མཐུ་ཆེན་ཆོས་ཀྱི་རྒྱལ་པོ་བདུད་འཇོམས་རྡོ་རྗེས་གནང་ཡོད་པའི་ཞལ་གདམས།
ཁོ་རེ་ཚོ། སེམས་ནང་དུ་ཁུག་ལས་བསམ་བློ་ཞིབ་མོ་ཐོངས་དང༌། ཆོས་འཇིག་རྟེན་གྱི་བྱ་བ་གལ་ཆེ་ཆུང་ཅི་འདྲ་ཞིག་བྱེད་ཀྱང༌། དང་པོ་འགོ་མ་བརྩམ་དགོས། བརྩམས་པ་ཅིག་ཡིན་ཕྱིན་ཆད་དེ་ལག་ཏུ་ལོན་ངེས་ཤེས་པ་ཅིག་བྱེད་པའམ། ཡང་ན་མི་ཡོང་ཐག་ཆོད་ངེས་ཤེས་པའི་ཁོ་ཐག་ཆོད་པ་མི་འགྱོད་པ་ཅིག་ལ་སྐྱེལ་དགོས་ཤིང༌། མ་བརྩམ་པ་དེ་མཆོག་ཡིན་ཏེ། །བརྩམས་ནས་སླར་ལྡོག་མི་རུང་ངོ༌། །ཞེས་དང༌། དེ་ལྟ་བུ་ཡི་བསམ་པ་ཡིས། །ལན་ཅིག་བྱ་བ་བརྩམས་གྱུར་ན། །ལས་གཞན་བྱ་བ་མི་རྩོམ་པར། །དེ་ཉིད་གནས་པ་མཐར་དབྱུང་ངོ༌། །ཞེས་སོ། །ཇི་ལྟར་འགྱོད་མེད་ལ་སྐྱེལ་ན་གང་བརྩམས་པའི་བྱ་བ་དེའི་འགོ་བཙུགས་ནས་མ་ཟིན་གྱི་བར་དུ། སྟེང་ནས་ཐོག་བབ་རུང༌། འོག་ནས་ས་ཞོམ་རུང༌། བར་དུ་གནམ་ས་ཆ་ལང་བཞིན་བརྡབས་རུང༌། མགོ་ལ་མེ་ཤོར་རུང༌། པང་དུ་དུག་སྦྲུལ་བྱུང་རུང༌། དལ་བྲེལ་འཁྱགས་ལྟོགས་སྐྱིད་སྡུག་ཅི་བྱུང་རུང༌། འདི་མཐར་འཁྱོལ་བ་ཞིག་མི་བྱེད་རི། ད་ལན་གཅིག་འགོ་བཙུགས་ནས་མཐར་འཁྱོལ་ན་གྲོགས་དགའ་མི་དགའ་སུ་ལའང་ངོ་ཚ། གཉེན་ཉེ་རིང་མ་ཐམས་ཅད་དང༌། སློབ་དཔོན་རྒན་པ་ཚུན་ཞེ་ཁྲེལ་ཡོང༌། དེ་རྣམས་ལ་ངོ་མི་ཚ་བ་ཞིག་མི་བྱེད་རི། རང་གར་མི་ཚེ་སྟོང་ཟད། ཁ་ཡེངས་མིག་ཡེངས། དགའ་བདེ་གུ་ཡངས། ཁ་དལ་སྤྱོད་དལ། ཧ་ཧ་ཧེ་ཧེ་ལ་བསྡད་པ་ལ་དོན་ཡོད་རི། ངེད་ཡོན་ཏན་འདི་འདྲ་ཞིག་ཤེས་པར་བྱས་ནས། ད་ལྟའི་གནས་ཚུལ་འདི་ལས་དྲག་སྐྱེད་འཐོན་པ་ཞིག་མི་བྱེད་རི་སྙམ་པའི་ཞེ་བཅད་སྙིང་རུས་དྲག་པོ་བརྗེད་ཐོ་བཏགས་པ་ལྟར་ཞག་རེ་དྲན་པར་བྱས་ལ། རང་གིས་རང་འཇུན། རང་གི་རང་སྐྱོན་ལྟ། དེ་བཞིན་རྒྱུན་དུ་བྱས་ནས། ཟླ་བ་གཅིག་ཙམ་སོང་བ་དང༌། ཁ་འདོན་བྱེད་པ། དཔེ་ཆ་འཛིན་པ། ལས་ནུས་པ་སོགས་མཐའ་དག་ནས་བློ་སྐྱེད་ཨེ་ཐོན་ལྟ། བྱུང་འདུག་ན་ཕོ་བྱས་སྙམ་པའི་དགའ་བ་བསྒོམ། མ་བྱུང་འདུག་ན་ཁྱོད་འདྲས་ཆོས་འཇིག་རྟེན་ཅི་བྱེད་ཀྱང་མི་ཁྱུར་ཚུད་རི་སྙམ་པའི་ཡིད་མུག་བསྒོམ་ལ། ཡང་དམ་བཅའ་དྲག་ཏུ་བྱེད་དགོས་པ་ཡིན། སྙིང་རུས་མེད་པའི་མིས་ཅི་བསྒྲུབས་ཀྱང་ཐལ་བ་དང་འདྲ། བླ་མ་གུ་ཎའི་ཞལ་ནས། མགོ་ལ་སྲོ་མའི་ཞྭ་གོན། ལུས་ལ་སྲོ་མའི་གོས་གྱོན། ལག་པ་དྲེག་པ་དང་མ་བྲལ་བ། སེམས་སྡུག་བསྔལ་དང་མ་བྲལ་བ་གྱིས། ཁ་ཁག་སྐྱོག་སྐྱོག་གི་ལས་མ་བྱས་པར། མངར་མངར་ལྷན་ལྷན་པའི་ཟས་མི་རྙེད། ངུ་བྲོ་བའི་སྡུག་པོ་མ་བྱས་ན། དགའ་བྲོ་བའི་སྐྱིད་པོ་མི་ཡོང༌། ཁ་ཟ་འདོད་པའི་ལག་པ་ལྕགས་གཏུན་སྐམ་པ་འདྲ་བ་ཞིག་དགོས་པ་ཡིན། ཅེས་དང༌། མཁས་པ་སློབ་པའི་དུས་སུ་སྡུག །ཤེས་ན་རིན་ཆེན་གསེར་ལས་དགའ། །ཞེས་པས། སྙིང་རུས་བསྐྱེད་ནས་འབུངས་དགོས། དེ་ཡང༌། བདེ་བ་ཆུང་ལ་ཆགས་གྱུར་ན། །ཆེན་པོའི་བདེ་བ་ཐོབ་མི་འགྱུར། །ཞེས་པས་ཟད་མེད་ཀྱི་ཡིད་འགྱུར་གཞན་ལ་མ་བརྒྱག་ཁྲེལ་མེད་ཀྱི་གཉིད་མ་ལོག ཟད་མིད་ཀྱི་ལོང་གཏམ་ལ་མ་དགའ། རྩེད་མོ་དང་ཁ་ཡེངས་མིག་ཡེངས། རྒན་གཞོན་ཟླ་བོའི་ངོ་དགའ་སོགས་ལ་བདུད་དུ་བསྒོམ། གལ་ཏེ་བདུད་ཀྱིས་སེམས་བསྒྱུར་བས། སློབ་གཉེར་དང་ལས་ཀ ཁ་འདོན་སོགས་བྱེད་སྙིང་མི་འོང་འདོད་པ་དང༌། སྙིང་མི་དགའ་བར་འདི་འདྲའི་སྡུག་པོ་མ་བྱས་པར་ལྟོ་གོས་ཕྱིད་དམ་བསམ་བྱུང་ན། ཤ་ཚ་བའི་གྲོས་བསྟེན་པར་བྱས་ལ། ད་ནི་སྙིང་ཁོང་རུལ། ལུས་དུམ་བུ་བརྒྱར་སོང་ཡང༌། མི་དགའ་བཞིན་དུ་འབུངས་དགོས་སྙམ་པ་གྱིས། དེ་ལྟར་བྱས་པ་དང༌། དེའི་འབྲས་བུ་ཞིག་སྨིན་ཡོང༌། སྐྱིད་པོ་བྱུང་ན་སློབ། སྡུག་པོ་བྱུང་ན་ནི་འཇོག ཞོར་ལ་ཤེས་བྱུང་ན་སློབ། དཀའ་ལས་བྱུང་ན་མི་སློབ། ཆགས་ན་སྡོད། མི་ཆགས་ན་འགྲོ། བྱུང་ན་རབ། མ་བྱུང་ན་དེ་ཀ་ཡིན། ལྟོ་ནི་བགྲངས། གོས་ནི་དྲོས་སྙམ་པ་བྱས་ན་མ་རབས་ཀྱི་ནང་དུའང་མི་ཚུད། གཅེས་ཕྲུག་དགའ་ཞོར་སྐྱིད་ཞོར་ལ་ཡོན་ཏན་ཤེས་པ་མི་ཡོང༌། རང་དབང་ཡོད་དུས་སྡུག་ཁུར་བྱས་པས་ཤེས་ཡོང་བ་ཡིན། ཡོན་ཏན་ཞོར་ལ་ཤེས་པ་ཅིག་ཡིན་ན། མཁས་པ་དང་སྐྱིད་པོ་ལ་མི་དགའ་བའི་མི་མེད་པས་ཐམས་ཅད་མཁས་པ་བྱེད་ཐང༌། མི་ཡིན་པ་མཉམ་པོ་ལ། སྙིང་རུས་དང་བརྩོན་འགྲུས་སུ་ཆེ་རྒྱལ་འདུག་པ་ཨེ་མཐོང༌། ཞིག་པ་རང་ལྟོས་དང༌། ལྟོས་ན་སྙིང་གྲོས་འདི་ལས་ལྷག་པ་མིན་འདུག་པས་སེམས་ལ་དྲན་པ་གྱིས། ཡི་གེ་འདི་ཉིན་རེ་བཞིན་ལན་རེ་མ་ཆག་པར་ལྟོས་ལ། དེའི་དོན་ཡིད་འགྱུ་རེ་མ་ཆག་པ་གལ་ཆེ། རང་སེམས་དཔང་པོར་ཞོག་ལ་རང་ལ་ཞེ་མ་ཁྲེལ་བ་གྱིས། རང་གིས་རང་འཇུན་དགོས་པ་ཡིན། དེ་ལྟར་བྱས་ན་མཁས་པ་མྱུར་དུ་འོང་བས་ཐུགས་ལ་འཇོག་པར་ཞུ། མཁས་གྲུབ་ཡིད་བཞིན་ནོར་བུ་ལ། །གསོལ་བཏབ་ཟབ་གནད་འདོད་དགུའི་གཟུགས། །བདག་སྙིང་མེ་ལོང་རབ་དྭངས་པར། །ཇི་བཞིན་ཤར་བ་འདིར་བྲིས་སོ། །ཞེས་གསུངས་སོ། །


0 Comments
ཐུགས་འཆར་བཀོད་གནང་།