དམ་ཅན་རྒྱ་མཚོའི་གཏོར་བསྔོ་ཤིན་ཏུ་བསྡུས་པ་བཞུགས་སོ།།
འདིར་དམ་ཅན་རྒྱ་མཚོའི་ཚོགས་ལ་གཏོར་བསྔོ་རྒྱུན་ཁྱེར་ཉུང་ངུ་འདི་ཉིད་གྲངས་གསོག་པ་ལྟ་བུའི་སྐབས་གསེར་སྐྱེམས་བ་ལིང་དང་བཅས་པ་བཤམས་ལ། རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ གི་བྱིན་གྱིས་བརླབས། རང་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས། ཨ་ཡིག་རང་རིག་གསལ་སྟོང་ཟུང་འཇུག་ལས། །ཧ་ཧ་ཞེས་བཞེངས་རང་ཉིད་ཧེ་རུ་ཀར། །ས་ལེར་གསལ་མདུན་དུར་ཁྲོད་ཆེན་པོའི་དབུས། །ཤཱཀྱའི་བསྟན་དགྲ་བསྒྲལ་བའི་བམ་ཆེན་སྟེང༌། །ལ་འུར་ཧཱུྃ་ལས་དཔལ་མགོན་ཕྱག་བཞི་པ། །རཀྟ་ལ་དགྱེས་ཁྲག་འཐུང་ལས་ཀྱི་མགོན། །ཡ་མཚན་ཆས་བཅུག་འདོད་དབང་དུད་སོལ་མ། །འ་ཅར་འདོད་དགུའི་ཆར་འབེབས་རྣམ་ཐོས་སྲས། །ཟ་བྱེད་ཌཱ་ཀི་ཚེ་རིང་མཆེད་ལྔ་སོགས། །ཞྭ་ལྟར་བརྟེན་པའི་དམ་ཅན་རྒྱ་མཚོའི་ཚོགས། །ཝ་ལེར་གསལ་བའི་འོད་ཀྱིས་ཡེ་ཤེས་པ། །ཛཿཞེས་ཐམས་ཅད་དེང་འདིར་སྤྱན་འདྲེན་ནོ། །ཚ་ཟེར་འབར་བའི་གདན་བཞུགས་གུས་ཕྱག་འཚལ། །ཙཱ་རུའི་བཟའ་སོགས་ལས་བཞིའི་མཆོད་གཏོར་རྫས། །མ་ལུས་ཅི་དགའ་འཆར་བ་རེ་རེ་ལའང༌། །བ་ཐག་སྦྲེལ་བཞིན་སྦྱངས་རྟོགས་སྦར་བ་ཡིས། །ཕ་མཐའ་མེད་པ་ནམ་མཁའི་མཛོད་དུ་འབུལ། །པ་སངས་ཟླ་ལྟར་དགྱེས་རོལ་ལྕམ་དྲལ་ཚོགས། །ན་མར་གཉེར་གཏད་ལེགས་པའི་གཏང་རག་དང༌། །ད་ལྟའི་ཕྲིན་ལས་གཉེན་པོ་གང་བཅོལ་བའི། །ཐ་ཚིག་མ་གཡེལ་མྱུར་དུ་འགྲུབ་པར་མཛོད། །ཏཱ་མིར་བསྟེན་པའི་མི་བཞིན་བདག་ཅག་ལ། །ཉ་རྒྱས་ཟླ་ལྟར་ལེགས་ཚོགས་གོང་དུ་སྤེལ། །ཇ་བཟང་རོ་གཅིག་པ་ལྟར་ཁྱེད་རྣམས་ཀྱང༌། །ཆ་ལུགས་མ་ངེས་རྣམ་པ་ཅིར་སྣང་ཡང༌། །ཅ་རེ་ཆོས་སྐུའི་རོལ་པར་ཤེས་པས་བསྟོད། །ང་ཚོ་ཆོས་བཞིན་སྒྲུབ་པ་བྱེད་པའི་སྡེར། །ག་ནའང་ཁྱེད་མཚུངས་མཐུ་དཔུང་མ་ལགས་ཚེ། །ཁ་ཙམ་མིན་པར་ཡིད་ཆེས་ཀྱིས་བསྟོད་པས། །ཀ་དག་ཀློང་དུ་བྱང་ཆུབ་ལྡོག་མེད་མཛོད། །དེ་ལྟར་ཡོན་ཏན་རྒྱ་མཚོ་མ་ཐོབ་བར། །ནམ་གཞར་དམ་ཅན་རྒྱ་མཚོར་མཆོད་པའི་མཐུས། །གཡེལ་མེད་ཕྲིན་ལས་རྒྱ་མཚོས་གྲོགས་མཛད་ནས། །མཆོག་ཐུན་དངོས་གྲུབ་རྒྱ་མཚོ་དེང་འདིར་སྩོལ།། །།དེ་ནས་གཏིང་ངོགས་གསེར་ཕྱེ་དང་ད་ནི་འདོད་པ་སོགས་ཀྱི་མཐར་མཆོད་བསྟོད་བསྡུས་པ་ཡི་གེ་བརྒྱ་པས་ལྷག་ཆད་བསྐངས་བསྔོ་སྨོན་ཅི་རིགས་པར་བྱའོ། །ཞེས་པའང་དགེ་རིན་པས་སོ།།
0 Comments
ཐུགས་འཆར་བཀོད་གནང་།