མ་ལུགས་གཉིས་པོ་གནས་སྐབས་ལྟ་སྤྱོད་ཀྱི་འཇོག་ཚུལ་ཐ་དད་ཀྱང༌། མཐར་ཐུག་མཉམ་པར་བཞག་པའི་ངོ་ན་སྟོང་པའི་ཆ་ལས་ཡུལ་ཆོས་དབྱིངས་སྤྲོས་བྲལ་དང་གསལ་བའི་ཆ་ལས་ཡུལ་ཅན་འཕགས་པའི་ཡེ་ཤེས་བཞེད་པ་ཡང་ལུགས་གཉིས་ཀ་མཐུན་ཏེ། ཐལ་འགྱུར་བས་མཐའ་གཅིག་ཏུ་རང་རིག་ལ་སོགས་པ་ཇི་ཙམ་བཀག་ཀྱང་མཉམ་གཞག་གི་ཡེ་ཤེས་མི་འགོག་སྟེ། རིན་ཆེན་ཕྲེང་བ་ལས། གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་འཕགས་པའི་གཉིས་སུ་མེད་པའི་ཡེ་ཤེས་བཞེད་པ་དང༌། འཇུག་པ་ལས། རྣམ་ཀུན་མཁྱེན་གཉིས་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །ཅེས་སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་མཚན་ཉིད་པར་བཞེད་པ་དང༌། ཡུམ་ལ་བསྟོད་པ་ལས། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་ཆོས་ཉིད་དོན་དམ་པའི་གནས་ལུགས་ཡེ་ཤེས་ཀྱིས་རྟོགས་པར་བསྟན་པ་དང༌། རྒྱུད་བླ་མ་ལས། ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་རང་གནས་ཆོས་སྐུའི་རང་ཞལ་ཀྱང་ཡེ་ཤེས་ཀྱིས་མཐོང་བར་གསུངས་པ་རྣམས་ཤིན་ཏུ་མཐུན་པའི་ཕྱིར་དང༌། ཡུལ་ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པའི་ཕྱིར་དེ་ལ་དམིགས་པའི་ཡུལ་ཅན་གྱི་ཡེ་ཤེས་ལའང་རྣམ་པ་ཐ་དད་པ་མེད་དེ། མདོ་རྒྱན་དུ། དེ་བཞིན་ཉིད་དམིགས་ཡེ་ཤེས་ནི། །རྣམ་པ་ཐ་དད་ཡོད་མ་ཡིན། །ཞེས་སོ། །
ལྔ་པ་རྟག་ཆད་སེལ་ཚུལ་བསྟན་པ་ནི།
ངོ་བོ་སྟོང་ཡང་རང་བཞིན་གསལ། །རྟག་དང་ཆད་པའི་མཐའ་ལས་འདས། །
དབྱེར་མེད་ཟུང་འཇུག་གནད་རྟོགས་ན། །ཕྱོགས་རེ་འཛིན་པའི་དམིགས་གཏད་ཞི། །
ཞེས་པ་སྟེ། དེ་ཡང་རང་སྟོང་གིས་མཐའ་བྲལ་དུ་གཏན་ལ་ཕབ་པས་ངོ་བོ་སྟོང་ཡང༌། གཞན་སྟོང་གིས་ཟུང་འཇུག་ཏུ་ཉམས་སུ་བླངས་པས་རང་བཞིན་གསལ་བའི་ཕྱིར། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་འདས་ཤིང༌། རང་བཞིན་གསལ་བས་ཆད་པའི་མུ་དང་བྲལ་ཏེ་ཟུང་འཇུག་རབ་ཏུ་མི་གནས་པའི་དོན་ལ་གནས་པ་སྟེ། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་རྟག་དང་ཆད་པའི་བློ། །སྤངས་ནས་རབ་ཏུ་མི་གནས་པ། །ཟུང་དུ་འཇུག་པ་ཞེས་བྱ་བའི། །དེ་ཉིད་རིག་དེ་མཁས་པ་ཡིན། །ཞེས་སོ། །དེ་ལྟ་བུའི་སྟོང་པའི་དབྱིངས་དང་གསལ་བའི་ཡེ་ཤེས་དབྱེར་མེད་ཟུང་འཇུག་གི་གནད་འདི་རྟོགས་ན། ཤིང་རྟ་རྣམ་གཉིས་ཀྱི་དགོངས་པའི་ཆུ་བོ་གཅིག་ཏུ་བབ་པར་སོང་བའི་ཕྱིར་ངེས་དོན་ཕྱོགས་རེ་འཛིན་པའི་དགག་སྒྲུབ་ཀྱི་དམིགས་གཏད་རང་སར་ཞི་བས་རྩོད་པ་མེད་དེ། སློབ་དཔོན་གྱིས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །ཞེས་སོ། །
དེ་ལྟ་བུའི་ཚུལ་ལ་ལེགས་པར་སྦྱངས་ཏེ་གཟིངས་ལས་འཕུར་བའི་བྱ་རོག་ལྟར་ཚིག་གིས་ནམ་འཕང་ཇི་ལྟར་གཅོད་ཀྱང་དོན་གྱི་བབ་ས་གཅིག་ལས་མེད་པར་ཤེས་ན། གཞན་ཟེར་ཚིག་གི་རྗེས་སུ་ཟློ་མི་དགོས་པར་དོན་ལ་ངེས་པའི་གདེངས་རྙེད་ནས་གང་གིས་ཀྱང་དེ་ལས་གཡོ་བར་མི་ནུས་ཏེ། མདོ་ལས། ཇི་ལྟར་མི་གཡོ་རི་རབ་ཆེན་པོ་ནི། །གྲོག་མ་ཀུན་གྱིས་བསྐྱོད་པ་མི་ནུས་ལྟར། །དེ་བཞིན་ཡང་དག་ཚུལ་ལ་ལེགས་བསླབ་པའི། །མཁས་དེ་ལྷ་ཡི་གཟུགས་ཀྱིས་ཀྱང་མི་བསྐྱོད། །ཅེས་སོ། །
གསུམ་པ་གྲུབ་དོན་བསྡུ་བ་ནི།
འཁོར་ལོ་བར་མཐའ་འགལ་མེད་དུ། །བསྟན་པའི་ངེས་གསང་འདི་ཤེས་ན། །
ཐབས་ཀྱི་ཁྱད་པར་མ་གཏོགས་པ། །གསང་སྔགས་ལ་ཡང་འདི་ལས་མེད། །
ཅེས་པ་སྟེ། དེ་ལྟར་འཁོར་ལོ་བར་མཐའི་དགོངས་པ་འགལ་མེད་དུ་བསྟན་པའི་ངེས་གསང་ཐུན་མོང་མ་ཡིན་པའི་གནད་འདི་མདོར་བསྡུ་ན། ལྟ་བའི་ངོ་བོ་ཡུལ་ཆོས་དབྱིངས་ལ་བཞེད་པ་དང༌། ཡུལ་ཅན་ཡེ་ཤེས་ལ་བཞེད་པ་གནས་སྐབས་ཀྱི་ཁྱད་པར་ཙམ་མ་གཏོགས་མཐར་ཐུག་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཀློང་དུ་བཞེད་ཕུགས་མཐུན་པས། དེ་ལ་འཇུག་པའི་གོ་རིམ་མ་ནོར་བར་མཐའ་བྲལ་དུ་གཏན་ལ་ཕབ་སྟེ་ཟུང་འཇུག་ཏུ་ཉམས་སུ་བླངས་ཤེས་ན། ལྟ་བའི་དབྱིངས་དང་སྒོམ་པའི་ཡེ་ཤེས་ཟུང་དུ་འཇུག་པའི་གནད་ཀྱིས་ས་ལམ་ཆིག་ཆོད་དུ་གྱུར་ནས་རྫོགས་པའི་བྱང་ཆུབ་ལ་དཀའ་བ་མེད་དེ། ཀུན་མཁྱེན་པད་དཀར་ཞབས་ཀྱིས། ཚུལ་གཉིས་ཤིང་རྟ་གང་གིས་ཞོན་པ་དེ། །རྫོགས་པའི་སངས་རྒྱས་བགྲོད་ལ་དཀའ་བ་ཅི། །ཞེས་སོ། །
འདི་ལས་གཞན་དུ་རྟོགས་བྱེད་ཐབས་ཀྱི་ཁྱད་པར་ཙམ་མ་གཏོགས་རྟོགས་བྱ་ལྟ་བའི་ངོས་ནས་གཞན་ན་གསང་ཆེན་རྡོ་རྗེ་ཐེག་པའི་ལུགས་ལའང་འདི་ལས་ལྷག་པར་མེད་པ་སྟེ། རྗེ་མི་ལས། ཟབ་མོ་དབུ་མའི་ལྟ་བ་ལས། །ལྷག་པའི་ལྟ་བ་གསང་ཆེན་ལ། །ཡོད་པར་ཞལ་གྱིས་མི་བཞེས་སོ། །ཞེས་སོ། །དེས་ན་རང་ལུགས་ཀུན་མཁྱེན་པད་དཀར་ཞབས་ཀྱིས་སྔགས་ལུགས་དབུ་མ་ཆེན་པོར་བཞེད་པའང་དོན་འདི་ལ་དགོངས་པ་སྟེ། མདའ་བསྣུན་ཞབས་ཀྱིས། རྟོགས་པར་གྱུར་ན་ཐམས་ཅད་འདི་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་སྒོམ་པའང་དེ། །བསྟན་བཅོས་སྙིང་ལ་འཆང་བའང་དེ་ཡིན་ནོ། །ཞེས་སོ། །
དེ་ལྟར་ལུང་དང་རིགས་པའི་ལམ་ནས་ཚུལ་གཉིས་འགལ་མེད་དུ་གྲུབ་པ་འདི་ཡང་བླུན་པོའི་མིག་སྔར་ངོ་མཚར་མི་ཆེ་ཡང༌། གཟུར་གནས་མཁས་པའི་སྤྱན་སྔར་མཛེས་པར་འགྱུར་ཏེ། མདོ་སྡེ་རྒྱན་ལས། རིན་ཆེན་རིགས་ལྡན་རིན་ཐང་མེད། །ལྟ་མི་ཤེས་པས་མིག་མི་མགུ། །དེ་བཞིན་མི་མཁས་ཆོས་འདི་ལ། །བཟློག་ན་དེ་བཞིན་མགུ་བར་འགྱུར། །ཞེས་སོ། །
གསུམ་པ་སྐབས་ཀྱི་མཇུག་སྡུད་བསྟན་པ་ནི།
སྣང་སྟོང་དང་ནི་གནས་སྣང་གི །བདེན་གཉིས་ཟུང་དུ་འཇུག་པ་ཡི། །
གཉིས་མེད་རོ་མཉམ་ཆེན་པ་འདི། །གནས་ལུགས་གཞི་ཡི་དབུ་མའོ། །
ཞེས་པ་སྟེ། སྣང་སྟོང་རྟེན་འབྱུང་གི་བདེན་གཉིས་སམ་གནས་སྣང་ཆོས་ཀྱི་བདེན་གཉིས་ཟུང་དུ་འཇུག་སྟེ། སྣང་ཚུལ་རྟེན་འབྱུང་བསླུ་བ་མེད་པ་འདི་དང༌། གནས་ཚུལ་སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུ་འདི་གཉིས་དབྱེར་མི་ཕྱེད་པའི་རོ་མཉམ་ཆེན་པོ་འདི་ནི། ཤེས་མཐོང་གིས་གསར་དུ་བཞག་པ་ལྟ་བུ་མ་ཡིན་པར་ཡེ་ནས་གཞི་འབྲས་དབྱེར་མེད་དུ་གནས་པ་སྟེ། རྒྱལ་དབང་རྗེའི་ཞལ་སྔ་ནས། གཞི་འབྲས་རང་བཞིན་དབྱེར་མེད་གཞི་ཡིན་ཏེ། །དེ་ལྟར་མ་རྟོགས་རྟོགས་བྱེད་ལམ་ཡིན་ནོ། །ཞེས་སོ། །དེས་གནས་ལུགས་གཞིའི་དབུ་མ་བསྡུས་པར་བསྟན་པའི་སྐབས་ཏེ་དང་པའོ། །
གཉིས་པ་ལམ་དབུ་མ་ཚོགས་གཉིས་ཀྱི་རྣམ་གཞག་བཤད་པ་ལ་གཉིས། ལམ་མདོར་བསྟན་པ་དང༌། འཇུག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི།
ལམ་ནི་ཚོགས་གཉིས་ཟུང་འཇུག་ཏུ། །ཉམས་སུ་བླང་ཚུལ་བསྟན་པ་ལ། །
ཐབས་མཁས་སྣང་བཅས་བསོད་ནམས་དང༌། །སྣང་མེད་ཡེ་ཤེས་གཉིས་སུ་བསྡུས། །
ཞེས་པ་སྟེ། དེ་ལ་གཞི་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་ཆོད་ནས་ལམ་ཚོགས་གཉིས་ཟུང་འཇུག་ཏུ་ཉམས་སུ་བླང་ཚུལ་བསྟན་པ་ལ། ཐབས་མཁས་རྒྱུ་ཡི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་སྣང་བཅས་བསོད་ནམས་ཀྱི་ཚོགས་དང༌། ཐབས་བྱུང་འབྲས་བུའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཏེ། དེ་གཉིས་སུ་ཐབས་ཤེས་ལམ་གྱི་རྣམ་གཞག་ཐམས་ཅད་བསྡུས་པ་སྟེ། ཀུན་མཁྱེན་དྲི་མེད་འོད་ཟེར་ཞབས་ཀྱིས། ཕ་རོལ་ཕྱིན་ལྔ་སྣང་བཅས་བསོད་ནམས་དང༌། །ཤེས་རབ་ཡེ་ཤེས་ཚོགས་གཉིས་བསྟེན་པར་མཛོད། །ཅེས་སོ། །
དེ་ལ་འཇུག་པའི་རིམ་གང་ཞེ་ན། དང་པོ་བསོད་ནམས་ཀྱི་ཚོགས་ལ་མ་བརྟེན་པར་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མི་འགྱུར་བས་དེའི་ཆེད་དུ་ཐབས་སྦྱིན་སོགས་ལྔ་པོ་དག་ལ་བརྟེན་དགོས་པར་གསུངས་ཏེ། ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅན་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་སོ། །དེ་ཡང་ཐབས་མཁས་རྒྱུའི་ཤེས་རབ་ཀྱིས་མ་ཟིན་ན་ཐར་པའི་ལམ་དུ་མི་འགྱུར་ཏེ། སྡུད་པ་ལས། ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས། །རྫོགས་པའི་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་སོ། །
དེས་ན་ཐར་པའི་རྒྱུའི་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པས་ལམ་འདི་ལ་མ་བརྟེན་པར་བྱང་ཆུབ་གསུམ་པོ་གང་ཡང་མི་ཐོབ་སྟེ། སྤྱོད་འཇུག་ལས། གང་ཕྱིར་ལུང་ལས་ལམ་འདི་ཉིད། །མེད་པར་བྱང་ཆུབ་མེད་པར་གསུངས། །ཞེས་སོ། །
ཐབས་བྱུང་འབྲས་བུའི་ཤེས་རབ་འདི་ཡོད་ན་འཁོར་བར་མི་གནས་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་སོ། །
འོ་ན་གཉིས་ཀ་དགོས་སམ་ཞེ་ན། དགོས་ཏེ་ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ཞི་བ་ཕྱོགས་གཅིག་ཏུ་འཆིང་བ་དང༌། ཤེས་རབ་དང་བྲལ་བའི་ཐབས་ཀྱིས་འཁོར་བར་འཆིང་བའི་རྒྱུ་སྟེ། ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་དག་ཀྱང༌། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་དང༌། སྡུད་པ་ལས། དེ་ཉིད་ཐབས་དང་ཤེས་རབ་མཆོག་གིས་ཡོངས་ཟིན་ན། །མི་ཉམས་དེ་བཞིན་གཤེགས་ཀྱི་བྱང་ཆུབ་ལ་རེག་འགྱུར། །ཞེས་སོ། །
དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ལམ་འདི་ཉིད་བསྟན་པ་འདི་ལས་ཕྱིར་ཕྱོགས་པ་རྣམས་ལ་མེད་པའི་ཕྱིར། བྱ་སྲད་བུས་བརྟོད་པ་ལྟར་ཤིན་ཏུ་རིང་པོར་ཕྱིན་ཡང་ཁམས་གསུམ་ལས་འདའ་བར་མི་ནུས་ཏེ། སློབ་དཔོན་དཔའ་བོས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང༌། །སྡུག་བསྔལ་ཡང་འབྱུང་འཁོར་བར་འགྱུར། །ཞེས་སོ། །
གཉིས་པ་འཇུག་ཚུལ་རྒྱས་པར་བཤད་པ་ལ་གཉིས། ལམ་ཚོགས་གཉིས་སུ་འཇུག་ཚུལ་དང༌། བདག་མེད་དུ་གཏན་ལ་ཕབ་ཚུལ་བཤད་པའོ། །དང་པོ་ལ་གཉིས། དོན་དམ་སྣང་མེད་དང༌། ཀུན་རྫོབ་སྣང་བཅས་ངོས་བཟུང་བའོ། །དང་པོ་ལ་གཉིས། སྣང་མེད་དངོས་དང༌། རྗེས་མཐུན་བཤད་པའོ། །དང་པོ་ནི།
མཉམ་རྗེས་རིས་མེད་སངས་རྒྱས་ལ། །ཡུལ་དབང་ཤེས་སོགས་གནས་དག་པས། །
མ་དག་འཁྲུལ་སྣང་ཆ་ཙམ་ཡང༌། །རྣམ་ཀུན་སྣང་བ་མེད་པར་འདོད། །
ཅེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་སྟེ་ཆོས་ཐམས་ཅད་རྣམ་པར་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་ཕྱིར་མཉམ་རྗེས་རིས་སུ་མེད་པ་སྟེ། རྒྱ་ཆེར་རོལ་པ་ལས། ཡང་དག་རྫོགས་པའི་སངས་རྒྱས་རྣམས། །དུས་རྣམ་རྟག་ཏུ་མཉམ་པར་འཇོག །ཅེས་དང༌། གླང་ཆེན་གཟིམས་ཀྱང་མཉམ་པར་བཞག །གླང་ཆེན་མནལ་ཡང་མཉམ་གཞག་ཡིན། །ཞེས་སོ། །
དེར་མ་ཟད་དག་པ་ས་གསུམ་ནས་ཉོན་ཡིད་གནས་དག་པས་རྣམ་པར་མི་རྟོག་པ་ལ་དབང་བ་དང༌། དབང་པོ་གནས་དག་པས་ཞིང་དག་པ་པ་ལ་དབང་དང༌། ཡིད་ཤེས་གནས་དག་པས་ཡེ་ཤེས་ལ་དབང་བ་དང༌། ཀུན་གཞི་གནས་དག་པས་ཕྲིན་ལས་ལ་དབང་ཐོབ་པ་སྟེ། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པ་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང༌། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིས་གནས། །ཞེས་སོ། །
དེས་ན་ལས་དང་འཁྲུལ་པའི་བག་ཆགས་ཀྱི་རྒྱུ་ཟད་པའི་ཕྱིར་ཀུན་རྫོབ་འཁྲུལ་པའི་སྣང་བ་ཆ་ཙམ་ཡང་རྣམ་པ་ཀུན་ཏུ་གཟིགས་པར་མི་འགྱུར་ཞེས་སྣང་བ་མེད་པར་འདོད་པ་སྟེ། ཁྱད་པར་འཕགས་བསྟོད་ལས། ཁྱོད་ནི་ཞི་བར་གཤེགས་གྱུར་ནས། །ཞུགས་གུམ་ལྟ་བུར་བགྲང་དུ་མེད། །ཅེས་སོ། །
འོ་ན་སྐུའི་སྣང་བ་དང་གསུང་གི་བརྗོད་པ་དང་ཐུགས་ཀྱི་ཆོས་སྟོན་པའི་དགོངས་པ་སོགས་གང་ཡང་བགྲང་དུ་མེད་དམ་ཞེ་ན། དེའི་གནས་ཚུལ་ལས་བརྩམས་ཏེ་ཅུང་ཟད་བཤད་པར་བྱ་སྟེ། ཆོས་ཀྱི་སྐུ་ལ་གཟུགས་མེད་པས་སྐུའི་སྣང་བ་སྟོན་པ་མེད་དེ། མདོ་སྡེ་རྒྱན་ལས། ཟག་མེད་དབྱིངས་ནས་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས། ཆོས་གང་ལུས་གཟུགས་མེད་པ་གང༌། །དེ་ནི་དེ་བཞིན་གཤེགས་པའོ། །ཞེས་སོ། །འདི་ལ་ངག་དང་སེམས་ཀྱི་འཇུག་པ་ལོག་པས་གསུང་གི་བརྗོད་པ་ཡང་མེད་དེ། རྩར་ཤེར་ལས། བརྗོད་པར་བྱ་བ་ལོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་སོ། །
ངེས་པའི་དོན་ལ་བློ་མི་འཇུག་པའི་ཕྱིར་ཆོས་སྟོན་པའི་ཀུན་སློང་ཡང་མི་མངའ་སྟེ། དེ་ཉིད་ལས། སངས་རྒྱས་ཀྱིས་ནི་གང་དུ་ཡང༌། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་སོ། །འོ་ན་ཆོས་གང་ལས་འབྱུང་ཞེ་ན། རང་བཞིན་མེད་པ་ལས་རང་བཞིན་མེད་པའི་ཆོས་འབྱུང་བ་སྟེ། ཡང་དེ་ཉིད་ལས། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པ་ཁོ་ནར་འབྱུང་བར་འགྱུར། །ཞེས་སོ། །
དེ་ལ་ངག་དང་ཚིག་མེད་པས་སྟོང་པ་ལས་ཆོས་ཇི་ལྟར་འབྱུང་ཞེ་ན། མོས་པའི་རྗེས་སུ་འགྲོ་ན་ནམ་མཁའ་སྟོང་པ་ལས་ཀྱང་ཆོས་ཀྱི་སྒྲ་འབྱུང་བ་སྟེ། འཇུག་པ་ལས། ཟིན་དང་སྤྲུལ་པ་མཁའ་གཞན་ལས་དེའི་མཐུས། །སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ། །ཞེས་སོ། །
དེ་ལས་གཞན་དུ་རང་བཞིན་མེད་པ་ལ་རང་བཞིན་དང་བཅས་པར་འཛིན་ན་ལོག་པར་འགྱུར་ཏེ། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡི། །སྐྱེ་བོ་དེ་དག་ང་མ་མཐོང༌། །ཞེས་སོ། །
འོ་ན་རང་བཞིན་མེད་པའི་སངས་རྒྱས་ཀྱིས་སེམས་ཅན་ཇི་ལྟར་གཟིགས་ཤེ་ན། མཐར་ཐུག་གི་དོན་ལ་སེམས་ཅན་མ་ཟད་སངས་རྒྱས་ཀྱང་མེད་ན་གཟིགས་མི་གཟིགས་ཀྱི་རྣམ་གཞག་འཇོག་ཏུ་མེད་པ་སྟེ། རྗེ་མི་ལས། དོན་དམ་བདེན་པའི་དབང་དུ་ན། །སེམས་ཅན་མེད་ཅིང་སངས་རྒྱས་མེད། །འཁོར་དང་མྱ་ངན་འདས་པའི་ཆོས། །མིང་དང་ཚིག་གིས་བཏགས་པ་ཙམ། །ཞེས་སོ། །
འོ་ན་ད་ལྟའི་ཀུན་རྫོབ་འདི་ཤུལ་ན་ལུས་པས་སོ་ཞེ་ན། འདི་ནི་སངས་རྒྱས་ལས་གཞན་པའི་སེམས་ཅན་གྱི་འཁྲུལ་སྣང་ཡིན་པ་སྟེ། ཞི་བ་ལྷས། འདི་ནི་གཞན་སེམས་རྣམ་རྟོག་སྟེ། །དེ་ནི་རང་གི་ཀུན་རྫོབ་མིན། །ཞེས་སོ། །
འོ་ན་ཤེས་བྱ་ཇི་སྙེད་པ་ཇི་ལྟར་གཟིགས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡུལ་དང་ཡུལ་ཅན་གྱི་གཉིས་སྣང་ཟད་པའི་སྟོབས་ཀྱིས་རང་ངོ་ཇི་ལྟ་བ་གཟིགས་པ་ལས་མ་གཡོས་བཞིན་དུ་ཇི་སྙེད་པའི་ཆོས་ཐམས་ཅད་རང་དང་རོ་མཉམ་པའི་ངང་ནས་མ་འདྲེས་ཅིག་ཅར་དུ་གཟིགས་པ་སྟེ། འཇུག་པ་ལས། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཡིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་སོ། །
འོ་ན་ཤེས་བྱ་ལ་མཐའ་མེད་པས་མཐའ་མེད་མཁྱེན་ན་མཐའ་ཅན་འགྱུར་བའི་ཕྱིར་ཐམས་ཅད་མཁྱེན་པ་མི་སྲིད་དོ་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱའི་མཐའ་ནི་འདིའོ་ཞེས་མཐའ་བཟུང་ནས་མཁྱེན་པ་མ་ཡིན་ཏེ། སྡུད་པ་ལས། ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །འཇིག་རྟེན་མཁྱེན་པའི་ཤེས་རབ་དེ་ཡང་ཕ་མཐའ་མེད། །ཅེས་སོ། །དེ་ཡང་ཤེས་བྱའི་རྣམ་པ་མཐའ་ཡས་ཀྱང་ངོ་བོ་ཆོས་ཉིད་གཅིག་གི་རོལ་པ་ལས་མི་འདའ་བའི་ཕྱིར་གཅིག་ལས་དུ་མར་འཆར་བའི་ཚུལ་གྱིས་ཤེས་བྱ་ཐམས་ཅད་མཁྱེན་པ་ཡིན་ནོ། །
འོ་ན་ཆོས་ཉིད་དེ་ཇི་ལྟ་བུ་ཞེ་ན། ཆོས་ཅན་གྱི་རྣམ་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཉིད་དོ། །འོ་ན་ཆོས་ཅན་གྱི་རྣམ་པ་མཐོང་བའི་ཚེ་དེའི་ཆོས་ཉིད་ཀྱང་ཅི་ཕྱིར་མི་མཐོང་སྟེ་མཐོང་བ་ཐལ། མ་མཐོང་ན་ཆོས་ཉིད་མ་ཡིན་པར་འགྱུར་ཏེ་ཡིན་ན་མཐོང་དགོས་པའི་ཕྱིར་ཞེ་ན། ཆོས་ཉིད་དེ་ལྟར་གནས་ཀྱང་སེམས་ཅན་གྱིས་མི་མཐོང་སྟེ། ཅི་ཕྱིར་ཞེ་ན། དངོས་པོར་ཞེན་པའི་བག་ཆགས་ཀྱིས་བློ་ཕྱིན་ཅི་ལོག་ཏུ་སོང་བའི་ཕྱིར་གནས་ཚུལ་ལ་མེད་པའི་ཆོས་ཅན་མཐོང་ཡང་ཡོད་པའི་ཆོས་ཉིད་མི་མཐོང་སྟེ། མདོ་སྡེ་རྒྱན་ལས། འདི་ལ་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་སོ། །
འོ་ན་སེམས་ཅན་གྱིས་ཆོས་ཉིད་མི་མཐོང་བ་ལྟར་སངས་རྒྱས་ཀྱིས་ཀྱང་ཆོས་ཅན་མི་གཟིགས་པ་ཐལ། གཟིགས་ན་གནས་ཚུལ་དང་འགལ་བའི་ཕྱིར་ཞེ་ན། མི་འགལ་ཏེ་སངས་རྒྱས་ལ་མཉམ་རྗེས་རིས་སུ་མེད་པའི་ཕྱིར་དང༌། གནས་སྣང་མཐུན་པར་གཟིགས་པའི་ཕྱིར་དང༌། མི་ཤེས་པའི་རྒྱུ་ཤེས་བྱའི་བག་ཆགས་དང་བྲལ་བའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་རིང་དུ་གནས་པ་རྣམས་ཀྱང་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་གཟིགས་ན་གཞན་ལྟ་ཅི་མི་གཟིགས་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་མཚན་ཉིད་པར་བཤད་པའི་ཕྱིར་ཏེ། གཞན་ནི་ཉེ་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་སོ། །
དེས་ན་སྟོབས་བཅུ་མངའ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པར་མི་རྟོག་བཞིན་དུ་ཤེས་བྱ་མཐའ་ཡས་པའི་ཡུལ་ལ་མཐའ་ཡས་པའི་གཟིགས་པ་ཅིག་ཅར་དུ་འཇུག་པ་ནི་ཚུར་མཐོང་གི་བློ་ཡི་ཡུལ་ལས་འདས་པའི་ཕྱིར་ཐམས་ཅད་མཁྱེན་པ་མི་སྲིད་པའི་གཏན་ཚིགས་མ་གྲུབ་སྟེ། མདོ་སྡེ་རྒྱན་ལས། ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བ་བྱེད་པར་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང༌། །ཞེས་དང༌། ཡབ་སྲས་མཇལ་བའི་མདོ་ལས། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང༌། །རྒྱུ་ཡི་དབྱེ་བ་ཐ་དད་པས། །དེ་མཁྱེན་པ་ནི་རྣམ་མཁྱེན་པ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཅེས་གསུངས་པའི་ཕྱིར་རོ། །
གཉིས་པ་སྣང་མེད་རྗེས་མཐུན་ནི།
མཉམ་བཞག་རྣམ་པར་མི་རྟོག་པའི། །ཡེ་ཤེས་གཟིགས་པ་མངའ་བ་ལ། །
གཟུག་འཛིན་སྣང་བ་མེད་པའི་ཕྱིར། །སྣང་མེད་ཡེ་ཤེས་ཚོགས་ཞེས་བརྗོད། །
ཅེས་པ་སྟེ། འཕགས་པའི་མཉམ་བག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བ་ལ། གཟུང་འཛིན་གྱི་ཆོས་གང་ཡང་སྣང་བ་མེད་པར་སྤྲོས་པ་དང་བྲལ་བའི་གནས་ལུགས་རྟོག་མེད་ཀྱི་ཚུལ་དུ་མྱོང་བ་ལ་མཐོང་བའི་སྒྲར་བསྙད་པ་མ་གཏོགས་གཞན་ཅི་ཡང་མི་སྣང་བའི་ཕྱིར་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཞེས་བརྗོད་པ་སྟེ། དེ་སྐད་དུ། འཕགས་པའི་མཉམ་བཞག་ཡེ་ཤེས་སྤྲོས་བྲལ་དུ། །རང་གིས་མྱོང་ལ་དོན་དམ་མཐོང་ངོ་ཞེས། །ཐ་སྙད་དབང་གིས་མིང་དུ་བརྗོད་པ་ལས། །ཡུལ་དང་ཡུལ་ཅན་ཚུལ་གྱིས་མཐོང་བ་མིན། །ཞེས་དང༌། བདེན་གཉིས་ལས། རྟོག་མེད་ཚུལ་གྱིས་རྟོགས་པས་ན། །སྟོང་ཉིད་མཐོང་ཞེས་ཐ་སྙད་བཏགས། །མ་མཐོང་བ་ཉིད་དེ་མཐོང་བ། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་དང༌། སྡུད་པ་ལས། གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཞེས་སོ། །
དེ་ལྟར་དབུ་མ་ལུགས་གཉིས་པོ་རྗེས་ཐོབ་བསོད་ནམས་ཚོགས་ཆེན་བསགས་པའི་ཐབས་ལ་ཁྱད་པར་ཆེར་མེད་ཀྱང༌། མཉམ་བཞག་ཡེ་ཤེས་ཀྱི་ཚོགས་སམ་སྒོམ་པའི་ལམ་ལ་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་དེ་ཆེས་ཟབ་པ་ཡིན་པས། དེའི་དབང་གིས་འདིར་སྒོམ་པ་གཞན་སྟོང་དང་མཐུན་པར་ཁས་བླངས་པ་སྟེ། འོ་ན་འདིར་བསྟན་པའི་མཉམ་བཞག་ལས་ལྷག་པའི་ཁྱད་ཆོས་ཅི་ཡོད་ཅེ་ན། འདིར་བསྟན་པའི་མཉམ་བཞག་ནི་སྤྲོས་བྲལ་དུ་འཇོག་པ་ཙམ་མ་གཏོགས་རྣལ་འབྱོར་པའི་མངོན་སུམ་གྱིས་ཉམས་སུ་མྱོང་བྱ་མ་བསྟན་པའི་ཕྱིར་དང༌། མཉམ་བཞག་ཏུ་ཅི་ཡང་མ་མཐོང་བ་ལ་མཐོང་བའི་སྒྲར་བསྙད་པ་ཙམ་མ་གཏོགས་དོན་དམ་པའི་མཚན་གཞི་ཡེ་ཤེས་ཡོད་པར་ཞལ་གྱིས་མ་བཞེས་པའི་ཕྱིར་དང༌། མེད་པར་དགག་པ་ནི་ལྡོག་པ་གཞན་སེལ་ལས་མ་འདས་པའི་ཕྱིར་སྒྲ་དང་རྟོག་པའི་ཡུལ་ཡིན་པས། དེ་ཡང་ཀུན་རྫོབ་ཡིན་པར་ཟླ་བའི་ཞལ་གྱིས་བཞེས་པ་སྟེ། འགྲེལ་ཆེན་ལས། མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཡིན་ནམ་ཞེ་ན། བློའི་ཡུལ་དུ་བྱས་པའི་ཕྱིར་དེ་དེ་བཞིན་ནོ། །ཞེས་སོ། །
འོ་ན་རྣལ་འབྱོར་སྤྱོད་པའི་གཞུང་ལས་ཇི་ལྟར་བསྟན་ཅེ་ན། ཆོས་ཉིད་དོན་དམ་པའི་བདེན་པ་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བསྟན་པ་སྟེ། རྒྱུད་བླར། དེ་ལྟར་རྟོགས་པ་གང་ཡིན་པ། །སོ་སོར་རང་གིས་མཐོང་བ་ཡིན། །ཞེས་བསྟན་པའི་ཕྱིར་དང༌། ཆོས་ཉིད་དོན་དམ་པའི་མཚན་གཞི་རང་བྱུང་གི་ཡེ་ཤེས་ལ་བཞེད་པ་སྟེ། དེ་ཉིད་ལས། རང་བྱུང་རྣམས་ཀྱི་ཡེ་ཤེས་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་བསྟན་པའི་ཕྱིར་དང༌། ཆོས་ཉིད་དོན་དམ་པའི་གནས་ཚུལ་ཡང་མེད་པར་དགག་པ་ཙམ་མ་ཡིན་འཁོར་འདས་ཀྱི་གཞིར་བསྟན་པ་སྟེ། མདོ་རྒྱན་དུ། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་བསྟན་པའི་ཕྱིར་རོ། །
འོ་ན་བཀའ་བར་པ་ལས་ཡེ་ཤེས་མ་བསྟན་པའི་རྒྱུ་མཚན་ཅི་ཞེ་ན། གནས་སྐབས་ལྟ་བ་གཏན་ལ་ཕབ་པའམ་དཔྱད་ཅིང་སྒོམ་པའི་དུས་ན་ཡོད་པ་ཏིལ་འབྲུ་ཙམ་ཞིག་བསྟན་ན་ཡང་འཛིན་པ་ཏིལ་གྱི་ཤུན་པ་ཙམ་ཞིག་འབྱུང་ངེས་པར་གཟིགས་པའི་ཕྱིར་དང༌། དེས་ལྟ་སྒོམ་དུག་ཅན་དུ་སོང་བར་དགོངས་པའི་ཕྱིར་ཡེ་ཤེས་ཡོད་པར་མ་བསྟན་པ་སྟེ། ས་ར་ཧས། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང༌། །ནམ་ཡང་སྡུག་བསྔལ་འབའ་ཞིག་སྐྱེད་པར་བྱེད། །ཅེས་དང༌། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་སོ། །མཐར་སྒོམ་པ་ཉག་གཅིག་ཏུ་འཇོག་པའི་དུས་ན་མཐོང་བའི་ལམ་གྱི་ཡེ་ཤེས་མེད་ན་ས་ལམ་གྱི་ཡོན་ཏན་གོང་དུ་འཕེལ་བའང་མི་འགྱུར་ཏེ། དེ་ཉིད་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་ལྟ་བུའི་སངས་རྒྱས་ཆོས་ཀྱང་ག་ལ་ཡོད། །ཅེས་གསུངས་པའི་ཕྱིར་རོ། །
འོ་ན་དཔྱད་དང་འཇོག་པའི་ཁྱད་པར་གང་གིས་འབྱེད་ཅེ་ན། །དཔྱད་པ་སྔོན་དུ་བཏང་བའི་ཤེས་རབ་ཀྱིས་ཁ་ཕྱི་བལྟས་སུ་མ་སོང་བར་གནས་ལུགས་ཀྱི་རང་བཞིན་ཡོངས་སུ་ཤེས་ནས་སྒོམ་པའི་ཡེ་ཤེས་བཙལ་བ་དང༌། འཇོག་པ་སྔོན་དུ་བཏང་བའི་བསམ་གཏན་གྱིས་བླུན་སྒོམ་དུ་མ་སོང་བར་སེམས་ཀྱི་འདུག་ཚུལ་རིག་ནས་ཡང་དག་པའི་ལྟ་བ་བཙལ་བའི་ཁྱད་པར་ཙམ་མ་གཏོགས། དོན་དུ་པཎྜི་ཏའི་དཔྱད་སྒོམ་ལའང་དཔྱད་པའི་ཤེས་རབ་དང་འཇོག་པའི་བསམ་གཏན་གཉིས་ཀ་དགོས་པ་བཤད་མ་ཐག་པ་ལྟར་དང༌། ཀུ་སུ་ལུའི་འཇོག་སྒོམ་ལའང་འཇོག་པའི་བསམ་གཏན་གྱི་ཁར་དཔྱད་པའི་ཤེས་རབ་དགོས་པ་ལུང་གིས་གྲུབ་སྟེ། མདོ་སྡེ་རྒྱན་ལས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་སོ། །དེས་ན་གཉིས་ཀ་ལ་གཉིས་ཀ་དགོས་པ་ཡང་འདི་སྐད་དུ། བསམ་གཏན་མེད་པའི་ཤེས་རབ་སྤྲོས་ལ་ཆས། །ཤེས་རབ་མེད་པའི་བསམ་གཏན་ལུང་མ་བསྟན། །ཅེས་སོ། །
གཉིས་པ་ཀུན་རྫོབ་སྣང་བཅས་ངོས་བཟུང་བ་ལ་གཉིས། འཇིག་རྟེན་ལས་འདས་པ་དང༌། མ་འདས་པའོ། །དང་པོ་ནི།
རྗེས་ཐོབ་འཁོར་གསུམ་མི་རྟོག་པའི། །ཤེས་རབ་ཀྱིས་ཟིན་སྦྱིན་སོགས་ལྔ། །
འཇིག་རྟེན་འདས་པའི་ཕར་ཕྱིན་ཡིན། །སྣང་བཅས་བསོད་ནམས་ཚོགས་ཞེས་བྱ། །
ཞེས་པ་སྟེ། དེ་ལ་མཉམ་བཞག་གི་ཉམས་རྗེས་ཐོབ་ཏུ་ཤར་ནས་སྣང་བ་བདེན་མེད་སྒྱུ་མ་ལྟ་བུར་གཟིགས་ཤིང༌། ཐབས་བསོད་ནམས་ཀྱི་དགེ་ཚོགས་གང་ཡང་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ་ནི། དཔེར་ན་སྦྱིན་པ་ལྟ་བུ་ཞིག་ལ་མཚོན་ན་སྦྱིན་པ་པོ་དང༌། སྦྱིན་བྱའི་དངོས་པོ་དང༌། སྦྱིན་པའི་ཡུལ་གསུམ་ལ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཉམས་དང་མ་བྲལ་བར་ཐབས་དང་ཐབས་བྱུང་གཉིས་མེད་ཀྱི་ལམ་དུ་སོང་བའི་ཕྱིར་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་ཅེས་འཇོག་པ་སྟེ། འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་བས་སྟོང༌། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །ཞེས་སོ། །
དེ་ཡང་ཉོན་སྒྲིབ་དག་པས་བདེན་པར་མི་སྣང་ཡང་ཤེས་སྒྲིབ་མ་དག་པའི་ཆ་ལས་སྣང་ཙམ་མི་འགོག་པའི་ཕྱིར་སྣང་བཅས་བསོད་ནམས་ཀྱི་ཚོགས་ཞེས་བྱ་སྟེ། འོ་ན་སྣང་བཅས་ཀྱི་བསོད་ནམས་འཇིག་རྟེན་པ་ལའང་ཡོད་དོ་ཞེ་ན། ཡོད་ཀྱང་མི་མཚུངས་ཏེ། སློབ་དཔོན་གྱིས། འཇིག་རྟེན་མ་རིག་ལྡོངས་གྱུར་པ། །སྲེད་པའི་རྒྱུན་གྱི་རྗེས་འབྲངས་དང༌། །མཁས་པ་སྲེད་པ་དང་བྲལ་བ། །དགེ་བ་རྣམས་ལྟ་ག་ལ་མཉམ། །ཞེས་སོ། །
གཉིས་པ་ནི།
དེ་ལ་འཁོར་གསུམ་བདེན་འཛིན་གྱིས། །བཅིངས་པའི་དམིགས་བཅས་སྦྱིན་སོགས་ལྔ། །
འཇིག་རྟེན་པ་ཡི་ཕར་ཕྱིན་ཡིན། །ཐར་པའི་ཆ་མཐུན་ཙམ་མ་གཏོགས། །
འཇིག་རྟེན་འདས་པར་མི་འགྲོ་སྟེ། །
ཞེས་པ་སྟེ། སྣང་བཅས་དེ་ལ་འཁོར་གསུམ་བདེན་འཛིན་གྱིས་བཅིངས་པའི་དམིགས་བཅས་ཀྱི་སྦྱིན་སོགས་ལྔ་པོ་དེ་ལ་སེམས་བསྐྱེད་དང་བསྔོ་བས་ཡོངས་སུ་ཟིན་པ་ནི། བསམ་བྱུང་རྒྱུའི་ཤེས་རབ་ཀྱིས་རྒྱས་ཐེབས་པའི་ཕྱིར་འཇིག་རྟེན་པ་ཡི་ཕར་ཕྱིན་ཅེས་ཕ་རོལ་ཏུ་ཕྱིན་པའི་མིང་ཙམ་རྙེད་པ་ཡིན་ལ། དེའི་དབང་གིས་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བརྗོད་པ་ཡིན་ཏེ། གཞན་དུ་ཤེས་རབ་ཀྱིས་མ་ཟིན་པར་ཐབས་ཤེས་ཡ་བྲལ་དུ་སོང་ན་འཇིག་རྟེན་ལས་འདས་པའི་ལམ་དུ་མ་ཟད་ཆ་མཐུན་ཙམ་དུའང་མི་འགྲོ་སྟེ། ཐེག་བསྡུས་ལས། ཤེས་རབ་དམ་པས་མ་ཟིན་པའི། །བསོད་ནམས་དགེ་བའི་ལམ་སྟེགས་ཀྱང༌། །མཐོ་རིས་བགྲོད་པ་ཙམ་མ་གཏོགས། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཅེས་དང༌། པད་དཀར་ཞབས་ཀྱིས། ཐབས་དང་ཤེས་རབ་ཕྱོགས་རེ་བས། །སྲིད་པའི་ཕ་མཐར་བགྲོད་མ་ཡིན། །ཅེས་སོ། །
གཉིས་པ་ལམ་བདག་མེད་དུ་གཏན་ལ་ཕབ་ཚུལ་བཤད་པ་ལ་གཉིས། སྤང་བྱ་སྒྲིབ་པ་བཤད་པ་དང༌། གཉེན་པོ་བདག་མེད་བཤད་པའོ། །དང་པོ་ལ་གཉིས། གང་ལ་སྒྲིབ་པ་དང༌། གང་གིས་སྒྲིབ་པ་ངོས་བཟུང་བའོ། །དང་པོ་ནི།
ཐར་པ་དང་ནི་རྣམ་མཁྱེན་ལ། །བར་དུ་གཅོད་པའི་མཚན་ཉིད་ཅན། །
ཞེས་པ་སྟེ། འོ་ན་བསོད་ནམས་དགེ་བས་ཐར་པའི་ལམ་དུ་མི་འགྲོ་བའི་རྒྱུ་མཚན་ཅི་ཞེ་ན། བདེན་འཛིན་ཉོན་མོངས་ཅན་གྱིས་ཐར་པ་ལ་སྒྲིབ་པ་དང༌། ཉོན་མོངས་ཅན་མ་ཡིན་པའི་ཀུན་རྨོངས་ཀྱིས་རྣམ་མཁྱེན་ལ་སྒྲིབ་པ་སྟེ། དེ་དག་ལ་བར་དུ་གཅོད་བྱེད་ལམ་དང་མི་མཐུན་པའི་མཚན་ཉིད་ཅན་ཉོན་མོངས་པ་དང་ཉེས་པ་ཀུན་གྱི་རྩ་བ་བདག་འཛིན་མ་རིག་པའི་འདི་བློ་ལ་ཡོད་པའི་དབང་གིས་ཆགས་སྡང་སོགས་ཉེས་པ་ཐམས་ཅད་བྱུང་བ་སྟེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དང་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང༌། བཞི་བརྒྱ་པ་ལས། སྲིད་པའི་རྩ་བ་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་སོ། །
གཉིས་པ་གང་གིས་སྒྲིབ་པ་ངོས་བཟུང་བ་ལ་གཉིས། སྒྲིབ་པའི་རྒྱུ་དང༌། འབྲས་བུ་ངོས་བཟུང་བའོ། །དང་པོ་ལ་ལྔ། བདག་གི་དབྱེ་བ། བདག་གི་ངོས་འཛིན། མེད་པར་རྟོགས་ཚུལ། རྟོགས་པའི་ཐབས། མ་རྟོགས་པའི་ཉེས་དམིགས་བསྟན་པའོ། །དང་པོ་ནི།
ཆོས་དང་གང་ཟག་བདག་གཉིས་ཀྱི། །ཡུལ་དང་འཛིན་སྟངས་མ་ཞིག་པར། །
དེ་དང་དེར་འཛིན་ཡོད་པའི་ཕྱིར། །
ཞེས་པ་སྟེ། དེ་སྒྲིབ་པ་གཉིས་ཀྱི་རྒྱུ་ནི་ཕྱི་གཟུང་བ་ཆོས་ཀྱི་བདག་དང༌། ནང་འཛིན་པ་གང་ཟག་གི་བདག་སྟེ། དེ་གཉིས་ཀྱི་དམིགས་པའི་ཡུལ་ཕྱིའི་ཆོས་དང་ནང་གི་ཕུང་པོ་ལ་བདག་མེད་ཀྱང་ཡོད་པར་སྒྲོ་བཏགས་པའི་འཛིན་སྟངས་མ་ཞིག་པར་བློ་དེ་དང་དེར་འཛིན་པའི་བདེན་འཛིན་ཡོད་པའི་ཕྱིར་འཁོར་བ་ལས་མི་ལྡོག་སྟེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་སོ། །དེས་ན་བདག་ཡོད་དོ་སྙམ་དུ་རྟོག་པ་ནི་བློ་ཕྱིན་ཅི་ལོག་པས་བཏགས་པ་ཙམ་མ་གཏོགས་དོན་ལ་མེད་དེ། ཡོད་ན་བདེན་པ་མཐོང་བའི་དུས་སུ་གཟིགས་དགོས་པ་ལ་མ་དམིགས་པའི་ཕྱིར་ཏེ། དེ་ཉིད་ལས། བདག་དང་བདག་གི་ཡོད་ཅེས་པ། །འདི་ནི་དམ་པའི་དོན་དུ་ལོག །ཅེས་སོ། །
འོ་ན་དམ་པའི་དོན་དུ་བདག་མེད་ན་བདག་དམ་པ་ཞེས་བཤད་པ་ཅི་ཞེ་ན། །འདིར་བསྟན་པའི་འཛིན་སྟངས་ཀྱིས་གཟུང་བར་བྱ་བའི་བདག་ནི་ཀུན་རྫོབ་པའི་བདག་ཅེས་བྱ་ཞིང༌། དམ་པའི་བདག་ནི་དེས་སྟོང་པའི་གནས་ལུགས་རང་བྱུང་གི་ཡེ་ཤེས་ལ་བཞེད་པ་སྟེ། མདོ་རྒྱན་ལས། བདག་མེད་མཆོག་གི་བདག་ཐོབ་པ། །སངས་རྒྱས་དག་པའི་བདག་ཏུ་གསུངས། །ཞེས་དང༌། རྒྱུད་བླར། བདག་དང་བདག་མེད་སྤྲོས་པ་དག །ཉེར་ཞི་དམ་པའི་བདག་ཏུ་འདོད། །ཅེས་གསུངས་པས་དེ་གཉིས་གཅིག་ཏུ་སེམས་པར་མི་བྱའོ། །
ཡང་བློ་དེ་ལ་ལྡོག་སྟེ་དམིགས་ཡུལ་ཆོས་དང་ཕུང་པོ་ལ་བརྟགས་པས་བདག་མེད་པའི་སྒྲོ་འདོགས་གཏིང་ནས་ཆོད་དེ་འཛིན་སྟངས་ཞིག་པ་དང༌། བློ་དེ་དང་དེར་འཛིན་པ་མེད་ན་འཁོར་བ་ལས་ལྡོག་པ་ཡང༌། རྩ་ཤེར་ལས། ནང་དང་ཕྱི་རོལ་ཉིད་དང་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང༌། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་དང༌། རིན་ཆེན་ཕྲེང་བ་ལས། དེ་ནི་རང་གཞན་གཉིས་ཀ་དང༌། །དུས་གསུམ་དག་ཏུ་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ལས་ལས་དང་སྐྱེ་བ་ཡང༌། །ཞེས་སོ། །
གཉིས་པ་ནི།
དེ་ཡང་གདགས་གཞི་ལྷན་སྐྱེས་དང༌། །གདགས་ཆོས་ཀུན་བཏགས་ཡིན་པར་འདོད། །
ཅེས་པ་སྟེ། དེ་ཡང་ཆོས་ཉིད་དོན་དམ་པའི་གནས་ལུགས་སམ་ཐོག་མའི་ཀུན་གཞི་རང་གི་ངོ་བོ་ཡེ་ཤེས་ཀྱི་ཆ་ལ་མ་དག་པ་རྡུལ་ཙམ་ཡང་མེད་ཀྱང་སེམས་ཅན་སོ་སོའི་རྣམ་སྨིན་གྱི་ཆའི་བག་ཆགས་ལས་ལྷན་སྐྱེས་དང་ཀུན་བཏགས་ཀྱི་མ་རིག་པ་གཉིས་འགོག་མེད་དུ་ཤར་ནས་གཟུང་འཛིན་དུ་འཁྲུལ་པའི་རྟོག་པ་བྱུང་ཞིང་དེ་ལས་བདག་ཏུ་འཛིན་པ་གཉིས་བྱུང་བ་ཡིན་པས། དེ་གཉིས་གང་ལ་གདགས་པའི་གཞི་ཕུང་པོ་ཙམ་དང་ཆོས་ཙམ་ནི་ཤེས་སྒྲིབ་ཀྱི་རྒྱུ་ཡིན་པའི་ཕྱིར་ལྷན་སྐྱེས་སུ་འཇོག་པ་སྟེ། དེའི་དབང་གིས་ཉན་རང་ལ་ཉོན་སྒྲིབ་སྤངས་ཀྱང་དམིགས་ཡུལ་ཕུང་པོ་ཙམ་ལ་བརྟེན་ནས་བཏགས་པའི་ངར་འཛིན་ལྷན་སྐྱེས་ཀྱི་ཆར་གཏོགས་པའི་ཞེན་ཡུལ་ཕུང་པོ་ཙམ་དུ་རྟོག་པའི་ཤེས་སྒྲིབ་མ་སྤོང་ན་ཐར་པ་མེད་པར་བསྟན་ཏེ། སློབ་དཔོན་གྱིས། གལ་ཏེ་ཕུང་པོ་མ་འགགས་ན། །ཉོན་མོངས་ཟད་ཀྱང་ཐར་མི་འགྱུར། །ཞེས་དང༌། ཞི་བ་ལྷས། སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཅེས་སོ། །
ཡང་གདགས་ཆོས་སྒྲོ་བཏགས་པའི་བདག་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱི་རྒྱུ་ཡིན་པས་ཀུན་བཏགས་ཡིན་པར་འདོད་པ་སྟེ། འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ཅིང༌། །ཞེས་དང༌། དེ་ཕྱིར་བདག་དང་བདག་གིས་སྟོང་ལྟ་ཞིང༌། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་སོ། །
འོ་ན་ཉན་རང་ལ་དེ་ལྟར་རྟོགས་པ་ཡོད་དམ་ཞེ་ན། དེའི་ཚུལ་ཅུང་ཟད་བཤད་ན། དམིགས་པ་དང་བཅས་པའི་སེམས་ཀྱིས་མྱ་ངན་ལ་འདའ་བར་མི་ནུས་པའི་ཕྱིར་ཆོས་ཀྱི་བདག་རགས་པ་རང་བཞིན་མེད་པར་རྟོགས་དགོས་ཏེ། འགྲེལ་ཆེན་ལས། ཉན་རང་ལ་ཆོས་ཀྱི་བདག་རང་བཞིན་མེད་པར་ཤེས་པ་ཡོད་དེ། དེ་ལྟ་མ་ཡིན་ན་དངོས་པོ་རང་བཞིན་མེད་པར་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་སྤངས་པ་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །
འོ་ན་ས་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་ཟིལ་གྱིས་མི་གནོན་ན་ཐེག་ཆེན་ཐེག་དམན་ཁྱད་པ་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་གསལ་རྒྱས་རྫོགས་གསུམ་གྱི་ཁྱད་པར་ཡོད་པར་བཤད་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། ཐེག་དམན་གྱི་མདོ་ལས་གཟུགས་ནི་དབུ་བ་རྡོས་པ་སོགས་དཔེས་བསྟན་པ་ཙམ་ལས་གསལ་བར་མ་གསུངས། ཐེག་ཆེན་གྱི་མདོ་ལས་གཟུགས་ནི་གཟུགས་ཀྱི་སྟོང་ཞེས་གསལ་བར་གསུངས་པ་དང༌། ཐེག་དམན་ལས་ཕུང་པོ་བདེན་པས་སྟོང་པ་ཙམ་ལས་རྒྱས་པར་མ་གསུངས། ཐེག་ཆེན་ལས་སྟོང་གཞི་ཆོས་ཅན་ཉི་ཤུའི་སྒོ་ནས་སོ་སོར་ཕྱེ་སྟེ་རྒྱས་པར་གསུངས་པ་དང༌། ཐེག་དམན་ལས་འདུ་བྱེད་མི་རྟག་པ་དང་དངོས་པོ་སྐད་ཅིག་མའི་ཟད་པ་སྟོང་པ་ཙམ་ལས་རྫོགས་པར་མ་གསུངས། ཐེག་ཆེན་ལས་མཚན་མ་མེད་པའི་དོན་རྫོགས་པར་གསུངས་པའི་ཕྱིར་རོ། །
འོ་ན་དེ་དག་ལ་ཆོས་ཀྱི་བདག་མེད་རྫོགས་པ་མ་བསྟན་ན་རྟོགས་པར་ག་ལ་འགྱུར་རང་བཞིན་མེད་པར་ཤེས་པ་ཡང་མི་འདོད་དོ་ཞེ་ན། ཕྱོགས་ཙམ་རྟོགས་པའི་ཆ་ལས་རང་བཞིན་མེད་པར་ཤེས་པར་འཇོག་པ་སྟེ། དཔེར་ན་རྒྱ་མཚོ་ལས་ཆུ་ཧུབ་ག་འཐུངས་པ་ལ་རྒྱ་མཚོ་འཐུང་ཞེས་བརྗོད་པ་ལྟར་སྟོང་པ་ཅུང་ཟད་མཐོང་བ་ཡང་སྟོན་པའི་དོན་དུ་གཅིག་པར་དགོངས་པ་སྟེ། སློབ་དཔོན་གྱིས། ཐེག་པ་ཆེ་ལ་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་ཡིན་ཞེས་བཟོད་པར་གྱིས། །ཞེས་སོ། །
དེ་ཡང་རྒྱ་མཚོ་ཧུབ་གཅིག་འཐུངས་ཀྱང་རྒྱ་མཚོ་རྫོགས་པར་མ་ཡིན་པར་ལྟར་ཅུང་ཟད་སྟོང་པར་མཐོང་ཡང་ཐམས་ཅད་མ་མཐོང་བའི་ཕྱིར་ཤེས་བྱའི་ཆོས་ལ་བདག་མེད་མ་རྫོགས་པར་བཞག་པ་སྟེ། ཡང་སློབ་དཔོན་གྱིས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱི་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་སོ། །
དེར་མ་ཟད་བློ་སྟོབས་ཆེན་པོ་བདུན་དང་ལྡན་མི་ལྡན་གྱི་ཁྱད་པར་སོགས་མང་དུ་ཡོད་ཀྱང་བསྡུ་ན་རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལང་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །ཐེག་པ་ཆེན་པོ་ག་ལ་འགྱུར། །ཞེས་སོ། །
གསུམ་པ་ནི།
ལྷན་སྐྱེས་རྟོགས་ན་ཀུན་བཏགས་འཇིག །ཀུན་བཏགས་ཙམ་གྱིས་ལྷན་སྐྱེས་མིན། །
ཅེས་པ་སྟེ། དེ་ཡང་ལྷན་སྐྱེས་ཀྱི་ཆར་གཏོགས་པའི་ཆོས་དང་ཕུང་པོ་གཞི་མེད་དུ་རྟོགས་ན་ཁྱད་གཞི་ཐག་ཁྲག་འཇིག་པས་ཁྱད་ཆོས་སྦྲུལ་འཛིན་འཇིག་པ་ལྟར་ཀུན་བཏགས་ཀྱི་ཆར་གཏོགས་པའི་ང་དང་ང་ཡིས་འཛིན་པའི་བདག་རང་བཞིན་གྱིས་འཇིག་པར་འགྱུར་ཏེ། རྩ་ཤེར་ལས། བདག་ཉིད་ཡོད་པ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །བདག་དང་བདག་གི་ཞི་བའི་ཕྱིར། །ང་དང་ང་ཡིར་འཛིན་མེད་འགྱུར། །ཞེས་སོ། །
ཀུན་བཏགས་ཀྱི་བདག་མེད་པར་རྟོགས་པ་ཙམ་གྱིས་ལྷན་སྐྱེས་མི་རྟོགས་ཏེ། ཁྱད་ཆོས་བདག་འཇིག་ཀྱང་ཁྱད་གཞི་བདག་གིས་སྟོང་པའི་སྣང་ཙམ་མི་འཇིག་པར་ཤེས་སྒྲིབ་ཀྱི་ཆ་འཕགས་པའི་སྤང་བྱ་ཙམ་ཤུལ་ན་ལུས་པ་སྟེ། རྒྱུད་བླ་མ་ལས། བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །
དེ་ཡང་སའི་དབང་དུ་བྱས་ནས་མཐོང་ལམ་དུ་ཀུན་བཏགས་ཀྱི་ཆ་རྣམས་སྤོང་བ་དང༌། དེ་ཕན་ཆད་སྒོམ་ལམ་དུ་ལྷན་སྐྱེས་ཀྱི་ཆ་རྣམས་སྐོར་དགུར་ཕྱེ་ནས་སྤོང་བར་བཤད་པ་དང༌། མཐར་ཤེས་བྱའི་བག་ཆགས་ཕྲ་མོ་དེ་ཡང་དག་ན་དགག་བྱ་ཟད་པ་སྟེ། བདེན་གཉིས་ལས། དག་དང་མ་དག་སྣང་བ་ཀུན། །ཡང་དག་ཏུ་བཀག་མེད་གསལ། །ཞེས་དང༌། ཟླ་བས། དགག་སྒྲུབ་གཉིས་ཀ་དགག་འབའ་ཞིག །དངོས་ལ་དགག་སྒྲུབ་གང་ཡང་མེད། །ཅེས་སོ། །
བཞི་པ་ནི།
དམིགས་པའི་ཡུལ་དང་སྒྲོ་བཏགས་གཉིས། །གཅིག་ཏུ་བསྲེས་ན་གཉིས་ཀ་རྟོགས། །
ཞེས་པ་སྟེ། དེ་ཡང་དམིགས་ཡུལ་ལ་དཔྱད་པའི་ཚེ་སྣང་བས་མི་སྟོང་པར་སྒྲོ་བཏགས་ཀྱིས་སྟོང་ནས་ཀུན་རྫོབ་གཉིས་སྣང་ཅན་ཡོད་པ་དང༌། སྒྲོ་བཏགས་པའི་བདག་མེད་པ་སྟེ་ཡོད་མེད་གཉིས་སུ་ལྟ་བ་ནི་དགག་བྱ་ཡིན་ཏེ། སློབ་དཔོན་གྱིས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་དང༌། ཟླ་བས། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ནང་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིག་པའང་སྤོང་བར་བྱེད་པ་ནི། ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་སོ། །
འདིའི་གནད་ནི་ཆོས་དང་གང་ཟག་གཉིས་སྟོང་གཞི་ཆོས་ཅན་གྱི་དབྱེ་བ་ཙམ་མ་གཏོགས་སྟོང་ཚུལ་ལ་ཁྱད་པར་མེད་པས་སྣང་བ་དང་སྒྲོ་བཏགས་གཉིས་སོ་སོར་མི་ལྟ་བར་གཅིག་ཏུ་བསྲེས་ཏེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རེས་འཇོག་མ་ཡིན་པར་ཅིག་ཅར་དུ་དཔྱད་ཤེས་ན་སྣང་བཏགས་གཉིས་ཀ་རྟོགས་པ་མ་ཟད་རྟོགས་བྱེད་ཀྱི་བློ་ཡང་རང་བཞིན་མེད་པར་རྟོགས་པ་ནི་འདིའི་ཁྱད་ཆོས་ཏེ། འོད་སྲུང་གིས་ཞུས་པ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། བྱུང་བ་དེ་ཡིས་གཉིས་ཀ་བསྲེག་པར་ལྟར། །ཤེས་བཞིན་ཤེས་རབ་དབང་པོ་སྐྱེས་པས་ཀྱང༌། །སྐྱེས་པ་དེ་ཡིས་གཉིས་ཀ་སྲེག་པར་བྱེད། །ཅེས་དང༌། སྟུག་པོ་བཀོད་པའི་མདོ་ལས། ཇི་ལྟར་བསྲེག་བྱ་ཚིག་པའི་མེ། །བསྲེག་བྱ་མེད་པས་མི་གནས་ཏེ། །དེ་བཞིན་བསྲེག་བྱ་ལྟ་ཚིག་ན། །སྟོང་ཉིད་མེ་ཡང་འགག་པར་འགྱུར། །ཞེས་དང༌། སྡུད་པ་ལས། བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ན། །འདི་ནི་ཤེས་རབ་ཕ་རོལ་མཆོག་སྤྱོད་པ་ཡིན། །ཅེས་སོ། །
ལྔ་པ་ནི།
དེ་ལྟར་གཉིས་ཀ་མ་རྟོགས་ན། །འཛིན་རྟོག་གཟུང་རྟོག་རྣམ་གཉིས་ལས། །
ཞེས་པ་སྟེ། དེ་ལྟར་དཔྱད་པ་མ་ནུས་པས་གཉིས་ཀ་མ་རྟོགས་ན་གཟུང་བ་ཆོས་ཀྱི་བདག་ཏུ་རྟོག་པ་དང༌། འཛིན་པ་གང་ཟག་གི་བདག་ཏུ་རྟོག་པའི་ཕྱིན་ཅི་ལོག་གི་རྣམ་རྟོག་དེ་ལས་འཁོར་བའི་རྒྱུ་ལས་དང་ཉོན་མོངས་པ་དང་འབྲས་བུ་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པས་འདིའི་རྩ་བ་ཆོད་དགོས་ཏེ། མདོ་ལས། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་སྐྱེས། །ཁྱོད་ལ་རྟོག་པ་མི་འགྱུར་ན། །དེ་ཕྱིར་ང་ལ་མི་འབྱུང་ངོ༌། །ཞེས་དང༌། རྩ་ཤེར་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་པས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་སོ། །
གཉིས་པ་འབྲས་བུ་ངོས་བཟུང་བ་ནི།
ཆགས་སོགས་ཉོན་མོངས་སྒྲིབ་པ་དང༌། །འཁོར་གསུམ་རྟོག་པའི་ཤེས་སྒྲིབ་བྱུང༌། །
ཞེས་པ་སྟེ། དེ་ཡང་འཛིན་རྟོག་ང་དང་ངའོ་ཞེས་གང་ཟག་ཏུ་ལྟ་བ་ལས་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་རྣམས་བྱུང་བ་དང༌། གཟུང་རྟོག་དེ་དང་དེའོ་ཞེས་གཞན་དང་ཆོས་སུ་ལྟ་བ་ལས་ཕྱིའི་ཡུལ་དང་ནང་གི་ཡུལ་ཅན་བར་གྱི་དངོས་པོ་སྟེ། འཁོར་གསུམ་དུ་རྣམ་པར་རྟོག་པའི་ཤེས་སྒྲིབ་བྱུང་བ་སྟེ། རྒྱུད་བླ་མ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པ་དང༌། །འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པ་འདོད། །ཅེས་སོ། །དེ་ལས་གཞན་སྙོམས་འཇུག་གི་སྒྲིབ་པ་སོགས་བཤད་པ་དག་ཀྱང་འདིར་མ་འདུས་པ་མེད་དེ། དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་གཉིས་སུ་བྱུང༌། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་སོ། །
གཉིས་པ་གཉེན་པོ་བདག་མེད་བཤད་པ་ལ་གསུམ། ལྟ་བས་གཏན་ལ་ཕབ་ཚུལ། སྒོམ་པས་ཉམས་སུ་བླང་ཚུལ། འབྲས་བུ་མངོན་དུ་གྱུར་ཚུལ་བཤད་པའོ། །དང་པོ་ལ་གཉིས། བདག་མེད་དུ་གཏན་ལ་ཕབ་ཚུལ་དང༌། སྟོང་པར་ཐག་ཆོད་ཚུལ་བསྟན་པའོ། །དང་པོ་ནི།
སྤང་བྱ་དེ་ཡི་གཉེན་པོ་ལ། །ལྟ་བ་ལུང་རིགས་གཏན་ཚིགས་ཀྱིས། །
བདག་མེད་གཉིས་སུ་གཏན་ལ་ཕབ། །
ཅེས་པ་སྟེ། སྤང་བྱ་སྒྲིབ་པ་གཉིས་པོ་དེ་ཡི་གཉེན་པོ་བརྟེན་པ་ལ། ཐོག་མར་བདག་ཏུ་ལྟ་བའི་གཞི་ལ་སྒྲོ་འདོགས་ཆོད་དགོས་པས། དེ་ཡང་ཡིད་ཆེས་ངེས་པར་ངེས་དོན་གྱི་མདོའི་ལུང་དང༌། དབུ་མའི་རིགས་པ་གཏན་ཚིགས་ཆེན་པོ་ལྔ་སྟེ། གཅིག་དུ་བྲལ། རྡོ་རྗེ་གཟེགས་མ། ཡོད་མེད་སྐྱེ་འགོག མུ་བཞི་སྐྱེ་འགོག རྟེན་འབྲེལ་ཆེན་པོ་སྟེ་ལྔའི་སྒོ་ནས་ཆོས་ཀྱི་བདག་གཞི་མེད་དུ་གཏན་ལ་ཕབ་པ་ལས།
དང་པོ་ངོ་བོ་ལ་བརྟག་པ་གཅིག་དུ་བྲལ་གྱི་གཏན་ཚིགས་ནི། སྣང་བ་འདི་ཆོས་ཅན། ཡོད་མེད་གང་དུའང་མ་གྲུབ་སྟེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས་པ་སྟེ། དབུ་མ་རྒྱན་ལས། ཡང་དག་ཏུ་ན་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །ཞེས་སོ། །
གཉིས་པ་རྒྱུ་ལ་བརྟག་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ནི། དངོས་པོ་འདི་རྣམས་ཆོས་ཅན། རྒྱུ་གང་ལས་ཀྱང་མི་སྐྱེ་སྟེ། བདག་དང་གཞན་དང་གཉིས་ཀ་རྒྱུ་མེད་ལས་སྐྱེ་བ་མེད་པའི་ཕྱིར་ཞེས་པ་སྟེ། ལམ་སྒྲོན་ལས། དངོས་པོ་རང་ལས་མི་སྐྱེ་སྟེ། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་པ་ལས་མིན་དེ་ཕྱིར། །ངོ་བོ་ཉིད་ཀྱིས་རང་བཞིན་མེད། །ཅེས་སོ། །
གསུམ་པ་འབྲས་བུ་ལ་བརྟག་པ་ཡོད་མེད་སྐྱེ་བྲལ་གྱི་གཏན་ཚིགས་ནི། དངོས་སྣང་འདི་ཆོས་ཅན། ཡོད་མེད་གང་གིའང་འབྲས་བུ་མི་རུང་སྟེ། ཡོད་མེད་གཉིས་ཀ་ལས་སྐྱེ་བ་མི་སྲིད་པའི་ཕྱིར་ཞེས་པ་སྟེ། སྤྱོད་འཇུག་ལས། འབྲས་བུ་ཡོད་པར་གྱུར་པ་ལ། །རྒྱུ་ཡི་དགོས་པ་ཅི་ཞིག་ཡོད། །འོན་ཏེ་དེ་གཉིས་མེད་ན་ཡང༌། །རྒྱུ་ཡི་དགོས་པ་ཅི་ཞིག་ཡོད། །ཅེས་སོ། །
བཞི་པ་གཉིས་ཀ་ལ་བརྟག་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ནི། སྣང་ཙམ་འདི་ཆོས་ཅན། རྒྱུ་འབྲས་གང་གིས་ཀྱང་སྐྱེ་བ་མི་རུང་སྟེ། མུ་བཞི་ལས་སྐྱེ་བ་མེད་པའི་ཕྱིར་ཞེས་པ་སྟེ། འཇུག་པ་ལས། ཡོད་ན་སྐྱེད་བྱེད་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ། །གཉིས་ཉིད་ལ་དེས་ཅི་བྱ་གཉིས་དང་བྲལ་ལའང་དེས་ཅི་བྱ། །ཞེས་སོ། །
ལྔ་པ་ཐམས་ཅད་ལ་བརྟག་པ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ནི། ཤེས་བྱ་འདི་ཀུན་ཆོས་ཅན། རང་གི་ངོ་བོ་མ་གྲུབ་སྟེ། གཞན་ལ་ལྟོས་པ་ཅན་ཡིན་པའི་ཕྱིར་ཞེས་པ་སྟེ། རྩ་ཤེར་ལས། བྱེད་པོ་ལས་ལ་བརྟན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །གྲུབ་པའི་རྒྱུ་ནི་ཡོད་མ་ཡིན། །ཞེས་སོ། །
ཡང་གང་ཟག་གི་བདག་ནི་ཕུང་པོ་དང་དེ་ཉིད་དང་གཞན་ཉིད། རྟེན་དང་བརྟན་པ། ལྡན་པ་དང༌། དབྱིབས་དང་ཚོགས་པ་སྟེ་ཤིང་རྟ་རྣམ་བདུན་གྱི་རིགས་པའི་སྒོ་ནས་གཏན་ལ་ཕབ་པ་ལས། དེ་ཉིད་དང་གཞན་ཉིད་ཀྱི་ཕྱོགས་ནི། བདག་ཅེས་པ་ཕུང་པ་དང་ངོ་བོ་གཅིག་ཏུ་མ་གྲུབ་སྟེ། གྲུབ་ན་ཕུང་པོ་བཞིན་དུ་བདག་ཀྱང་སྐྱེ་འཇིག་ཅན་དུ་ཐལ་བ་དང༌། ཕུང་པོ་ལས་གཞན་དུའང་བདག་ཡོད་པ་མིན་ཏེ། ཡོད་ན་གདགས་གཞི་ཕུང་པོའི་མཚན་ཉིད་མེད་ཀྱང་བདག་ཡོད་པ་ཐལ་བའི་ཕྱིར་ཞེས་པ་སྟེ། རྩ་ཤེར་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་ལས་གཞན་ན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །
རྟེན་དང་བརྟེན་པའི་ཕྱོགས་ནི། རྟེན་གཟུགས་ལ་བརྟེན་བྱ་བདག་ཚུར་རྟེན་པ་མིན་ཏེ། ཡིན་ན་གཟུགས་བཞིན་དུ་བདག་ཀྱང་མི་རྟག་པར་ཐལ་བ་དང༌། རྟེན་བདག་ལ་བརྟེན་བྱ་གཟུགས་ཕར་བརྟེན་པའང་མིན་ཏེ། ཡིན་ན་བདག་བཞིན་དུ་གཟུགས་ཀྱང་སྐྱེ་འཇིག་མེད་པར་ཐལ་བའི་ཕྱིར་ཞེས་པ་སྟེ། འཇུག་པ་ལས། གཟུགས་ལ་བདག་མེད་ལའང་གཟུགས་ཡོད་མིན། །ཞེས་སོ། །
ལྡན་པའི་ཕྱོགས་ནི། ལྷས་སྦྱིན་ནོར་དང་ལྡན་པར་ལྟར་བདག་གཟུགས་དང་ལྡན་པའང་མིན་ཏེ། ཡིན་ན་བདག་བཞིན་དུ་གཟུགས་ཀྱང་མི་མཐོང་བར་ཐལ་བའི་ཕྱིར་ཞེས་པ་སྟེ། དེ་ཉིད་ལས། ཡོད་མིན་དེ་ཕྱིར་ལྡན་དོན་སྦྱོར་བ་མེད། །ཅེས་སོ། །
དེ་བཞིན་དུ་དབྱིབས་དང་ཚོགས་པ་ལའང་བདག་མེད་དེ། ཡོད་ན་དབྱིབས་དང་ཚོགས་པ་བཞིན་དུ་བདག་ཀྱང་དུ་མར་ཐལ་བའི་ཕྱིར་དཔྱད་ན་མེད་པ་ཉིད་དོ། །འོ་ན་བདག་བདེའོ། །བདག་འགྲོའོ་ཞེས་གྲགས་པ་འདི་གང་ལས་ཤེ་ན། དེ་ནི་རྫུན་པའི་དོན་ཅན་ཡིན་པས་མ་བརྟགས་གྲགས་པའི་ཐ་སྙད་ཙམ་སྟེ། སྔ་མ་ལས། ང་ཡིས་འཛིན་བློ་བྱུང་བའི་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་སོ། །
གཉིས་པ་སྟོང་པར་ཐག་ཆོད་ཚུལ་བསྟན་པ་ནི།
སོ་སོར་རྟོག་པའི་ཤེས་རབ་ཀྱིས། །ཕྱི་ནང་ཞིབ་ཏུ་བརྟགས་ཀྱང་ནི། །
གདགས་གཞི་གདགས་ཆོས་མ་རྙེད་པར། །བདག་མེད་སྟོང་པར་ཐག་ཆོད་ན། །
ཞེས་པ་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཕྱིའི་སྣང་བའི་ཆོས་ལ་ཞིབ་ཏུ་བརྟགས་ཀྱང་དཔྱད་པའི་དཔུང་མ་བཟོད་པར་བརྟགས་པའི་ངོ་ན་ཆོས་ཀྱི་གདགས་གཞི་གདགས་ཆོད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མ་རྙེད་ན་ཆོས་ཀྱི་བདག་རང་བཞིན་མེད་པར་རྟོགས་པ་ཡིན་ཏེ། བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ནི་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །
ནང་རང་གི་ཕུང་པོ་ལ་ཞིབ་ཏུ་བརྟགས་ཀྱང་དཔྱད་བཟོད་ཀྱི་ངོ་བོ་མེད་པར་བརྟགས་པའི་ངོ་ན་གང་ཟག་གི་གདགས་གཞི་གདགས་ཆོས་བདེན་པར་གྲུབ་པ་སྤུ་རྩེ་ཙམ་ཡང་མ་རྙེད་ན་གང་ཟག་གི་བདག་རང་བཞིན་མེད་པར་རྟོགས་པ་ཡིན་ཏེ། སྤྱོད་འཇུག་ལས། དཔེར་ན་ཆུ་ཤིང་སྡོང་པོ་དག །ཆ་ཤས་ཕྱེ་ན་འགའ་མེད་པ། །དེ་བཞིན་རྣམ་པར་དཔྱད་པ་ཡིས། །བཙལ་ན་བདག་ཀྱང་ཡང་དག་མིན། །ཞེས་སོ། །
དེ་ལྟར་ཕྱིན་ནང་གི་དངོས་པོ་འདི་དག་གཉེན་པོ་གཞན་གྱིས་སྟོང་པར་བྱས་པ་ལྟ་བུར་མ་ཡིན་པར་རང་གི་ངོ་བོ་རང་བཞིན་གྱིས་མ་གྲུབ་པར་གདོད་ནས་སྐྱེ་བ་མེད་པར་བདག་མེད་སྟོང་པ་ཉིད་དུ་ཐག་ཆོད་པ་ཞིག་དགོས་པ་སྟེ། སློབ་དཔོན་གྱིས། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་པར་མི་འགྱུར་ཏེ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་དང༌། འཕགས་པ་ལྷས། དངོས་པོ་རང་བཞིན་གྱིས་ཡོད་ན། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ཉིད་འདི་རུ་འགོག་པ་ཡིན། །ཞེས་དང༌། ཟླ་བས། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མེད་དེ་ཕྱིར་དངོས་ཡོད་མིན། །ཞེས་སོ། །
ཚུལ་འདིས་ཕྱི་ནང་གི་ཆོས་ཐམས་ཅད་སྐྱེ་མེད་ནམ་མཁའ་ལྟ་བུར་ཐག་ཆོད་ན་འདི་ཉིད་གཅིག་པུ་ཞི་སྒོ་གཉིས་པ་མེད་པའི་ལམ་མཆོག་སྟེ། བཞི་བརྒྱ་པ་ལས། ཞི་སྒོ་གཉིས་པ་མེད་པ་དང༌། །ལྟ་བ་ངན་རྣམས་འཇིག་བྱེད་ཅིང༌། །སངས་རྒྱས་ཀུན་གྱི་ཡུལ་དེ་ལ། །བདག་མེད་ཅེས་ནི་བརྗོད་པ་ཡིན། །ཞེས་སོ། །
གཉིས་པ་སྒོམ་པས་ཉམས་སུ་ལེན་ཚུལ་ལ་གཉིས། ཞི་ལྷག་ཟུང་འབྲེལ་དུ་བསྟན་པ་དང༌། ལྷག་མཐོང་ངོས་བཟུང་བའོ། །དང་པོ་ནི།
སྒོམ་པ་མཉམ་རྗེས་རེས་འཇོག་གིས། །ཚོགས་གཉིས་ཟུང་འཇུག་ལ་བརྟེན་ནས། །
ཏིང་འཛིན་སྣང་བཅས་སྣང་མེད་ཀྱིས། །དངོས་འཛིན་རང་སར་ཞིག་པའི་ཚེ། །
ཞེས་པ་སྟེ། དེ་ལྟར་ཐག་ཆོད་པའི་རྗེས་ཐོག་ཏུ་སྒོམ་པ་མཉམ་རྗེས་རེས་འཇོག་གི་ཚུལ་གྱིས། ཚོགས་གཉིས་ཟུང་འཇུག་གི་ལམ་ལ་བརྟེན་ནས་ཏིང་འཛིན་སྣང་བཅས་ཞི་གནས་ཀྱི་སེམས་སྣང་ཡུལ་དུ་མི་འཆོར་བར་ཤེས་པ་ཅི་ལ་ཡང་མི་རྟོག་ཅི་ལ་ཡང་མི་སེམས་པར་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་རྟོག་མེད་རྩེ་གཅིག་ཏུ་འཇོག་པ་དང༌། སྣང་མེད་ལྷག་མཐོང་གིས་གཉིས་ཆོས་ལས་འདས་པའི་གནས་ལུགས་ལ་བློས་མ་བཅོས་པར་ཡང་དག་པར་འཇོག་པས། ཇི་ཙམ་ནས་མཚན་མ་མེད་པའི་ཏིང་འཛིན་སོ་སོར་རྟོག་པའི་ཤེས་རབ་ཏུ་ལྡང་སྟེ་ཡང་དག་པར་དཔྱད་པས་དངོས་འཛིན་གྱི་རྟོག་པ་རང་སར་ཞི་ནས་ཡུལ་གྱི་འཛིན་སྟངས་ཞིག་པའི་ཚེ། ཅི་ཡང་མི་སྒོམ་པ་ལ་སྒོམ་པའི་མིང་བཏགས་པ་དང༌། ཅི་ཡང་མི་མཐོང་བ་ལ་མཐོང་བའི་ཐ་སྙད་བཏགས་པ་དེ་ནི་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་པ་སྟེ། སློབ་དཔོན་གྱིས། གང་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག །བཅས་བཅོས་མ་བྱས་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་སོ། །དེས་སྲོལ་དང་པོའི་སྒོམ་པ་མདོ་ཙམ་བསྟན་པ་ཡིན་ལ། སྲོལ་གཉིས་པའི་སྒོམ་ཚུལ་སྔགས་ཀྱི་རིམ་པ་དང་མཐུན་པར་བཞེད་པས་གཞན་དུ་ཤེས་པར་བྱ་སྟེ། གང་ལྟར་ཡང་དོན་དུ་སྒོམ་པས་ཉམས་སུ་མ་བླངས་པར་ལམ་གྱི་ཡོན་ཏན་མི་འབྱུང་སྟེ། མདོ་ལས། ཏིང་འཛིན་བསྒོམས་པས་ས་ལམ་ཆོད་འགྱུར་གྱིས། །དེ་མ་གཏོགས་པར་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་སྒོམ་པ་མཆོག་ཡིན་གྱིས། །མཁས་པས་རྟག་ཏུ་དེ་ལ་ནན་ཏན་བྱ། །ཞེས་སོ། །
གཉིས་པ་ལ་གཉིས། དངོས་མེད་མ་ཡིན་པར་བསྟན་པ་དང༌། བློ་ལས་འདས་པར་བསྟན་པའོ། །དང་པོ་ནི།
བརྟག་བྱའི་དངོས་པོ་མ་དམིགས་ནི། །དེ་ལ་བརྟེན་ནས་བཏགས་པ་ཡི། །
དངོས་མེད་གཞན་དུ་ག་ལ་འཛིན། །
ཞེས་པ་སྟེ། དེ་ལྟར་འཇོག་པའི་ཚེ་བརྟག་བྱའི་ཆོས་བརྟེན་ནས་སྐྱེ་བའི་དངོས་པོ་གཟུགས་ལ་སོགས་པ་གང་ཡང་བློའི་མདུན་ན་མ་དམིགས་ན། དེ་ལ་བརྟེན་ནས་བཏགས་པའི་དངོས་མེད་ཀྱང་རྟེན་དངོས་པོ་དང་བྲལ་བའི་ཕྱིར་གཞན་ཡན་གར་དུ་ག་ལ་འཛིན་ཏེ་མོ་གཤམ་གྱི་བུ་ལ་ཤི་བའི་དོགས་པ་མི་འབྱུང་བ་བཞིན་ཏེ། དེ་སྐད་དུ། བརྟག་བྱའི་དངོས་པོ་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། གང་ཚེ་དངོས་པོ་མི་རྙེད་པ། །དེ་ཚེ་དངོས་མེད་གང་ལ་ཡོད། །ཅེས་སོ། །
གཉིས་པ་ནི།
དངོས་དང་དངོས་མེད་མི་འཛིན་ན། །དེ་ལས་གཞན་པའི་ཕུང་གསུམ་པ། །
འཛིན་དུ་མེད་ཕྱིར་ཞི་བ་སྟེ། །
ཞེས་པ་སྟེ། དེས་ན་དངོས་དང་དངོས་མེད་གང་ཡང་བློས་མི་འཛིན་ན་དེ་ལས་གཞན་པའི་རྣམ་པ་ཕུང་གསུམ་པ་ཞིག་འཛིན་དུ་མེད་པའི་ཕྱིར། དམིགས་ཆོས་ཅི་ཡང་མ་མཐོང་བའི་ཚུལ་གྱིས་སྣང་བའི་རྫུན་རིས་དབྱིངས་སུ་ཡལ་ནས་དེ་འཇུག་པའི་བློ་རབ་ཏུ་ཞི་བ་སྟེ་བློ་ལས་འདས་པའི་གནས་ལུགས་མངོན་དུ་གྱུར་ཞེས་པའི་དོན་ཏེ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་སོ། །
གསུམ་པ་འབྲས་བུ་མངོན་དུ་གྱུར་ཚུལ་ལ་གཉིས། གཉིས་སྣང་ནུབ་ཚུལ་དང༌། སྤངས་རྟོགས་རྫོགས་ཚུལ་ལོ། །དང་པོ་ནི།
གནས་ལུགས་མངོན་དུ་གྱུར་པའི་ཚེ། །ཤེས་དང་ཤེས་བྱའི་གཉིས་སྣང་ནུབ། །
སྤངས་དང་རྟོགས་པ་མཐར་ཕྱིན་ཏེ། །
ཞེས་པ་སྟེ། དེ་ལྟར་བློ་ལས་འདས་པའི་གནས་ལུགས་མངོན་དུ་གྱུར་པའི་ཚེ་ད་ལྟའི་ཡུལ་ཡུལ་ཅན་དུ་འབྲེལ་བའི་ཤེས་པ་དང་ཤེས་བྱ་ལ་སོགས་པའི་གཉིས་སྣང་ཐམས་ཅད་དབྱིངས་སུ་ནུབ་སྟེ་སྤང་བྱ་དང་གཉེན་པོའི་ཆོས་རོ་མཉམ་དུ་སོང་ནས་སྤངས་རྟོགས་ཟད་པའི་མཐར་ཕྱིན་ཏེ་སྐྱེ་འགག་མེད་པའི་གནས་ཐོབ་པ་སྟེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པའི་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་སྟེ་སྐུ་ཡི་མངོན་སུམ་མཛད། །ཅེས་སོ། །
གཉིས་པ་ནི།
སྤངས་པ་འགོག་པའི་བདེན་པ་དང༌། །རྟོགས་པ་ལམ་གྱི་བདེན་པ་རྫོགས། །
སྤང་ཆ་ངོ་བོ་ཉིད་སྐུ་དང༌། །རྟོགས་ཆ་ཡེ་ཤེས་ཆོས་སྐུ་བརྙེས། །
ཞེས་པ་སྟེ། དེ་ཡང་སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མཐའ་དག་སྤངས་པ་རབ་ཀྱི་མཐར་ཐུག་སྟེ་འགོག་པའི་བདེན་པ་རྫོགས་པ་དང༌། རྟོགས་བྱ་དབྱིངས་ཇི་ལྟ་བ་དང་རྩལ་ཇི་སྙེད་པའི་ཆོས་ཐམས་ཅད་རྟོགས་པ་རབ་ཀྱི་རྩེ་མོར་སོན་ཏེ་ལམ་གྱི་བདེན་པ་རྫོགས་ནས་སངས་རྒྱས་པའི་ཚེ། སྤངས་པའི་ཆ་ལས་ཟག་པ་མེད་པའི་ཆོས་ཀྱི་སྐུ་མངའ་བ་ངོ་བོ་ཉིད་སྐུ་དང༌། རྟོགས་པའི་ཆ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཆོས་ཀྱི་སྐུ་བརྙེས་པ་སྟེ། རྒྱུད་བླ་མ་ལས། སངས་རྒྱས་ཉིད་ལ་དབྱེར་མེད་ཀྱང༌། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་སྤངས་པ་དང༌། །ཡེ་ཤེས་གཉིས་ཀྱི་མཚན་ཉིད་ཅན། །ཞེས་སོ། །དེས་འཇུག་པ་ལམ་གྱི་དབུ་མ་བསྡུས་པར་བསྟན་པའི་སྐབས་ཏེ་གཉིས་པའོ།། །།
གསུམ་པ་འབྲས་བུ་དབུ་མ་སྐུ་གཉིས་ཀྱི་རྣམ་གཞག་བཤད་པ་ལ་གསུམ། རྣམ་གཞག་སྤྱིར་བསྟན་པ། བྱེ་བྲག་སོ་སོར་ཕྱེ་བ། གཞན་དུ་ཞལ་འཕངས་པའོ། །དང་པོ་ནི།
འབྲས་བུ་སྐུ་གཉིས་ཟུང་འཇུག་ཏུ། །མངོན་དུ་གྱུར་ཚུལ་བསྟན་པ་ལ། །
ཆོས་གཟུགས་གཉིས་སུ་སངས་རྒྱས་ཀྱི། །སྐུ་རྣམས་བསྡུས་པར་བསྟན་པ་སྟེ། །
ཞེས་པ་སྟེ། དེ་ལྟར་འཇུག་པ་ལམ་གྱིས་སྤངས་རྟོགས་མཐར་ཕྱིན་ཏེ་འབྲས་བུ་སྐུ་གཉིས་ཟུང་འཇུག་མངོན་དུ་གྱུར་ཚུལ་དབུ་མ་ལུགས་གཉིས་ཀྱི་རང་ལུགས་སོ་སོར་ཡོད་ཀྱང་འདིར་གཅིག་ཏུ་བསྡུས་ཏེ་བསྟན་པ་ལ། དོན་དམ་ཆོས་ཀྱི་སྐུ་དང༌། ཀུན་རྫོབ་གཟུགས་ཀྱི་སྐུ་གཉིས་ཏེ་སྐུ་གསུམ་དུ་རྣམ་པར་བཞག་པ་འདིར་སངས་རྒྱས་ཀྱི་སྐུ་རྣམས་བསྡུས་པར་བསྟན་པ་སྟེ། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་པར་བྱ། །ཞེས་སོ། །
དེ་ཡང་རང་དོན་སྤངས་པ་ཕུན་སུམ་ཚོགས་པ་ལས་རང་བཞིན་ཆོས་ཀྱི་སྐུ་དང༌། གཞན་དོན་རྟོགས་པ་ཕུན་སུམ་ཚོགས་པ་ལས་རྒྱུ་མཐུན་ཆོས་ཀྱི་སྐུ་གཉིས་ཐོབ་པ་སྟེ། གང་ཞེ་ན། ཟབ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྣ་ཚོགས་པ་སྤྲུལ་པའི་སྐུའོ། །དེའི་སྟེང་དུ་རང་བཞིན་ཆོས་ཀྱི་སྐུ་བསྣན་པའི་སྐུ་གསུམ་སྟེ། རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མ་མེད། །དེའི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་སོ། །
འོ་ན་འདི་ཆོས་ཀྱི་དབྱེ་བ་མ་གཏོགས་སྐུའི་དབྱེ་བ་མ་ཡིན་ནོ་ཞེ་ན། ཆོས་ལས་ཐ་དད་པའི་སྐུ་མེད་པའི་ཕྱིར་ཆོས་ཀྱི་རང་བཞིན་ལ་སྐུ་ཞེས་འཇོག་པ་ཡང༌། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་རང་བཞིན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་སོ། །
གཉིས་པ་ལ་གསུམ། རྟེན་སྐུ། བརྟེན་པ་ཡོན་ཏན། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི།
ཡེ་ཤེས་ཚོགས་ལས་རང་དོན་དུ། །སྐྱེ་མེད་ཆོས་སྐུ་མངོན་དུ་གྱུར། །
བསོད་ནམས་ཚོགས་ལས་གཞན་དོན་དུ། །འགགས་མེད་གཟུགས་སྐུ་གཉིས་སུ་གྲུབ། །
ཅེས་པ་སྟེ། རྒྱུ་སྣང་མེད་ཡེ་ཤེས་ཀྱི་ཚོགས་ལས་འབྲས་བུ་རང་དོན་དུ་དབྱིངས་སྐྱེ་བ་མེད་པར་དོན་དམ་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་དང༌། རྒྱུ་སྣང་བཅས་བསོད་ནམས་ཀྱི་ཚོགས་ལས་འབྲས་བུ་གཞན་དོན་དུ་རྩལ་སྣང་འགག་པ་མེད་པ་ཀུན་རྫོབ་གཟུགས་ཀྱི་རྣམ་པ་གཉིས་གྲུབ་པ་སྟེ། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དོ། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་བྱུང༌། །ཞེས་སོ། །
དེ་ཡང་ཆོས་སྐུ་རང་གི་ངོས་ནས་དབྱེ་བ་མེད་ཀྱང་དག་པ་གཉིས་ཀྱི་ལྡོག་ཆས་དབྱེ་ན་སྤང་ཆ་ལ་ངོ་བོ་ཉིད་སྐུ་དང༌། མཁྱེན་ཆ་ཡེ་ཤེས་ཆོས་སྐུ་ཞེས་བཞེད་པ་ལས། ངོ་བོ་ཉིད་སྐུ་མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་སོ། །
ཡེ་ཤེས་ཆོས་སྐུ་ཡང་དེ་ཉིད་ལས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱི་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པ་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བའི་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པར་རྣམ་གསུམ་དང༌། །དྲན་པ་ཉེར་བཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །
དེ་ལས་དག་པའི་གདུལ་བྱ་ལ་སྣང་བ་ཐེག་པ་ཆེན་པོའི་ཆོས་ལ་དབང་བྱེད་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་ནི། སྔ་མ་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །
དེའི་གདུལ་བྱར་མ་གྱུར་པའི་མ་དག་སེམས་ཅན་གྱི་ཡུལ་ལ་སྲིད་པ་ཇི་སྲིད་པར་གང་ལ་གང་འདུལ་གྱི་ཚུལ་དུ་རྒྱུན་མི་འཆད་པར་སྣང་བ་སྤྲུལ་པའི་སྐུ་ནི། ཡང་སྔ་མ་ལས། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་པ། །མཉམ་དུ་མཛད་པའི་སྐུ་དེ་ནི། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་སོ། །
དེ་ལས་མཆོག་གི་སྤྲུལ་སྐུའི་དབང་དུ་བྱས་ཏེ་མཛད་པ་བཅུ་གཉིས་སྟོན་པའི་ཚུལ་ནི། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་བ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་སོ། །
གཉིས་པ་ནི།
གནས་ཚུལ་རང་བཞིན་གནས་རིགས་ལས། །དྲི་བྲལ་ཆོས་སྐུའི་ཡོན་ཏན་དང༌། །
སྣང་ཚུལ་རྒྱས་འགྱུར་རིགས་ལས་ནི། །སྨིན་འབྲས་གཟུགས་སྐུའི་ཡོན་ཏན་འབྱུང༌། །
ཞེས་པ་སྟེ། །དེ་ཡང་གནས་ཚུལ་རང་བཞིན་གནས་རིགས་དག་པ་ལས་དྲི་བྲལ་ཆོས་སྐུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང༌། སྣང་ཚུལ་ཡང་དག་བླངས་པའམ་རྒྱས་འགྱུར་གྱི་རིགས་དག་པ་ལས་སྨིན་འབྲས་གཟུགས་སྐུའི་ཡོན་ཏན་སུམ་ཅུ་རྩ་གཉིས་བྱུང་བ་སྟེ། རྒྱུད་བླ་མ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་དང༌། བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དྲུག་ཅུ་རྩ་བཞི་འདི་དག་གོ །ཞེས་སོ། །
གསུམ་པ་ནི།
མདོར་ན་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་ཆེན་རྒྱ་མཚོ་བསྲུབས་པ་ལས། །
བྱུང་བའི་ཡོན་ཏན་རིན་ཆེན་དབྱིག །དྲུག་ཅུ་རྩ་བཞིའི་མཛོད་ལ་དབང༌། །
ཞེས་པ་སྟེ། མདོར་བསྡུ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་རྒྱ་མཚོ་རིང་དུ་བསྲུབས་པ་ལས་བྱུང་བའི་གྲུབ་འབྲས་སྐུ་གཉིས་ཀྱི་ཡོན་ཏན་རིན་པོ་ཆེའི་དབྱིག་ནོར་དྲུག་ཅུ་རྩ་བཞིའི་མཛོད་ལ་མངའ་དབང་བསྒྱུར་བ་ཡིན་པས་དེ་ལྟར་ཐོབ་པར་འདོད་ན་རྒྱུ་ཚོགས་གཉིས་ལ་བརྩོན་པར་བྱ་དགོས་པ་སྟེ། ཀླུ་སྒྲུབ་ཞབས་ཀྱིས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་གསུངས་པ་བཞིན་ནོ། །
གསུམ་པ་གཞན་དུ་ཞལ་འཕངས་པར་བསྟན་པ་ནི།
དེ་ལ་བརྟེན་པ་ཡེ་ཤེས་དང༌། །ལྷུན་གྲུབ་རྒྱུན་མི་འཆད་པ་ཡི། །
མཛད་ཕྲིན་རྟག་ཁྱབ་བྱུང་ཚུལ་གྱི། །རྣམ་གཞག་གཞན་དུ་ཤེས་པར་བྱ། །
ཞེས་པ་སྟེ། དེ་ལ་བརྟེན་པ་ཡེ་ཤེས་ཀྱི་དབྱེ་བ་དང༌། ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པའི་མཛད་ཕྲིན་རྟག་ཁྱབ་ཏུ་བྱུང་ཚུལ་རྣམ་གཞག་གཞུང་གཞན་དུ་བསྟན་པ་ལས་ཤེས་པར་བྱའོ། །
གསུམ་པ་གདམས་པས་དོན་བསྡུ་བ་ནི།
དེ་ལྟར་བསྟན་པའི་ལྟ་བ་ལས། །ལྷག་པའི་ལྟ་བ་གསང་ཆེན་ལའང༌། །
མེད་ཅེས་དམ་བཅའ་མཛད་འདུག་པས། །ལྟ་བའི་གནད་འདི་མཁྱེན་པར་མཛོད། །
ཅེས་པ་སྟེ། དེ་ལྟར་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་པའི་ཟབ་མོ་དབུ་མའི་ལྟ་བ་འདི་ལས་ལྷག་པ་གསང་ཆེན་རྡོ་རྗེ་ཐེག་པའི་ལུགས་ལའང་མེད་ཅེས་མཁས་དང་གྲུབ་པ་ཀུན་གྱི་མགྲིན་ཏུ་དམ་བཅའ་མཛད་འདུག་པས། ད་ལྟ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་སྐབས་བོང་རྒན་ཉི་མས་འཐོམ་པ་ལྟར་མ་གནས་པར་འདིར་དད་བརྩོན་ཤེས་རབ་ཀྱི་མིག་ཕྱེ་སྟེ་ལྟ་བའི་གནད་འགག་མཁྱེན་པར་མཛོད་ཅིག་ཅེས་རང་ལྟོས་རྣམས་ལ་གདམས་པའོ། །
གསུམ་པ་མཇུག་གི་དོན་ནི།
དབུ་མའི་བསྡུས་དོན་མདོར་བསྡུས་འདི། །རང་ལྟོས་རྣམས་ཀྱི་ཆེད་དུ་བཀོད། །
དགེ་འདིས་རང་གཞན་ཐམས་ཅད་ཀྱིས། །གནས་ལུགས་རྟོགས་པའི་རྒྱུར་གྱུར་ཅིག །
ཅེས་པ་སྟེ། ཐེག་མཆོག་དབུ་མའི་བརྗོད་བྱ་དོན་གྱི་དཀའ་གནད་ཡོངས་སུ་བསྡུས་ཤིང་རྗོད་བྱེད་ཚིག་གི་སྤྲོས་པ་བསྐྱུང་སྟེ་མདོར་བསྡུས་སུ་བསྟན་པ་འདི་ནི། རང་ལྟོས་ཀྱི་སློབ་བུ་རྣམས་ཀྱིས་དབུ་མའི་གཞུང་ལ་ཐོས་བསམ་བྱས་ཀྱང་ཚིག་གི་འབྲུ་ནོན་ཙམ་ལས་དོན་གྱི་གནད་འདི་རྟོགས་དཀའ་བར་མཐོང་ནས་འདི་རྟོགས་པའི་ཆེད་དུ། ཁོ་བོས་བསྡུས་དོན་ལྟ་བའི་མེ་ལོང་ཞེས་བྱ་བ་འདི་ཉིད་བློ་ལ་བཟུང་བདེ་བའི་ཆེད་དུ་ཉུང་ངུའི་ངག་གིས་ཚིགས་བཅད་དུ་བཀོད་པ་ཡིན་ནོ། །དེ་ལྟར་བྲིས་པའི་དགེ་བ་འདིས་ཀྱང་རང་དང་རང་ལྟོས་ཙམ་དུ་མ་ཚད་གཞན་དང་གཞན་དུ་ཐར་པ་འདོད་པ་ཐམས་ཅད་ཀྱིས་ཀྱང་འདི་མཐོང་བ་ཙམ་གྱིས་གནས་ལུགས་ཟབ་མོ་རྟོགས་པའི་རྒྱུར་གྱུར་ཅིག་ཅེས་སྨོན་པའོ། །དེས་མཐར་ཐུག་འབྲས་བུའི་དབུ་མ་བསྡུས་པར་བསྟན་པའི་སྐབས་ཏེ་གསུམ་པ་རྫོགས་སོ།། །།
སླར་སྨྲས་པ། ཚུལ་གཉིས་ཤིང་རྟ་ཆེན་པོའི་ལམ་སྲོལ་གང༌། །ཚུལ་གཅིག་ཉིད་དུ་སྒྲུབ་པའི་བསྟན་བཅོས་འདི། །ཚུལ་དང་མཐུན་པར་ཐོས་བསམ་ཉམས་བཞེས་ན། །ཚུལ་དེ་ཙམ་གྱིས་ངེས་པའི་ཤེས་པ་རྙེད། །ཚུལ་འདིར་ཡུན་རིང་སྦྱངས་པ་ཕལ་ཆེ་བ། །ཚུལ་རེའི་ཕྱོགས་ཞེན་གཏམ་གྱིས་མཁས་རློམས་ནས། །ཚུལ་མིན་ལྟ་ལ་ཞུགས་པའི་ལྕེ་བྲལ་ཡང༌། །ཚུལ་ལུགས་འདི་འདྲ་སྨྲ་ཤེས་དཀོན་པས་འདིར། །ཚུལ་གནས་ཐོས་བསམ་སྒོམ་པའི་བྱ་བ་ལ། །ཚུལ་བཞིན་འཇུག་པར་འདོད་པའི་ཤེས་ལྡན་དག །ཚུལ་གཞན་གང་ལའང་བློ་གཏད་མི་འཆའ་བར། །ཚུལ་གཅིག་ངེས་པའི་དོན་ལ་འཇུག་པར་རིགས། །ཚུལ་འདི་ལེགས་པར་བཤད་པའི་དགེ་བས་ཀྱང༌། །ཚུལ་འདིར་ཐོས་བསམ་བྱེད་པ་ཐམས་ཅད་ཀྱིས། །ཚུལ་གཉིས་ཤིང་རྟ་ཆེན་པོའི་དགོངས་པའི་གཏིང༌། །ཚུལ་བཞིན་རྟོགས་ནས་གཞན་ལ་སྟོན་ནུས་ཤོག །ཅེས་དབུ་མའི་བསྡུས་དོན་གསལ་བྱེད་ལུང་གི་ཕྲེང་བ་ཞེས་བྱ་བ་འདིའང༌། ལྷོ་འབྲུག་དཔལ་ལྡན་འབྲུག་པའི་བསྟན་ཞབས་སུ་འཁོད་པའི་ཆོས་སྨྲའི་བཙུན་པ་དགེ་འདུན་རིན་ཆེན་དུ་འབོད་པའི་སྤྲང་རྒན་དེས། ཀུན་བཟོད་འཛིན་མའི་ཁམས་ལྡན་ཕོ་ཉ་ཅང་ཤེས་ཀྱི་ལོར་རྟ་མགོའི་ཡང་དབེན་འོད་གསལ་དགའ་ཚལ་དུ་བྲིས་པ་ལ། སླར་ཡང་འདི་ཉིད་འཆད་པའི་སྐབས་སུ་མཐའ་དཔྱད་ཀྱིས་ཁ་བསྐངས་ཏེ་ཞུས་དག་བགྱིས་པ་འདིས་ཀྱང་རིས་མེད་བསྟན་ལ་སྨིན་པའི་རྒྱུར་གྱུར་ཅིག། །།
༈ ཨོཾ་སྭསྟི། མདོ་སྔགས་བསྟན་པའི་གོམས་སྟབས་མ་ནོར་བར། །བཤད་དང་སྒྲུབ་པ་རིམ་གྱིས་འཇུག་པ་འདིར། །དང་པོ་ཤེས་བྱ་གཏན་ལ་ཕབ་པའི་གཞུང༌། །མཐའ་བྲལ་དབུ་མའི་ལམ་སྲོལ་ལ་བརྟེན་ནས། །བདེན་གཉིས་ས་ཆེན་གཅོད་པའི་རྐང་པ་དང༌། །ཚོགས་གཉིས་ལམ་ལ་ལྟ་བའི་མིག་ཐོབ་སྟེ། །སྐུ་གཉིས་འབྲས་བུའི་ས་ལ་བགྲོད་མཁས་པའི། །གཞུང་ལམ་འདི་ལས་གཞན་དུ་མེད་མཐོང་ནས། །འདི་ཉིད་རྟ་མགོ་སྒྲུབ་པའི་སྡེར་འཁོད་པའི། །སྐྱེས་བུ་རྣམས་ཀྱི་ལམ་སྟོན་ས་མཁན་དུ། །དམིགས་ཏེ་དཔར་དུ་བསྐྲུན་པའི་ལེགས་བྱས་ཀྱིས། །ས་ལམ་མཐར་ཕྱིན་འབྲས་བུ་མངོན་གྱུར་ཤོག །ཅེས་པ་འདིའང་རང་ལྟོས་རྣམས་ཀྱི་ཆེད་དུ་རང་ནས་ཡོན་སྦྱོར་བགྱིས་ཏེ་དཔར་དུ་འདེབས་སྐབས་པར་བྱང་དུ་སྨོན་པ་དགེ་ལེགས་སུ་གྱུར་ཅིག། །།


0 Comments
ཐུགས་འཆར་བཀོད་གནང་།