གསར་པ།

6/recent/ticker-posts

ཟབ་ལམ་སྔོན་འགྲོ་ཤིནྟུ་བསྡུས་པ།

 

ཐོག་མར་ངག་བྱིན་རླབས།

༄༅། །རང་ཉིད་ཡི་དམ་ལྷར་གསལ་ལྕེ་ཡི་སྟེང༌། །ཨ་ལས་ཟླ་སྟེང་ཨ་དཀར་འོད་འབར་བའི། །མདུན་ནས་གཡས་སྐོར་ༀ་དང་དབྱངས་ཡིག་དཀར། །དེ་རྒྱབ་གསལ་བྱེད་སྭཱ་ཧཱཱ་གཡོན་བསྐོར་དམར། །དེ་རྒྱབ་རྟེན་འབྲེལ་སྙིང་པོ་གཡས་བསྐོར་སྔོ། །དེ་ལས་འོད་འཕྲོས་རྩ་གསུམ་མཆོག་གསུམ་གྱི། །བྱིན་རླབས་ལྷ་སྔགས་འོད་ཟེར་རྣམ་པར་བསྡུས། །སླར་ཡང་འོད་འཕྲོས་གྲུབ་པའི་རིག་འཛིན་དང༌། །དྲང་སྲོང་བདེན་གྲུབ་རྣམས་ཀྱི་ངག་ནུས་མཐུ། །ཡིག་འབྲུའི་ཚུལ་བསྡུས་ལྕེ་ལ་ཐིམ་པར་གྱུར། །ཡི་དམ་ལྷ་སྔགས་ཀྱི་གཤམ་དུ། ༀ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ར་རཱ། ལ་ལཱ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵཿསྭཱཧཱ། ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བ་ཧེ་ཏུནྟེ་ཥཱནཏ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎཿསྭཱཧཱ། དབྱངས་གསལ་རྟེན་སྙིང་རྣམས་སྦྲེལ་མར་ལན་གསུམ་མམ་བདུན་སོགས་བཟླས་མཐར། སྔགས་ཕྲེང་ཟླ་བ་རིམ་ཞུ་ཨ་ལ་ཐིམ། །དེ་ཡང་བདུད་རྩི་དཀར་དམར་རྣམ་པར་ཞུ། །ལྕེ་ལ་ཐིམ་པས་ནུས་པའི་སྟོབས་ལྡན་གྱུར། །བདག་གི་ལྕེ་ཡི་དབང་པོ་ལ། །བདེ་གཤེགས་སྤོབས་པ་ལྡན་པར་ཤོག །ཚིག་གི་གཟི་བརྗིད་མཐུ་དེས་ནི། །སེམས་ཅན་ཐམས་ཅད་འདུལ་བར་ཤོག །བདག་གིས་ཚིག་ནི་ཅི་སྨྲས་པའི། །དོན་དེ་ཐམས་ཅད་འགྲུབ་པར་ཤོག །མཁས་གྲུབ་ཁྱུང་པོའི་གདམས་ངག་ལས་སོ།།

ཕྲེང་བ་བྱིན་བརླབ་ཀྱི་སྔགས།

ༀ་རུ་ཙི་ར་མ་ཎི་པྲ་བརྡྷ་ན་ཡེ་སྭཱ་ཧཱ། །ལན་བདུན་གྱིས་ཕྲེང་བ་བྱིན་གྱིས་བརླབ་བོ།། ༀ་དྷུ་རུ་དྷཱུ་རུ་ཛ་ཡེ་མུ་ཁེ་སྭཱཧཱ། ཞེས་ལན་བདུན་བཟླས་ན་དགེ་སྦྱོར་བྱེ་བར་འགྱུར་རོ།། ༀ་སམྦྷ་ར་སམྦྷ་ར་བི་མ་ན་སཱ་ར་མ་ཧཱ་ཛ་ཝ་ཧཱུྃ། ། ༀ་སྨ་ར་སྨ་ར་བི་མ་ན་སྐ་ར་མ་ཧཱ་ཛ་ཝ་ཧཱུྃ། ལན་བདུན་བརྗོད་པས་དགེ་སྦྱོར་གང་བྱས་བྱེ་བར་འགྱུར། ༀ་ཧྲཱིཿཔདྨ་ནིརྟི་ཤྭ་ར་ཧཱུྃ། །ལན་བདུན་བརྗོད་པས་བཟླས་བརྗོད་དུང་ཕྱུང་དུ་འགྱུར་རོ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི་མ་ཎི་དྷཱ་རི་བཛྲ་ཎི། མ་ཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མ་མ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭ་ཧཱ། འདི་བཟླས་པ་ཙམ་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་བར་ཆད་ཞི་ཞིང༌། ཆོས་བྱེད་པ་རྣམས་བདུད་ཀྱི་བར་ཆད་ཀྱིས་ནམ་ཡང་ཚུགས་པར་མི་འགྱུར་རོ།།

ཟབ་ལམ་སྔོན་འགྲོ་ཤིནྟུ་བསྡུས་པ།

༄༅། །འདིར་ཟབ་ལམ་བསྐྱེད་རྫོགས་ཉམས་ལེེན་མཐའ་དག་གི་སྔོན་འགྲོ་བའི་ཆོ་ག་རྒྱས་བསྡུས་གཉིས་ཀ་བློ་ཡིས་མི་ལྕོགས་པའི་རིགས་ལ་ཤིན་ཏུ་བསྡུས་པ་ཉམས་སུ་ལེན་ཚུལ་འདི་ལྟར། ཐོ་རངས་མལ་ནས་ལངས་མ་ཐག་ཤེས་ན་རླུང་རོ་བསལ་ཞིང་ངག་བྱིན་བརླབ་བྱ། མི་ཤེས་ན་དེ་མ་ཐག་སྐད་དབྱངས་སྙན་པོས། བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །བླ་མཁྱེན་ནོ། །ཞེས་དྲག་ཏུ་བརྗོད་པས་རང་སེམས་ཐ་མལ་གྱི་སྣང་བ་ལས་བཟློག་སྟེ་དཀར་པོའི་ཆོས་ཀྱི་རྩ་བ་དད་པས་ཀུན་ནས་བསླང་བར་བྱའོ། །སྔོན་འགྲོ་ལ་ཐུན་མོང་དང་ཐུན་མིན་གཉིས་ལས། དང་པོ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བར་གསོལ་བ་འདེབས་པ་ནི། དལ་འབྱོར་རྙེད་དཀའ་ཤེས་པར་བྱིན་གྱིས་རློབས། །འཆི་བ་མི་རྟག་དྲན་པར་བྱིན་གྱིས་རློབས། །རྒྱུ་འབྲས་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །འཁོར་བའི་ཉེས་དམིགས་རྟོགས་པར་བྱིན་གྱིས་རློབས། །ཐར་པའི་ཕན་ཡོན་མཐོང་བར་བྱིན་གྱིས་རློབས། །བློ་སྣ་ཆོས་ལ་བསྒྱུར་བར་བྱིན་གྱིས་རློབས། །གཉིས་པ་ཐུན་མིན་གྱི་སྔོན་འགྲོ་ལ་བཞི་ཡོད་པའི་དང་པོ་ལ། སྐྱབས་ཡུལ་ཚོགས་ཤིང་གསོལ་གདབ་པ་ནི། མདུན་མཁར་རང་སྣང་དག་པའི་ཞིང་ཁམས་དབུས། །སེང་ཁྲི་པདྨ་ཟླ་ཉིའི་གདན་སྟེང་དུ། །དཔལ་ལྡན་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྐྱབས་ཡུལ་ཀུན་འདུས་ངོ་བོར་བཞུགས་པར་གྱུར། །སྐྱབས་སུ་འགྲོ་བ་ནི། སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐུ་གསུམ་རང་རིག་ངོ་བོ་བླ་མ་ལ། །བདག་དང་མཐའ་ཡས་མར་གྱུར་འགྲོ་བ་ཀུན། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། མ་དག་རིགས་དྲུག་སྒྱུ་མའི་གྲོང་ཁྱེར་དུ། །རང་སྣང་འཁྲུལ་པས་བསླུས་པའི་སེམས་ཅན་རྣམས། །ཡང་དག་རྫོགས་པའི་སངས་རྒྱས་ལ་འགོད་ཕྱིར། །སྨོན་འཇུག་བླ་མེད་བྱང་ཆུབ་སེམས་བསྐྱེད་དོ། །ཚོགས་བསགས་ཡན་ལག་བདུན་པ་ནི། རང་ལུས་དཔག་མེད་མཁའ་མཉམ་སེམས་ཅན་བཅས། །དཔལ་ལྡན་བླ་མར་གུས་པས་ཕྱག་འཚལ་ལོ། །བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པ་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །དུས་གསུམ་དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་ཚོགས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཚོགས་ཤིང་བསྡུ་བ་ནི། སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ་པར་གྱུར། །གཉིས་པ་རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་། །ཧཱུཾ་ལས་བླ་མ་རྡོ་རྗེ་སེམས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །ཐུགས་ཀར་ཧཱུ་མཐར་སྔགས་ཀྱིས་བསྐོར། །སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །བདུད་རྩི་རྣམ་བཞི་ཆུ་བོའི་རྒྱུན། །སྦྱོར་མཚམས་ནས་བབས་སྤྱི་བོར་ཞུགས། །ལུས་ཀྱི་ནང་ཀུན་བཀྲུ་ཞིང་སྦྱང་། །ནད་གདོན་སྡིག་སྒྲིབ་མ་ལུས་པ། །ཐམས་ཅད་བྱང་ཞིང་དག་པར་གྱུར། ། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མ་བྷ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་བཛྲ་མ་མེ་མུཉྩ་བཛྲ་བྷ་ཝ། མ་ཧཱ་ས་མཱ་ཡ་སཏྭ་ཨཱཿ ཡིག་བརྒྱ་མི་ཤེས་ན་མཚན་སྔགས། ༀ་བཛྲ་སཏྭ་ཧཱུཾ། ཞེས་ཅི་ནུས་བཟླས་མཐར། རྡོར་སེམས་འོད་ཞུ་རང་ལ་ཐིམ། ཞེས་རང་སེམས་དང་གཉིས་མེད་དུ་བཞག་གོ །གསུམ་པ་མཎྜལ་ནི། གོང་གི་ཚོགས་བསགས་དེས་འཐུས་ཤིང་འོན་ཀྱང་ལོགས་སུ་འབུལ་བར་སྤྲོ་ན། སྒྲུབ་པའི་མཎྜལ་ཚོགས་ཞིང་གསལ་གདབ་པ་ནི། རང་མདུན་ནམ་མཁར་རིན་ཆེན་ས་གཞིའི་དཀྱིལ། །རི་རབ་སེང་ཁྲི་པདྨ་ཟླ་ཉིའི་སྟེང་། །རྩ་བའི་བླ་མ་རིགས་བདག་རྡོ་རྗེ་འཆང་། །རྒྱལ་བ་རྒྱ་མཚོའི་ངོ་བོར་བཞུགས་པར་གྱུར། །ཞེས་ཞིང་ཁམས་ཐམས་ཅད་སྐུ་ལ་སྣང་ཞིང་སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ་པའམ། །ཉི་མ་དང་ཉི་མའི་ཟེར་བཞིན་སངས་རྒྱས་བྱང་སེམས་ཐམས་ཅད་བླ་མའི་རོལ་པར་ཤེས་པའམ། ཐམས་ཅད་བླ་མ་དང་དབྱེར་མེད་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་གང་རུང་བློ་ནུས་དང་བསྟུན་གསལ་གདབ། མཆོད་པའི་མཎྜལ་འབུལ་བ་ནི། གླིང་གཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ནང་བཅུད་མཐོ་རིས་འདོད་ཡོན་ལྷ་མོའི་ཚོགས། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་མ་ལུས་པ། །མོས་པའི་བློ་ཡིས་རྒྱལ་བ་རྣམས་ལ་འབུལ། །བདག་དང་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤོག །གུ་རུ་ཨི་དཾ་རཏྣ་མཎྜལ་ལ་ཀཾ་ནི་རྱ་ཏ་ཡཱ་མི། ཞེས་དམིགས་པ་དང་ལག་པའི་ཕྱག་རྒྱ་བཅས་ཏེ་ཕུལ་ཡང་རུང་ཞིང་མཎྜལ་དངོས་སུ་ཡོད་ན་ཚོམ་བུ་བདུན་བྱའོ། །གྲངས་ཇི་ཙམ་འདོད་པ་གསོག་མཐར། ཚོགས་ཞིང་འོད་ཞུ་རང་ལ་ཐིམ་པར་གྱུར། །བཞི་པ་བླ་མའི་རྣལ་འབྱོར་ནི། སྟོང་པའི་ངང་ལས་སྐད་ཅིག་གིས། །རང་ལུས་རྡོ་རྗེ་ཕག་མོའི་སྐུ། །སྣང་སྟོང་བར་སྣང་འཇའ་ཚོན་བཞིན། །གསལ་བའི་སྤྱི་བོར་སེངྒེའི་ཁྲི། །པདྨ་ཟླ་ཉི་བརྩེགས་པའི་སྟེང་། །རྩ་བའི་བླ་མ་རྡོ་རྗེ་འཆང་། །གང་ཐུགས་འགྱུར་མེད་བདེ་བའི་གདངས། །རང་འོད་ཡུམ་དང་མཉམ་པར་རོལ། །ཀུན་བཟང་རྡོ་རྗེ་འཆང་ལ་སོགས། །ཡོངས་རྫོགས་བརྒྱུད་པའི་བླ་མ་དང་། །རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས། །དབྱེར་མེད་ཐུགས་ཀྱི་ངོ་བོར་འདྲེས། །ཁྱབ་བདག་སྐུ་བཞི་ཡེ་ཤེས་ལྔའི། །བདག་ཉིད་ཅན་དུ་བཞུགས་པར་གྱུར། །ཅེས་རང་ལུས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་ཁྲག་ཐོད་སྐམ་ལྔའི་དབུ་རྒྱན་མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ཕྱག་རྒྱ་ལྔས་བརྒྱན་པ་གྲུ་མོ་གཡོན་ན་ཁ་ཊཱཾ་ཞབས་གཡས་བསྐུམ་གཡོན་བརྐྱང་པད་ཉི་བཾ་རོའི་སྟེང་ན་བཞུགས་པའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་སྐུ་མདོག་དམར་མོ་ཡུམ་ལ་འཁྱུད་པ་ཞིག་ཏུ་གསལ་བཏབ་ལ། གསོལ་བ་འདེབས་པ་ནི། སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །མོས་གུས་གདུང་བ་དྲག་པོས་གསོལ་བ་འདེབས། །སེམས་ཉིད་རང་ངོ་ཤེས་པར་བྱིན་གྱིས་རློབས། །གང་ཤར་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་མོས་གུས་དྲག་པོས་གསོལ་འདེབས་འདི་ཉིད་ཁོ་ན་གྲངས་གསོག་པའམ། ཡང་ན་མཚན་སྔགས་བཟླ་བ་བླ་མའི་རྣལ་འབྱོར་སྤྱི་ལུགས་བཞིན་འདིར་ཡང་། ༀ་བཛྲ་གུ་རུ་ཌཱ་ཀི་ནི་སིངྡྡྷི་ཧཱུཾ། ཞེས་མ་ཡེངས་པར་ཅི་ནུས་བཟླའོ། །དབང་བཞི་བླང་བ་ནི། བླ་མའི་གནས་བཞིར་འབྲུ་བཞི་ལས། །འོད་འཕྲོས་རང་གི་གནས་བཞིར་ཐིམ། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །བསྡུ་རིམ་ནི། མཐར་ནི་བླ་མ་དགྱེས་འཛུམ་བཅས། །འོད་དུ་ཞུ་ནས་རང་ལ་ཐིམ། །བླ་མའི་ཐུགས་དང་རང་གི་སེམས། །གཉིས་མེད་མ་བཅོས་ངང་ལ་བཞག །དགེ་རྩ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྨོན་ལམ་ནི། ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིུས་འགྲུབ་པར་ཤོག །ཤིས་བརྗོད་ནི། བསླུ་མེད་དཀོན་མཆོག་གསུམ་གྱིས་བཀྲིས་ཤོག །རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲིས་ཤོག །བསྟན་པ་ཡུན་རིང་གནས་པའི་བཀྲིས་ཤོག །བསྔོ་སྨོན་རིགས་གང་ཤེས་འདོན། མི་ཤེས་ན་དེ་ཙམ་གྱིས་ཆོག་གོ །ཞེས་པ་འདི་ནི་མཁན་མིང་འཛིན་པ་འཇིགས་མེད་ཆོས་ཀྱི་གྲགས་པས་གནམ་ལོ་ལྕགས་མོ་ཡོས་ལོ་རང་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཉིན་ཤར་ཕྱོགས་པདྨ་དགའ་ཚལ་གྱི་ཡུལ་གྲུར་མི་མང་ལ་ཁྲིད་འདེབས་པའི་ཐུན་མཚམས་སུ་བྲིས་པ་དགེའོ།། །།


Post a Comment

0 Comments