
༈ མ་ནམ་བཞི་སྐོར་ལན་གསུམ། འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་འཕྲེང་དབུས། །སོགས་དང༌། བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག
།སོགས་ལན་གཅིག ། ༈ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མགོན་པོ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་ར་མཧཱ་སད་ཀ་ར་མཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ།
ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །དེ་བཞིན་དག་པ་ལྷ་ཡི་ཆུ། །དག་པ་ཡིས་ནི་སྐུ་ཁྲུས་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མཧཱ་པཱ་དྱཾ་པྲ་ཏཱིཙྪ་སྭཱཧཱ།
བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་ཀཱ་མ་ལ་ཡེ་སྟྭཾ། །
༈ བར་དོ་གསོལ་འདེབས་ནི། ན་མོ་མཧཱ་མུ་དྲཱ་ཡ།
ཆོས་ཀུན་སྒྱུ་མ་ལྟ་བུར་ཐུགས་ཆུད་པས། །མ་དག་སྒྱུ་མ་ལས་གྲོལ་དག་པ་ཡི། །སྐུ་བརྙེས་སྒྱུ་མའི་འགྲོ་བ་འདྲེན་མཛད་པའི། །འདྲེན་མཛད་སྒྱུ་མའི་སྐུ་ལ་སྐྱབས་སུ་མཆི། །སྒྱུ་མའི་ལུས་ཅན་མགོན་པོ་ཁྱོད་ཀྱིས་ནི། །སྒྱུ་མས་བསླུས་པའི་བདག་སོགས་སེམས་ཅན་རྣམས། །སྒྱུ་མའི་སྣང་བས་བསླུ་བར་མི་འགྱུར་ཞིང༌། །སྒྱུ་མ་རང་ངོ་ཤེས་པར་བྱིན་གྱིས་རློབས། །
༈ བར་དོར་བར་དོ་ཡིན་པ་ཤེས་པའི་ཚེ། །རང་ལུས་ལྷ་བསྒོམ་དེ་ནས་འོད་གསལ་བསྒོམ། །སླར་ཡང་ཟུང་འཇུག་ཉིད་དུ་བསྒོམས་པ་ཡིས། །དག་པའི་སྒྱུ་ལུས་འཆར་བར༴
།རི་ཉིལ་རྒྱ་མཚོ་འཆོལ་དང་ནགས་ཚལ་བསྲེགས། །དུས་མཐའི་རླུང་ཆེན་ལངས་པ་ལྟ་བུའི་སྒྲ། །འབྲུག་སྟོང་དུས་གཅིག་ལྡིར་བ་ལས་འཇིགས་ཚེ། །ཆོས་ཉིད་རང་སྒྲར་ཤེས་པར༴
།ཁ་དོག་ལྔ་ལྡན་འོད་ཟེར་འཁྲུག་ཅིང་འབར། །འོད་དང་ཐིག་ལེ་ཐིག་ཕྲན་ལྟ་བུ་ལས། །འཇིགས་པའི་ཁྲོ་ཚོགས་རྒྱོབ་གསོད་སྒྲ་སྒྲོག་ཚེ། །རང་སྣང་ལྷ་རུ་ཤེས་པར༴
།འདོད་ཆགས་ཞེ་སྡང་གཏི་མུག་ལས་གྱུར་པའི། །དཀར་དང་དམར་དང་ནག་པོའི་གཅོང་གཡང་ལ། །རང་ཉིད་ལྷུང་སྙམ་རབ་ཏུ་འཇིགས་པའི་ཚེ། །རང་སྣང་དག་ཏུ་ཤེས་པར༴
།གང་དུ་སྐྱེ་བའི་ལུས་ཀྱི་གཟུགས་གྲུབ་ཅིང༌། །དཀར་དམར་སེར་དང་སྔོ་བ་ནག་པོའི་འོད། །ལྷ་མི་དུད་འགྲོ་ཡི་དྭགས་དམྱལ་བ་ཡི། །ལམ་ལྔ་རིམ་བཞིན་ཤེས་པར༴
།གཞལ་མེད་ཁང་དུ་ལྷ་བུ་འདོད་སྤྱོད་དང༌། །ངང་པ་ཁྱུ་མཆོག་རྟ་ཡིས་བརྒྱན་པའི་མཚོ། །ཁང་བཟང་ཕ་མའི་འདུ་འཕྲོད་མཐོང་གྱུར་ན། །ཆགས་སྡང་མིག་སེར་དག་པར༴
།རླུང་དམར་ཆར་སྤྲིན་ཚ་གྲང་གིས་བདས་པས། །ཕུག་པ་གྲོག་པོ་སྡོང་དུམ་ལ་སོགས་རྩར། །སྐྱབས་ཕྱིར་འཇུག་པའི་སྣང་བ་བྱུང་གྱུར་ན། །སྐྱེ་གནས་ངན་པར་ཤེས་པར༴
།སྲོག་གཅོད་མ་དང་ལྕགས་ཀྱི་ཁང་བཟང་མཐོང༌། །དགའ་བའི་ཡིད་ཀྱིས་གནས་དེར་འཇུག་སེམས་ན། །རང་ངོ་ཤེས་ཤིང་འཇིགས་པ་མེད་པ་ཡིས། །གནས་ངན་དེ་ལས་བཟློག་པར༴
།མངལ་དང་སྒོང་སྐྱེས་མིག་སེར་ཕྲག་དོག་དང༌། །དྲོད་གཤེར་ལས་སྐྱེས་དྲི་དང་དང་རོ་ལ་ཆགས། །རྫུས་སྐྱེས་གནས་ལ་ཆགས་པ་སྐྱེས་པའི་ཚེ། །ཆགས་སྡང་སྲེད་པ་མེད་པར༴
།ཕ་མ་ལ་སོགས་སྐྱེ་གནས་མཐོང་བའི་ཚེ། །ཆགས་སྡང་མེད་ཅིང་སྒྱུ་མར་ཤེས་པ་དང༌། །གནས་ལུགས་རང་ངོ་ཤེས་པའི་དྲན་པ་ཡིས། །ཞེན་མེད་མངལ་སྒོ་ཁེགས་པར༴
།གལ་ཏེ་མ་ཁེགས་སྐྱེ་བ་ལེན་པ་ན། །བདེ་བ་ཅན་དང་དགའ་ལྡན་མངོན་དགའ་འམ། །འཁོར་ལོས་སྒྱུར་རྒྱལ་བྲམ་ཟེའི་རིགས་དག་ཏུ། །བསམས་བཞིན་སྐྱེ་བ་ལེན་པར༴
།སྐྱེ་མ་ཐག་ནས་སྔོན་གྱི་གནས་དྲན་ཞིང། །ཐེག་ཆེན་ཆོས་ལ་སྤྱོད་པའི་སྐལ་བར་ལྡན། །བརྩེ་བས་གཞན་དོན་འབའ་ཞིག་སེམས་བྱེད་ཅིང༌། །བརྩོན་པས་བྱང་ཆུབ་མྱུར་དུ་འགྲུབ་པར་ཤོག
།རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང༌། །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང༌། །བདག་ཀྱང་བསམ་པ་རྣམ་པར་དག་པའི་མཐུས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པར་ཤོག
། ༈ ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང༌། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང༌། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ།
ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན།
སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཉྩ་སྭཱཧཱ། ཞེས་པ་ཉེར་གཅིག་ལས་མི་ཉུང་བར་བཟླས་མཐར། སྐུ་ཚེ་བསྟན་པ་བསྐལ་ཆེན་འབུམ་ཕྲག་བཅུ། །ཞིང་གི་ཁྱོན་དང་ཉན་ཐོས་བྱང་སེམས་ཀྱི། །འདུས་པ་རྒྱ་མཚོའི་གཏིང་མཐའ་མི་མངོན་པའི། །འདྲེན་པ་མཉམ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐྱེ་བོ་ཉོན་མོངས་དུག་གིས་མགོ་རྨོངས་ནས། །འགྲོ་དྲུག་བར་མ་དོ་རུ་འཁྱམས་པ་རྣམས། །དེ་རིང་ཉིད་དུ་ཕན་མཛོད་ཕྱག་རྐྱོངས་ལ། །མངོན་དགའི་ཞིང་དུ་དྲོངས་ཤིག་མི་འཁྲུགས་མགོན། །
༈ སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་མཎི་པདྨེ་ཧཱུཾ།
བརྒྱ་རྩ་བཟླས་མཐར་སྟོང་འགྱུར་བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག
།སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག
།ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །བསྔོ་བ་ཡོད་ན་མཚམས་འདིར་བཙུགས།
བྱང་ཆུབ་ལྟུང་བཤགས་བཞུགས་སོ།།
༈ བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེའི་སྙིང་པོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་དགྱེས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་མེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་བྱིན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་བྱིན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆུ་ལྷ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་བཟང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཙན་དན་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནོར་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་གནོན་པས་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་པདྨས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ།
བདག་གི་སྐྱེ་བ་འདི་དང༌། སྐྱེ་བ་ཐོག་མ་མ་མཆིས་པ་ནས། འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ།
སྡིག་པའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ།
དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོག་པ་དང༌། འཕྲོག་ཏུ་སྩལ་བ་དང༌།
འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌།
བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང༌།
འཇུག་ཏུ་སྩལ་བ་དང༌། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས།
བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ།
ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ།
ལྟ་བ་ལོག་པར་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ།
སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་ཅིང་གཟིགས་པ། དེ་དག་གི་སྤྱན་སྔར་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ།
བདག་གི་སྐྱེ་བ་འདི་དང༌། སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟས་ཁམ་གཅིག་ཙམ་སྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང༌།
བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌།
བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩབ་གང་ལགས་པ་དང༌། བདག་གིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང༌།
བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ།
བསྡོམས་ནས། བླ་ན་མཆིས་པ་དང༌། གོང་ན་མ་མཆིས་པ་དང༌། གོང་མའི་ཡང་གོང་མར་ཡོངས་སུ་བསྔོ་བས།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌།
ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང༌། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ།
བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གིས་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་ཐོབ་པར་གྱུར་ཅིག
།མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང༌། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བ་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །ཕུང་པོ་གསུམ་པའི་མདོ་རྫོགས་སོ།།
བླ་མ་ཆོས་ཀྱི་རྒྱལ་པོ།
༈ བླ་མ་ཆོས་ཀྱི་རྒྱལ་པོ་རྗེ་རིན་པོ་ཆེས་ཐོག་མ་མཛད་པའི་བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན།
ཆོས་མཛད་སྒྲུབ་པ་པོ་ཐམས་ཅད་སྐུ་ཁམས་བཟང་ཞིང༌། སྐུ་ཚེ་ཕྲིན་ལས་རྒྱ་ནམ་མཁའ་དང་མཉམ་པར་གྱུར་ཅིག
།བླ་མ་སངས་རྒྱས་སུ་འདུག་པ་མི་རུ་བཟུང༌། །བརྒྱུད་པ་ཉེ་རིང་དུ་བགྲངས་པ་མཐོལ་ལོ་བཤགས། །ཐ་སྙད་བཏགས་པ་རུ་འདུག་པ་དོན་དུ་བཟུང༌། །ཚིག་སྐྱོན་ང་རྒྱལ་དུ་རྩོད་པ༴
།བར་ཆད་རང་སེམས་སུ་འདུག་པ་འདྲེ་རུ་བཟུང༌། །སྲུང་བ་དྲག་སྔགས་སུ་བགྲངས་པ༴ །འཁོར་བ་མྱང་འདས་སུ་འདུག་པ་དངོས་པོར་བཟུང༌། །སྡུག་བསྔལ་བཙོན་ར་རུ་བསྒོམས་པ༴
།རྣམ་རྟོག་ཡེ་ཤེས་སུ་འདུག་པ་སྐྱོན་དུ་བཟུང༌། །སྤང་བྱ་དྲི་མར་བལྟས་པ༴ །ཆོས་སྐུ་རོ་གཅིག་ཏུ་འདུག་པ་སོ་སོར་བཟུང༌། །ཆོས་ལ་ཕྱི་བཤོལ་བྱས་པ་མཐོལ་ལོ་བཤགས། །ཞེས་པ་གྲུབ་ཆེན་གླིང་གིས་མཛད། དུས་གསུམ་བདེ་གཤེགས་རྣམས་ཀྱི་སྤྱན་ལམ་དུ། །བཀའ་བཞིན་གཞུང་མ་སྐྱོང་བ་མཐོལ་ལོ་བཤགས། །རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཚོགས་གསོག་ཡོ་བྱད་ཆུང་བ༴
།ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མ་རྟོགས་སྤོང་ལེན་བྱས་པ༴ །དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྤྱན་ལམ་དུ། །ཁས་བླངས་དམ་བཅའ་ཉམས་པ༴
།ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་པ༴ །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ༴
།དྲིན་ཅན་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལན་ལན་གྱིས་མ་ལོན༴ །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །ཐུགས་རྗེའི་དཔྱངས་ཐག་ཆད་པ་མཐོལ་ལོ་བཤགས། །ཞེས་པ་འགྲོ་མགོན་ཞང་གིས་སོ།།
སྤྱི་བཤགས་བཞུགས་སོ།།
༈ བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ།
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་གཞན་ལ་དགོངས་སུ་གསོལ།
བདག་གཞན་གྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང༌།
ཞེ་སྡང་དང༌། གཏི་མུག་གི་དབང་གིས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌།
མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ།
བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ། དཀོན་མཆོག་གསུམ་ལ་མ་དད་ཅིང་མ་གུས་པ་བགྱིས་པ།
མཁན་པོ་དང་སློབ་དཔོན་ལ་མ་དད་ཅིང་མ་གུས་པ་བགྱིས་པ། དམ་པའི་ཆོས་སྤངས་པ། གསུང་རབ་ཀྱི་བླུས་ཟོས་པ།
འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ། ཕ་དང་མ་ལ་མ་དད་ཅིང་མ་གུས་པ་བགྱིས་པ། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་དད་ཅིང་མ་གུས་པ་བགྱིས་པ།
མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་འགྱུར་ཞིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་བགྱིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །གནོང་ངོ༌། །འགྱོད་དོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །བདག་གཞན་ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དང་ནི། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །མཚམས་མེད་ལྔ་པོ་བདག་གཞན་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག
།དེ་ཡི་ལྟུང་བ་བཤགས་པ་འདི་བརྗོད་པས། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་ཤོག །དགེའོ།།
འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བཞུགས་སོ།།
༈ རྒྱ་གར་སྐད་དུ། ཨཱརྻ་བྷ་དྲ་ཙརྻ་པྲ་ཎི་དྷཱ་ན་རཱ་ཛ།
བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག
།དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་བདུག་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པས་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང༌། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག
།ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ཤོག
།བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག
།རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག
།ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག
།དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང༌། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང༌། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །སེམས་ཅན་བདག་གི་སྤྱོད་དང་མཐུན་པར་འཇུག
།བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང༌། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག
།ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང༌། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག
།བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང༌། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བར་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང༌། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག
།རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱོད་པ་སྤྱད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང༌། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང༌། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག
།གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག
།འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག
།མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང༌། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག
།སྐད་ཅིག་ཆ་ཤས་ཀྱིས་ནི་བཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང༌། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག
།གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག
།གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང༌། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང༌། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང༌། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་དག་དང༌། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང༌། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་ཁམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་གྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང༌། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང༌། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་གིས་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པར། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག
།ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག
།ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང༌། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང༌། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང༌། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང༌། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག
།དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང༌། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང༌། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག
།འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོས་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག
།དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང༌། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག
།དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་ཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག
།གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག
།སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང༌། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་པར་ཤོག
།འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང༌། །བཟང་པོ་སྤྱོད་ཅིང་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག
།འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།།
རྒྱལ་བ་བྱམས་པའི་སྨོན་ལམ་བཞུགས་སོ།།
༈ སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་ལམ་ནི་བཟློག་བགྱིད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལ་རྣམ་པ་གསུམ་གང་གིས། །བསོད་ནམས་ཚོགས་ནི་བསྐྱེད་པ་དེ། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་གི་བྱང་ཆུབ་མི་ཟད་ཤོག
།ཕྱོགས་བཅུ་དག་གི་ཞིང་ཁམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པས་ཡི་རང་བ། །དེ་ལ་བདག་ནི་ཡི་རང་ངོ༌། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡི་རང་ངོ༌། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག
།ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག
།འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང༌། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག
།ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་མཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག
།འདོད་པའི་འདམ་དུ་བྱིང་གྱུར་ཅིང༌། །སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །སེམས་ཀྱི་དྲི་མར་གྱུར་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག
།རྫོགས་པའི་སངས་རྒྱས་གང་བཞུགས་དང༌། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང༌། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག
།ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག །མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག
།མ་སྐྱེས་པ་དང་མི་འབྱུང་དང༌། །རང་བཞིན་མ་མཆིས་གནས་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག
།སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག
།བདག་འཛིན་བདག་གིར་འཛིན་པ་ཡི། །དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་ཕན་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག
།དངོས་པོ་དངོས་པོར་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །དངོས་པོ་ཐམས་ཅད་རྣམ་འཇིག་པའི། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག
།ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག
།སའམ་ཡང་ན་ཆུའམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང༌། །བཟོད་པའམ་ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག
།བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག
།སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག
།རྣམ་པར་ཐར་པའི་སྒོ་གསུམ་དང༌། །དུས་གསུམ་མཉམ་པ་ཉིད་དང་ཡང༌། །རིགས་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག
།སངས་རྒྱས་ཀུན་གྱིས་བསྔགས་པ་དང༌། །འོད་དང་གཟི་བརྗིད་འབར་བ་དང༌། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་གི་བསམ་པ་རྫོགས་གྱུར་ཅིག
།དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང༌། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །ས་བཅུ་པོ་ལ་རབ་ཏུ་གནས། །
༈ དེ་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །གནས་ངན་ལེན་པར་རྟག་ཏུ་སྤངས་བྱས་ནས། །རྒྱལ་བ་བྱམས་པའི་ཞབས་དྲུང་སྐྱེ་བར་ཤོག
།དགའ་ལྡན་ཆོས་ཀྱི་ཕོ་བྲང་ན། །རྒྱལ་ཚབ་བྱམས་པ་མགོན་པོ་བཞུགས། །ས་བཅུ་གནས་པའི་འཁྲུངས་ས་ཡིན། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག
།ཚེ་འདིའི་ཉིན་བྱེད་འཆི་བདག་མུན་ནག་གིས། །རྣམ་པར་ཟོས་ཚེ་རང་བློའི་ནམ་མཁའ་ལ། །བྱམས་མགོན་ཐུགས་རྗེའི་ཟླ་བ་དེ་ཤར་ནས། །དགའ་ལྡན་བགྲོད་པའི་ལམ་ཆེན་མཐོང་བར་ཤོག
།དེ་ནས་རྗེ་བཙུན་ཞབས་ལ་དད་པ་དང༌། །མི་ཕྱེད་སྨོན་ལམ་བཟང་པོས་མཚམས་སྦྱར་ནས། །ཐེག་མཆོག་ཆོས་ཀྱི་དགའ་བས་ཚིམ་བཞིན་དུ། །ཤིན་སྦྱངས་འདབ་སྟོང་རྒྱས་པའི་དཔལ་ཐོབ་ཤོག
།མགོན་ཁྱོད་རྡོ་རྗེ་གདན་དུ་སངས་རྒྱས་ནས། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །འདུས་པ་དང་པོའི་འཁོར་དུ་བདག་གྱུར་ཏེ། །བྱང་ཆུབ་དམ་པར་ལུང་བསྟན་ཐོབ་གྱུར་ཅིག
།འཕྲོ་མཐུད་དེ་སྙིང་པོ་དོན་གསུམ་ལས་གྲུབ་ཆེན་མི་ཏྲ་ཛཽ་ཀིས་མཛད་ཅེས་བྱུང༌།
འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།།
མངོན་པར་དགའ་བའི་སྨོན་ལམ་བཞུགས་སོ།།
༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།
བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ།
སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་གཞེས་པ་མི་འཁྲུགས་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་དང་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་ཀྱི་ཞིང་དེ་ན།
དེ་བཞིན་གཤེགས་པ་དང༌། སངས་རྒྱས་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་འགྲོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་དང༌།
བ་ལང་སྤོས་ཀྱི་གླང་པོ་ཆེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དགྲ་བཅོམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དེ་དག་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ལྟར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་སྲས་དང་སློབ་མའི་ཚོགས་ཀྱིས་བསྐོར་བ་རྣམས་ལ་ཕྱག་འཚལ་ལོ། །ཉན་ཐོས་དགེ་འདུན་ཆེན་པོས་ཀུན་ནས་བསྐོར། །བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར། །བགྲང་ཡས་ལྷ་མིའི་དབུས་ན་ཆོས་སྟོན་པའི། །སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །གང་གི་སྨོན་ལམ་དག་པའི་གཟི་བརྗིད་དང༌། །དྲི་མེད་མཚན་དང་སྔོན་གྱི་སྤྱོད་པའི་མཐའ། །ཡོངས་སུ་བསྒྲགས་པ་ཙམ་གྱིས་སྲིད་པའི་རྨོངས། །མ་ལུས་འཕྲོག་པ་དེ་ལ་ཕྱག་འཚལ་ལོ། །སེམས་ཀྱི་གླང་པོ་ཡེ་ཤེས་ལྕགས་ཀྱུས་བཏུལ། །སྒྲིབ་གཉིས་བུད་ཤིང་ཉེར་ཞིའི་མེ་ལ་བསྲེགས། །བདུད་ཀྱི་ལས་རྣམས་བྱམས་པའི་མཚོན་གྱིས་གཏུབས། །འདབ་བརྒྱ་ལྟར་རྒྱས་དེ་ལ་ཕྱག་འཚལ་ལོ། །དམ་པའི་གྲིབ་བསིལ་གྲགས་སྙན་མེ་ཏོག་དཀར། །མ་སྨད་སྙིང་སྟོབས་ཕུན་ཚོགས་འབྲས་བུས་དུད། །བསོད་ནམས་སྐྱེད་མོས་ཚལ་གྱི་དཔལ་གཅིག་པུ། །སངས་རྒྱས་ལྗོན་པའི་མཆོག་ལ་ཕྱག་འཚལ་ལོ། །འཆི་མེད་གྲུབ་པའི་ཟུར་ཕུད་མཁའ་ལ་རྒྱུ། །ཡོན་ཏན་མི་ཟད་གློག་འགྱུའི་དཔལ་ཡོན་ཅན། །སྟོབས་བཅུ་ལྡན་པའི་ཞབས་རྡུལ་སྤྲིན་ཕྲེང་ནི། །སྲིད་པའི་ཚ་གདུང་སྐྱོབ་དེར་ཕྱག་འཚལ་ལོ། །སུམ་ཅུ་གཉིས་མཚན་དཔེ་བྱད་བརྒྱ་ཕྲག་བཅུས། །རབ་མཛེས་བལྟ་བས་མི་ངོམས་བདུད་རྩིའི་གཟུགས། །མཁའ་ལྡིང་གནས་པའི་རིན་ཆེན་མཆོད་སྡོང་ནི། །བཻ་ཌཱུར་མཐོན་མཐིང་དང་འདྲར་ཕྱག་འཚལ་ལོ། །སྐུ་ཚེ་བསྟན་པ་བསྐལ་ཆེན་འབུམ་ཕྲག་བཅུ། །ཞིང་གི་ཁྱོན་དང་ཉན་ཐོས་བྱང་སེམས་ཀྱི། །འདུས་པ་རྒྱ་མཚོའི་གཏིང་མཐའ་མི་མངོན་པའི། །འདྲེན་པ་མཉམ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐྱེ་བོ་ཉོན་མོངས་དུག་གིས་མགོ་རྨོངས་ནས། །འགྲོ་དྲུག་བར་མ་དོ་རུ་འཁྱམས་པ་རྣམས། །དེ་རིང་ཉིད་དུ་ཕན་མཛོད་ཕྱག་རྐྱོངས་ལ། །མངོན་དགའི་ཞིང་དུ་དྲོངས་ཤིག་མི་འཁྲུགས་པ། །བདག་གི་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་དགེ་བ་བསྒྲུབས་པ་རྣམས། །འགྲོ་བ་ཀུན་གྱི་ཐུན་མོང་ཉིད་གྱུར་དེས། །ཐམས་ཅད་མངོན་དགའི་ཞིང་དུ་སྐྱེ་བར་ཤོག
།གང་དྲུང་མགོན་དེ་སངས་རྒྱས་བྱང་ཆུབ་ཤིང༌། །རིན་ཆེན་བདུན་གྲུབ་དཔག་ཚད་འབུམ་ལྡན་པ། །ལྷུན་པོ་དབང་པོའི་ཚོན་གྱིས་མཛེས་འདྲ་བའི། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག
།ཕ་རོལ་ཕྱིན་དང་མངོན་ཤེས་དབང་པོ་སྟོབས། །བྱང་ཆུབ་ལམ་གྱི་ཡན་ལག་བརྗོད་པའི་སྒྲ། །སྙན་པར་སྒྲོག་པའི་ཤིང་དབང་དེ་བལྟ་ཕྱིར། །མངོན་པར༴
།གསེག་མ་རི་དང་མུ་སྟེགས་ཅན་གྱི་གནས། །སྙིགས་མ་ལྔ་དང་ཡིད་མི་འོང་ཀུན་དང༌། །ངན་སོང་གསུམ་དང་ལོག་པར་ལྟུང་མེད་པ། །མངོན་པར༴
།ས་གཞི་ཐམས་ཅད་མཉམ་པ་གསེར་མདངས་ཅན། །རེག་ན་བདེ་བ་ཀ་ཙ་ལིནྡི་བཞིན། །མནན་ན་ནེམ་འགྱུར་བཏེག་ན་འཕར་བྱེད་པ། །མངོན་པར༴
།མནྡ་ར་སོགས་མེ་ཏོག་མཆོག་གིས་བརྒྱན། །ལྷ་གནས་ནོར་བུའི་ཚོགས་ནི་ཕྱོགས་བཅུར་བཀྲམ། །གསེར་གྱི་པདྨོའི་ཕྲེང་བ་འཁྲིགས་པའི་གཞི། །མངོན་པར༴
།མེ་ཏོག་འབྲས་བུས་རྟག་པར་དུད་གྱུར་པའི། །དྲི་མེད་རིན་ཆེན་ལྗོན་པའི་གྲིབ་བསིལ་དང༌། །དཔག་བསམ་འཁྲི་ཤིང་གཞོན་ནུའི་ལྡིང་ཁང་ཅན། །མངོན་པར༴
།གསེར་གྱི་ཏ་ལའི་ལྗོན་ཤིང་ཕྲེང་བ་རྣམས། །རླུང་གིས་བསྐྱོད་པས་སྙན་དང་འཇེབས་པ་དང༌། །ཡིད་འོང་ཆགས་པར་འགྱུར་བའི་སྒྲ་དབྱངས་ཅན། །མངོན་པར༴
།རྣམ་ལྔའི་མདངས་གསལ་དྲི་ཞིམ་གོས་དང་རྒྱན། །ཡིད་འོང་དཔག་བསམ་ཤིང་ལས་ད་ལྟ་འཁྲུངས། །བསམས་པས་ལྷ་ཡི་ཟས་མཆོག་མདུན་འབྱུང་བ། །མངོན་པར༴
།རིན་ཆེན་སྣ་བདུན་གཞལ་མེད་ཁང་བརྩེགས་ནང༌། །རིན་ཆེན་བདུན་ཁྲི་འབོལ་བའི་སྟན་ཅན་རྣམས། །འཆི་མེད་གྲོང་ཁྱེར་ས་ལ་བཀོད་འདྲ་བའི། །མངོན་པར༴
།འབྱུང་འབྲང་མི་སྣང་འདོད་པ་ལྟར་བྱེད་པའི། །གསེར་གྱི་བྱེ་མ་བརྡལ་བའི་རྫིང་བུའི་འགྲམ། །ལྷ་ཤིང་མྱ་ངན་མེད་པའི་ཕྲེང་བས་མཛེས། །མངོན་པར༴
།ཧ་ཅང་དྲོ་མིན་གྲང་མིན་འཇམ་དང་བདེ། །དྲི་ཞིམ་སྤོས་ཀྱི་བྱ་བ་བྱེད་པའི་རླུང༌། །འདོད་ན་ལྡང་ཞིང་མི་འདོད་ཞི་འགྱུར་བའི། །མངོན་པར༴
།འགས་ཀྱང་ལྷ་དང་མི་ཕྱེད་སྐྱེས་པ་དང༌། །བུད་མེད་སྐྱོན་བྲལ་དབྱངས་ཅན་བུ་མོ་ཡི། །མཚར་སྡུག་ཡོན་ཏན་ཀུན་འཛིན་ཤ་སྟག་པ། །མངོན་པར༴
།ཆགས་ན་བལྟ་བའི་བརྩེ་དགས་འདོད་བྲལ་ཞིང༌། །ཞག་བདུན་མངལ་དུ་གནས་ནང་འཛིན་བྱེད་མ། །བསམ་གཏན་གཉིས་པར་སྙོམས་ཞུགས་བདེ་མྱོང་འདྲའི། །མངོན་པར༴
།ཞབས་བཀོད་གསེར་གྱི་པདྨོ་རྟག་བསྐྲུན་པའི། །མི་འཁྲུགས་ཆོས་རྒྱལ་མཆོད་ཕྱིར་ལྷ་དང་མིའི། །ངང་པ་རྟག་པར་འདུ་བ་པདྨོའི་མཚོ། །མངོན་པར༴
།ཉི་ཟླ་སྣང་བྱེད་ཐམས་ཅད་ཟིལ་མནན་ནས། །སངས་རྒྱས་འོད་ཀྱིས་རྟག་པར་སྟོང་གསུམ་ཀུན། །གུར་གུམ་གཞོན་ནུའི་མཛེས་པ་སྟོན་བྱེད་པ། །མངོན་པར༴
།ས་གཞི་ལྷ་ཡི་ཕུན་ཚོགས་ཡོངས་ཀྱིས་བསྟར། །མཁའ་ནི་མཐོ་རིས་གྲོང་གིས་བརྒྱན་པའི་བར། །གསེར་དངུལ་བཻ་ཌཱུར་ཐེམ་སྐས་སྦྲེལ་བ་ཅན། །མངོན་པར༴
།མགོན་དེའི་ཆོས་ཀྱི་མདུན་སར་ལན་རེ་རེས། །སེམས་ཅན་དཔག་མེད་དགྲ་བཅོམ་ཉིད་ཐོབ་ཅིང༌། །དེ་དག་ཆོ་འཕྲུལ་གསུམ་གྱིས་འདའ་བགྱིད་པ། །མངོན་པར༴
།དེ་ལྟར་ཐོགས་པའང་སྟན་ཅིག་ཆོས་དང་པོས། །རྒྱུན་ཞུགས་གཉིས་པས་ཕྱིར་འོང་གསུམ་པ་ཡིས། །ཕྱིར་མི་འོང་དང་བཞི་པར་དགྲ་བཅོམ་པ། །མངོན་པར༴
།སོ་སོར་རིག་དང་རྫུ་འཕྲུལ་རྐང་པ་བཞི། །མངོན་ཤེས་དྲུག་ལྡན་ཐོས་པ་ཀུན་འཛིན་ཅིང༌། །རྣམ་ཐར་བརྒྱད་ལ་བསམ་གཏན་པས་གཏམས་པ། །མངོན་པར༴
།གང་དུ་སྐྱེས་པས་བདེ་གཤེགས་ལ་བརྟེན་ཅིང༌། །བདུད་ཀྱིས་མི་བརྫི་ཉན་རང་སར་མི་ལྟུང༌། །རྫོགས་པའི་བྱང་ཆུབ་ལུང་བསྟན་ཐོབ་འགྱུར་བ། །མངོན་པར༴
།མི་འཁྲུགས་མགོན་དེའི་དམ་ཆོས་ཀུན་འཛིན་ཅིང༌། །འཆང་དང་ཀློག་ཅིང་ཀུན་ཆུབ་སྟོན་བྱེད་པ། །ཚེ་འཕོས་ནས་ཀྱང་བརྗེད་པར་མི་འགྱུར་བ། །མངོན་པར༴
།ཕྱོགས་བཅུའི་ཞིང་ཀུན་ཕྱིན་ནས་རྒྱལ་རྣམས་ཀྱི། །དམ་པའི་ཆོས་བཟུང་སླར་ཡང་ཟློག་བྱེད་པ། །མཁས་པ་རྒྱ་མཚོའི་དེད་དཔོན་ཁོ་ནའི་གླིང༌། །མངོན་པར༴
།བྱང་ཆུབ་དམ་པར་སངས་རྒྱས་མ་གྱུར་པར། །སངས་རྒྱས་ཞིང་ནས་སངས་རྒྱས་ཞིང་འགྲོ་ཞིང༌། །ཐུབ་པའི་ཁྱུ་མཆོག་ཐམས་ཅད་མཉེས་བགྱིད་པ། །མངོན་པར༴
།ཁྱིམ་དུ་གནས་སམ་རབ་ཏུ་བྱུང་བའི་སྲས། །གལ་ཏེ་ཆོས་ཀྱི་མདུན་སར་མི་སྣང་ནའང༌། །སངས་རྒྱས་མཐུ་ཡིས་ཐོས་ནས་འཛིན་བྱེད་པ། །མངོན་པར༴
།འཆི་འཕོ་ན་ཡང་སྐྱེ་འགྱུར་ཞིང་གང་དང༌། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་སྤྱོད། །མངོན་སུམ་སྣང་བ་ཉིད་དང་མི་འབྲལ་བ། །མངོན་པར༴
།ཚད་མེད་སྤྲུལ་པས་མཐའ་ཀླས་སེམས་ཅན་གྱི། །ཉེས་པའི་དུག་སྡོང་རྩད་ནས་འབྱིན་མཛད་པའི། །ཕྱིར་མི་ལྡོག་པའི་སེམས་དཔའ་རྒྱ་མཚོའི་གནས། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག
།མངོན་པར་དགའ་བའི་ཞིང་དུ་སྐྱེས་ནས་ཀྱང༌། །མི་འཁྲུགས་པ་ཡི་སྔོན་གྱི་སྨོན་ལམ་དང༌། །བྱང་ཆུབ་སྤྱོད་པའི་རྗེས་སུ་སློབ་བྱེད་ཅིང༌། །བྱང་ཆུབ་དམ་པར་ལུང་བསྟན་ཐོབ་པར་ཤོག
།མི་འཁྲུགས་པ་ཡི་སྤྱོད་ལ་གནས་ནས་ནི། །སངས་རྒྱས་བྱེ་བ་ཁྲག་ཁྲིག་མཉེས་བགྱིད་ཅིང༌། །དགེ་བའི་རྩ་བ་ཐམས་ཅད་རྫོགས་བྱས་ནས། །མི་འཁྲུགས་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག
།དད་པས་ཡིད་རླན་ལག་གཉིས་ཐལ་སྦྱར་ནས། །སྨོན་ལམ་མཆོག་འདི་ལན་མང་འདོན་བགྱིད་ན། །ཤར་ཕྱོགས་མངོན་པར་དགའ་བའི་སྟོན་པ་དེའི། །ཐུགས་རྗེའི་ཕྱག་གིས་མྱུར་དུ་འཛིན་པར་འགྱུར། །
༈ པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང༌། །སྲིད་པའི་པདྨོ་ལས་གྲོལ་ཏེ། །མངོན་པར་དགའ་བར་སྐྱེ་བར་ཤོག
།དེ་ལྟར་སངས་རྒྱས་མི་འཁྲུགས་པའི་ཞིང་བཀོད་པའི་སྨོན་ལམ་འདི་ནི་མང་དུ་ཐོས་པའི་དགེ་སློང་པདྨ་དཀར་པོས་འཕགས་པ་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ནས་ཕྱུང་སྟེ།
མ་དང་མཁའ་འགྲོ་ཀུན་ཏུ་སྤྱོད་པའི་འདུན་ས་ཆེན་པོ་ཙ་རི་ཏྲ་ཉམས་རྟོགས་གཅིག་ཏུ་འཆར་བའི་ནགས་ཚང་ཚིང་འཁྲིགས་པའི་བསྟི་གནས་ཤིང་གི་ལོ་མ་མཐོན་ཀའི་མདངས་ཀྱིས་མཛེས་པའི་བསམ་གཏན་ཁང་བུར་སྦྱར་བའོ།།
བདེ་བ་ཅན་གྱི་སྨོན་ལམ་བཞུགས་སོ།།
༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པའི་མཆོག་ལ་ཕྱག་འཚལ་ལོ། །འོད་ཟེར་མཐའ་ཡས་མངའ་བས་འོད་དཔའ་མེད། །དེས་ཀུན་སྣང་བ་མཆོག་འབྱོར་སྣང་མཐའ་ཡས། །འབྱམས་ཀླས་སྐུ་ཚེས་ཚེ་དཔག་མེད་དང་བརྩེས། །སྤྱན་རས་གཟིགས་གསོལ་སྟོན་པར་ཕྱག་འཚལ་ལོ། །ཁྱོད་གང་མཉེས་པ་ཀུན་ཏུ་བདག་འབུལ་ཞིང༌། །སྡིག་པ་ཐམས་ཅད་བཤགས་བགྱི་དེང་ནས་བཟུང༌། །མགོན་པོའི་མཛད་པ་ཀུན་ལ་ཡི་རང་བས། །དགེ་བ་ཅི་བྱས་དེ་འགྲུབ་ཕྱིར་བསྔོའོ། །ཁྱོད་སྔོན་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང༌། །ཆོས་ཀྱི་འབྱུང་གནས་ཞེས་གྱུར་དགེ་སློང་དེས། །རང་གི་སངས་རྒྱས་ཞིང་བཟུང་ཇི་བཞིན་དུ། །བདག་ཀྱང་སྨོན་ལམ་འདེབས་ཀྱི་འགྲུབ་གྱུར་ཅིག
།ཁྱོད་ཀྱིས་སེམས་ཅན་ང་ཡི་མིང་ཐོས་ཀུན། །ང་ཡི་ཞིང་དུ་སྐྱེ་བར་གྱུར་ཅིག་བཏབ། །དེ་གྲུབ་མཚན་ཐོས་དད་པའི་ཤས་ཐོབ་པས། །གང་དྲུང་དེས་ཀྱང་མྱུར་བའི་སྐབས་དབྱེར་གསོལ། །ཁྱོད་ནི་གཞན་གྱི་དོན་མཛད་མི་གཡེལ་དང༌། །རྒྱ་མཚོ་དུས་རླབས་མི་ཡོལ་མཚུངས་པས་ན། །ཐུགས་རྗེའི་ལྕགས་ཀྱུ་རིང་པོར་བརྐྱངས་ནས་སུ། །བདེ་བ་ཅན་དུ་ཡུད་ཀྱིས་དྲང་བར་མཛོད། །ཁྱོད་ཞིང་སེམས་ཅན་ཐམས་ཅད་སངས་རྒྱས་གྱུར། །རེ་རེས་མ་ཟློས་བསྐལ་པ་བྱེ་སྙེད་དུ། །བསྔགས་ཀྱང་ཟད་པར་མི་འགྱུར་ཡོན་ཏན་ཅན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག
།ཁྱོད་ཀྱི་འཇིག་རྟེན་ཁམས་ནི་མཐའ་མེད་ལ། །ལྷུན་པོ་ཁོར་ཡུག་མཚམས་ཡོད་མ་མཆིས་པ། །ཀུན་ཏུ་མཉམ་པ་ལག་པའི་མཐིལ་ལྟ་བུའི། །བདེ་བ༴
།ཁྱོད་བཞུགས་རིན་ཆེན་སྣ་ཚོགས་གཞི་མོའི་སྟེང༌། །ཞལ་བ་བྱས་འདྲ་ངན་སོང་ལྷ་མིན་མེད། །བདེ་ནས་བདེ་འགྲོ་གང་ལ་མིང་ཆགས་པ། །བདེ་བ༴
།ཁྱོད་གནས་སར་མི་གནམ་ལྷ་མིང་ཙམ་ཁྱད། །ལྷ་མོ་བདུན་སྟོང་བདུན་དང་རྩེ་བ་ཡི། །རིན་ཆེན་གཞལ་མེད་ལྷ་རྫས་མལ་སྟན་ཅན། །བདེ་བ༴
།ཁྱོད་དགྱེས་སྐྱེད་ཚལ་ནོར་བུའི་ནགས་ལྗོངས་དང༌། །སྤོས་ཆུའི་ཀླུང་ཆེན་སྤྲུལ་པའི་བྱ་དང་ནི། །མེ་ཏོག་གིས་གང་རིན་ཆེན་རི་ཕྲེང་ཅན། །བདེ་བ༴
།ཁྱོད་ཀྱི་བྱང་ཆུབ་ཤིང་ཆེན་བལྟ་ན་སྡུག །སྟོང་དང་དྲུག་བརྒྱའི་དཔངས་དང་ཁྱོན་ལྔ་བརྒྱ། །ལེགས་བྱས་ཐམས་ཅད་སྣང་བའི་འཕྲུལ་ཆེན་པོ། །བདེ་བ༴
།ཁྱོད་ཡུལ་དུས་དུས་རླུང་གིས་ལྗོན་ཤིང་ལས། །མེ་ཏོག་ཆར་བརྡལ་མི་རིང་བདུན་བརྩེགས་དཔངས། །མནན་ན་སོར་བཞི་ནེམ་གྱུར་བཏེག་འཕར་བ། །བདེ་བ༴
།ཁྱོད་ཞིང་ལྗོན་ཤིང་ཀླུང་དང་རོལ་མོའི་སྡེས། །ཡིད་འབབ་ཆོས་ཀྱི་དབྱངས་སྟོན་སྤོས་ཟས་དང༌། །གོས་རྒྱན་བསམ་ཀུན་མོད་ལ་འབྱུང་བ་ཅན། །བདེ་བ༴
།ཁྱོད་སྨོན་གྱིས་མྱོས་ཕུན་སུམ་ཚོགས་པའི་སྡེ། །ཞིང་ཁམས་རྒྱ་མཚོར་རྙེད་དཀའ་མ་ལུས་པས། །རྣམ་པར་བརྒྱན་ཕྱིར་བལྟ་བས་མི་ངོམས་པ། །བདེ་བ༴
།ཁྱོད་འཁོར་ལྔ་བརྒྱ་པདྨའི་མངལ་གནས་དང༌། །དེ་ལས་སྐྱིལ་མོ་ཀྲུང་བཅས་མོད་སྐྱེ་གཉིས། །གསེར་མདོག་མཚན་དཔེས་སྤྲས་པ་ཤ་སྟག་པ། །བདེ་བ༴
།ཁྱོད་བསྟན་ཉན་ཐོས་དགེ་འདུན་དཔག་མེད་ཅིང༌། །སེམས་དཔའ་དཔག་མེད་སྨོན་ལམ་དབང་མིན་པ། །ཐམས་ཅད་ཚེ་ཡང་དཔག་ཏུ་མེད་པ་ཅན། །བདེ་བ༴
།ཁྱོད་མཆོད་པ་ལ་བརྩོན་ཞིང་སྐད་ཅིག་རེར། །བརྒྱ་སྟོང་སངས་རྒྱས་ཞིང་མྱུལ་ཆོས་ཉན་པ། །ཀུན་ཀྱང་མངོན་ཤེས་རྫུ་འཕྲུལ་ཆེན་པོས་བསྐྱང༌། །བདེ་བ༴
།འཇིག་རྟེན་དབང་དང་མཐུ་ཆེན་ཐོབ་སོགས་སྲས། །འོད་ཟེར་དཔག་མེད་དེ་བཞིན་གཤེགས་ཉིད་བཞིན། །འགྲོ་བའི་ཕན་བདེ་སྦྱིན་ལ་སྟོབས་འགྲན་པ། །བདེ་བ༴
།ཁྱོད་ཀྱིས་སྐད་ཅིག་རེར་བསྟན་ཆོས་ཀྱི་གྲངས། །སུས་ཀྱང་བགྲང་བར་མི་ནུས་དེ་འདྲ་ལ། །རྟག་པར་ཉན་འཛིན་བློ་ཆེན་ཚོགས་པའི་གྲྭ། །བདེ་བ༴
།ཁྱོད་མཐུས་སྐད་ཅིག་རེར་ཡང་ཏིང་འཛིན་སྒོ། །བརྒྱ་སྟོང་བྱེ་བ་སྙེད་འགྲུབ་དེ་ལྟ་བུས། །དཔག་མེད་སྲིད་པར་བསམ་གཏན་སྒོམ་པའི་གླིང༌། །བདེ་བ༴
།ཁྱོད་བྱིན་སྒྲིབ་པའི་གནས་སྐབས་ཀུན་འགག་ཅིང༌། །གོང་དུ་སྤེལ་ལ་མཚུངས་པར་མི་རློམ་པས། །ཡོན་ཏན་འདོད་པ་ཐམས་ཅད་བདག་བཞིན་དུ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག
། ༈ རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག
།དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིས་ཤོག
།འདི་ཉིད་དཀོན་མཆོག་བརྩེགས་པའི་འོད་དཔག་མེད་ཀྱི་ཞིང་བཀོད་ལས་ཕྱུང་སྟེ་པདྨ་དཀར་པོས་བྲིས་པས་དོན་གཉེར་བ་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག།
ཧེ་རུ་ཀའི་ཞིང་དུ་འདྲེན་པའི་སྨོན་ལམ་ཡིད་ཀྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།
༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ངོ་བོ།
ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་གནས། མ་ལུས་འགྲོ་བ་ཐམས་ཅད་ཀྱི་རྨོངས་པའི་མུན་པ་དགག་པར་བྱེད་ཅིང༌།
མ་རུངས་པ་ཐམས་ཅད་འཇོམས་པའི་དཔའ་བོ་དཔལ་འཁོར་ལོ་སྡོམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་བཏུད་དེ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དྲང་སྲོང་ཁྲོས་པའི་གཟུགས་འཆང་མུན་པའི་མདོག་ལ་བསྐལ་པའི་མེ་འཕྲོ་འཇིག་རྟེན་གསུམ་གནོན་ཞིང༌། །རིགས་ལྔའི་བཀོད་པ་ཆེན་པོས་མདུན་བསུས་དྲག་པོའི་གཙུག་ན་གཡས་བརྐྱང་ཞབས་ཀྱིས་གར་མཛད་པ། །དབང་ཕྱུག་ཆེན་པོའི་འབྱོར་པས་ཕྱུག་པའི་བཅུ་གཉིས་ཕྱག་བརྒྱངས་ཧ་ཧ་རྒོད་པའི་གདོང་བཞིའི་སྤྱན། །དག་པའི་ཆོས་ཀྱི་བུ་མོར་ཆགས་ནས་གསང་བ་ཀུན་བཤད་ཧེ་རུ་ཀ་དེར་ཕྱག་འཚལ་ལོ། །བནྡྷུ་ཛི་ཝ་ཀ་ཡི་མདངས་འཕྲོག་མ་ལུས་སྙིང་ལ་རྨོངས་པའི་མུན་པ་དགག་བྱེད་པ། །ཟག་མེད་བདེ་བའི་ངང་དུ་རོལ་མཛད་འགྲོ་ལ་བརྩེ་ལྡན་ཐུགས་རྗེ་མངའ་བའི་སྤྱན་ཡངས་སྐུ། །ཐེ་ཚོམ་ཟུག་ངུའི་དྲྭ་བ་གཅོད་ཕྱིར་ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་དབྱིངས་ལ་རོལ། །གཡོན་པ་ཐོད་པ་ཨིནྜས་གང་འཛིན་རྒྱལ་བ་སྐྱེད་བྱེད་ཡུམ་མཆོག་དེ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་འཁོར་ལོ་ལ་འཁོད་གཡས་བརྐྱང་ཞབས་ཀྱིས་གར་མཛད་པད་ཉི་རོ་གདན་ལ་བཞུགས་ནས། །དྲག་མོའི་གཟུགས་འཆང་ཞལ་གཅིག་ཕྱག་བཞི་ཐོད་པ་རྡོ་རྗེའི་ཕྲེང་བས་དབུ་ལ་བརྒྱན་བྱས་ཤིང༌། །སྟོང་ཉིད་བདེ་བའི་ངང་དུ་རོལ་ཕྱིར་གཅེར་མོ་ཕྱག་རྒྱ་ལྔ་ཡིས་རབ་ཏུ་སྤྲས་གྱུར་པ། །སྣ་ཚོགས་གཟུགས་འཛིན་མ་རུངས་འཇོམས་མཛད་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་རྟག་ཏུ་ཕྱག་འཚལ་ལོ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྒྲོན། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་རྣམས། །དངོས་འབྱོར་ཡིད་སྤྲུལ་དཀྱིལ་འཁོར་ལྷ་ཚོགས་མཆོད། །དེ་ལྟར་བསྟོད་ཅིང་མཆོད་པའི་མཐུར་བརྟེན་ནས། །བདག་སོགས་འགྲོ་བ་སེམས་ཅན་མ་ལུས་ཀུན། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཧེ་རུ་ཀ་ཡི་དམ་ཆོས་འཛིན་གྱུར་ཅིག
།གཞན་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི། །ཚ་བས་ཉམ་ཐག་བསིལ་ཞིང་བདེ་བ་དང༌། །གྲང་བས་ཉམ་ཐག་དྲོད་ཐོབ་ཚེ་འཕོས་ཏེ། །ཁྲག་འཐུང་ཆེན་པོའི་གོ་འཕང་བགྲོད་པར་ཤོག
།ལོ་མ་རལ་གྲིའི་ནགས་ཚལ་དེ་དག་ཀྱང༌། །ཙན་དན་ནགས་སོགས་མཛེས་པའི་ཤིང་གྱུར་ཏེ། །མི་སྙན་སྒྲ་རྣམས་སྙན་པར་ཐོས་བྱས་ནས། །འཁོར་ལོ་སྡོམ་པའི་ས་ལ་འཁོད་གྱུར་ཅིག
།གཅན་གཟན་འཇིགས་དང་ཐིག་ནག་བསྡུས་འཇོམས་དང༌། །ས་བསྲེགས་ལ་སོགས་དམྱལ་བའི་སྡུག་བསྔལ་ཀུན། །མྱུར་དུ་གྲོལ་ཏེ་བདེ་དང་ལྡན་གྱུར་ནས། །དཔའ་བོ་ཆེན་པོའི་གོ་འཕང་ཐོབ་པར་ཤོག
།ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཇི་སྙེད་ཀྱང༌། །བཀྲེས་པ་ཚིམ་ཞིང་སྐོམ་པ་ལས་གྲོལ་ཏེ། །སེར་སྣ་མེད་ཅིང་འབྱོར་པ་དང་ལྡན་ནས། །རི་ཁྲོད་ཆེན་པོའི་གོ་འཕང་ཐོབ་གྱུར་ཅིག
།དུད་འགྲོ་རྣམས་ནི་གཅིག་ལ་གཅིག་ཟ་དང༌། །གླེན་ལྐུགས་བཀོལ་སྤྱོད་སྡུག་བསྔལ་ལ་སོགས་པ། །མ་ལུས་གྲོལ་ཏེ་བདེ་དང་ལྡན་གྱུར་ནས། །འཁོར་ལོའི་མགོན་པོའི་ས་ལ་འཁོད་གྱུར་ཅིག
།ལྷ་ལ་འཆི་འཕོ་ལྟུང་བྱེད་སྡུག་བསྔལ་དང༌། །ལྷ་མིན་འཐབ་རྩོད་མཚོན་ཆ་འཕངས་རེ་རྣམས། །མེ་ཏོག་ཆར་གྱུར་ཕྲག་དོག་ཞི་བྱས་ནས། །ཟླ་བའི་ཐོད་ཅན་གོ་འཕང་ཐོབ་པར་ཤོག
།གཞན་ཡང་འཇིག་རྟེན་འདི་ན་སྡུག་བསྔལ་དག །སྐྱེ་རྒ་ན་འཆི་དབུལ་ཕོངས་ལ་སོགས་པ། །མྱུར་དུ་གྲོལ་ཞིང་བདེ་བ་དང་ལྡན་ཏེ། །ཧེ་རུ་ཀ་ཡི་ས་ལ་འཁོད་གྱུར་ཅིག
།དེ་ལྟར་སྨོན་པ་འདི་ཉིད་བཏབ་པའི་མཐུས། །བདག་སོགས་འཁོར་བའི་སེམས་ཅན་ཇི་སྙེད་པ། །མི་ཁོམ་གནས་སྤངས་དལ་འབྱོར་རྙེད་བྱས་ཏེ། །ཧེ་རུ་ཀ་ཡི་དམ་ཆོས་སྤྱོད་པར་ཤོག
།དམ་ཆོས་སྤྱོད་པའི་ལུས་སུ་སྐྱེས་ནས་ཀྱང༌། །དད་བརྩོན་ཤེས་རབ་སྙིང་རྗེ་ལྡན་པ་དང༌། །སློབ་མའི་མཚན་ཚང་རྡོ་རྗེའི་ཐེག་ཞུགས་ནས། །སྨིན་བྱེད་དབང་ཐོབ་རིམ་གཉིས་ལྡན་གྱུར་ཅིག
།གཞན་ཡང་མ་རུངས་རྨོངས་པའི་སེམས་ཅན་རྣམས། །ཕྲིན་ལས་བཞི་ཡིས་གང་འདུལ་སྐུར་བསྟན་ཏེ། །རྫུ་འཕྲུལ་མངའ་བའི་ཐུགས་རྗེའི་སྤྱན་ཡངས་ཀྱིས། །འགྲོ་རྣམས་རྡོ་རྗེའི་ས་ལ་འཁོད་པར་ཤོག
།ཧེ་རུ་ཀ་མཆོག་དུས་སུ་མཆོད་པའི་མཐུས། །བདག་ཀྱང་ཁྲག་འཐུང་ཆེན་པོའི་གན་བགྲོད་ནས། །སེམས་ཅན་ཀུན་གྱི་མགོན་སྐྱབས་དཔུང་གཉེན་དང༌། །ཐར་པར་ཁྲིད་པའི་གྲོགས་དན་བྱེད་གྱུར་ཅིག
།གཞན་ཡང་འཁོར་བའི་སེམས་ཅན་ཇི་སྙེད་པ། །མ་བསྒྲལ་བ་རྣམས་མྱུར་དུ་བསྒྲལ་བ་དང༌། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་བགྱིས་བྱས་ཏེ། །འགྲོ་རྣམས་འཁོར་ལོ་སྡོམ་པའི་ས་ཐོབ་ཤོག
། ༈ ཉེས་ལྟུང་དྲི་མས་མ་གོས་ཤིང༌། །རླབས་ཆེན་སྤྱོད་པ་རྫོགས་པ་དང༌། །ཧེ་རུ་ཀ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་ཐོབ་པར་ཤོག
།ཅེས་པ་འདི་ཡང་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ངག་གི་དབང་པོ་རྣམ་པར་རྒྱལ་བས་བཀྲ་ཤིས་མོན་མོ་རྫའི་རི་ཁྲོད་དུ་སྦྱར་བ་དགེའོ།།
འཇམ་པའི་དབྱངས་ཀྱི་སྨོན་ལམ་བཞུགས་སོ།།
༈ ན་མོ་མཉྫུ་ཤྲཱི་ཡེ། ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ། །བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས། །སྐྱེ་དགུའི་མི་ཤེས་མུན་པའི་ཚོགས་རྣམས་ཀུན། །སེལ་བྱེད་དབང་པོ་འཇམ་པའི་དབྱངས་ལ་འདུད། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །ཁྱོད་མིན་བདག་ལ་སྐྱབས་གཞན་མ་མཆིས་པས། །ལས་ཀྱི་དབང་གིས་རིགས་དྲུག་གར་སྐྱེས་ཀྱང༌། །འཁོར་བའི་འཇིགས་ལས་སྐྱོབས་ཤིག་འཇམ་པའི་དབྱངས། །བདག་ནི་ཚེ་འདིའི་འདུ་བྱེད་གཏོང་བ་ན། །བརྩེ་ཞིང་བྱམས་པའི་གཉེན་བཤེས་ཀུན་དང་བྲལ། །རྔམ་ཞིང་འཇིགས་པའི་གཤིན་རྗེས་ཟིན་པའི་ཚེ། །གཤིན་རྗེའི་འཇིགས་ལས་སྐྱོབས་ཤིང་འཇམ་པའི་དབྱངས། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །སྲིད་པ་བར་དོར་ཉོན་མོངས་རླུང་ཤུགས་ཀྱིས། །བཟོད་དཀའི་ངན་འགྲོའི་གཡང་སར་འཁྱར་སྲིད་པས། །ཉོན་མོངས་རླུང་སྒོ་ཆོད་ཅིག་འཇམ་པའི་དབྱངས། །བར་དོའི་རྣམ་ཤེས་ཉིང་མཚམས་སྦྱོར་བའི་ཚེ། །མི་ཁོམ་བརྒྱད་པོ་དག་ལས་རབ་འདས་ཤིང༌། །ཐུབ་བསྟན་རྒྱལ་མཚན་འཛིན་པའི་རིགས་དག་ཏུ། །སྐྱེ་བའི་རྟེན་འབྲེལ་སྒྲིགས་ཤིག་འཇམ་པའི་དབྱངས། །སྐྱེ་བ་ཕྱི་མར་མཐོ་རིས་ཡོན་ཏན་མཆོག
།བདུན་གྱིས་མཛེས་པའི་དལ་འབྱོར་ལུས་ཐོབ་ནས། །བསྟན་པ་ཚུལ་བཞིན་འཛིན་པའི་བཤེས་གཉེན་དང༌། །མཇལ་བའི་རྟེན་འབྲེལ་སྒྲིགས་ཤིག༴
།ཐབས་མཁས་ཐུགས་རྗེ་ལྡན་པའི་བཤེས་གཉེན་དེས། །ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་ཚོགས། །ཚུལ་བཞིན་རྟོགས་ནས་གཞན་ལ་སྟོན་ནུས་པའི། །རྣམ་དཔྱོད་བློ་གྲོས་སྩོལ་ཞིག༴
།ཚེ་རབས་ཀུན་ཏུ་གཞན་དོན་ཁོ་ནའི་ཕྱིར། །སེར་སྣ་མེད་པར་བདོག་པ་ཀུན་གཏོང་ཞིང༌། །རྣམ་གཡེང་སྤངས་པའི་བསམ་གཏན་སྒོམ་པ་སོགས། །ཕར་ཕྱིན་དྲུག་ལྡན་སྩོལ་ཞིག༴
།འཁོར་བའི་ཚ་གདུང་སེལ་བའི་བསིལ་བྱེད་མཆོག །གསུང་རབ་གང་རིའི་ངོས་ལ་བལྟ་འདོད་ཀྱང༌། །རྣམ་གཡེང་ལེ་ལོའི་འདམ་དུ་བྱིང་ལགས་པས། །མྱུར་མགྱོགས་ཐུགས་རྗེས་ཟུངས་ཤིག༴
།ཟབ་ལམ་ལྟ་བའི་ལམ་དུ་རབ་ཞུགས་ནས། །རྣམ་གྲོལ་ཐར་པའི་གླིང་དུ་འགྲོ་འདོད་ཀྱང༌། །སྐལ་དམན་བདག་ནི་འཁོར་བའི་ཞགས་པས་བཅིངས། །འཁོར་བའི་ཞེན་ཐག་ཆོད་ཅིག༴
།རང་དོན་ཉེར་ཞིའི་ཀུནྡའི་ཚལ་སྤངས་ནས། །རླབས་ཆེན་རྒྱལ་བའི་པད་ཚལ་བལྟ་འདོད་ཀྱང༌། །བདག་གི་བློ་འདི་མ་རིག་མུན་པས་བསྒྲིབས། །མ་རིག་འཐིབས་པོ་སེལ་ཞིག༴
།མདོར་ན་བདག་སོགས་སྐྱེ་བ་ཐམས་ཅད་དུ། །གསུང་རབ་རྒྱ་མཚོའི་ཚོགས་ལ་བརྟེན་བྱེད་ཅིང༌། །འགྲོ་ལ་འདོད་དགུ་མ་ལུས་འབྱུང་བའི་གནས། །ཡིད་བཞིན་ནོར་བུར་གྱུར་ཅིག༴
།འཇམ་དབྱངས་ཁྱོད་ལ་གསོལ་བ་བཏབ་པའི་མཐུས། །ཚོགས་གཉིས་རྣམ་པར་དག་པའི་གྲུ་ཆེན་གྱིས། །འགྲོ་རྣམས་འཁོར་བའི་མཚོ་ལས་སྒྲོལ་བ་ལ། །བདག་ཀྱང་ཁྱོད་བཞིན་གྱུར་ཅིག་འཇམ་པའི་དབྱངས། །དུས་འདི་ནས་ནི་བཟུང་ནས་སུ། །ཕྱི་མ་བྱང་ཆུབ་མ་ཐོབ་པར། །རྗེ་བཙུན་འཇམ་དབྱངས་ཁྱོད་ཀྱིས་ནི། །བདག་གི་བླ་མ་མཛད་དུ་གསོལ། །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང༌། །མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག
།བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ། །ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པར། །མྱ་ངན་འདས་དང་འཁོར་མི་གནས། །འཇམ་དབྱངས་ཐུགས་ཀྱི་དངོས་གྲུབ་སྩོལ། །ཕྱོགས་བཅུའི་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་སོགས་སྤྱོད་པའང་དེ་འདྲར་ཤོག
།བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང༌། །རབ་ཏུ་བྱུང་བ་ཐོབ་པར་ཤོག། །།
ཟངས་མདོག་དཔལ་རིའི་སྨོན་ལམ་བཞུགས་སོ།།
༈ མཁའ་ཀློང་རྣམ་དག་འོག་མིན་རྡོ་རྗེའི་དབྱིངས། །རྒྱལ་བའི་ཞིང་མཆོག་རབ་འབྱམས་རྒྱ་མཚོའི་གར། །ངོ་མཚར་འཕྲུལ་གྱི་དབང་པོ་བརྩེགས་པའི་ཏོག
།ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །སངས་རྒྱས་འོད་སྣང་མཐའ་ཡས་ཡེ་ཤེས་ཀྱིས། །སྒྱུ་འཕྲུལ་རྡོ་རྗེའི་དྲྭ་བས་མངོན་སུམ་དུ། །མཛེས་དགུར་བརྒྱན་པ་པདྨའི་གཞལ་ཡས་ཁང༌། །ཟངས་མདོག༴
།རྒྱལ་བའི་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་རྩལ། །གང་འདུལ་ཕྲིན་ལས་འཁོར་ལོའི་གཟི་བྱིན་གྱིས། །ཀུན་དགར་བརྒྱན་པའི་ཕོ་བྲང་པདྨ་འོད། །ཟངས་མདོག༴
།ནོར་བུའི་བ་གམ་བརྩེགས་པའི་རི་དབང་རྩེར། །པདྨ་རཱ་གའི་ཁང་བརྩེགས་ནོར་བུའི་ཏོག །མཁའ་འགྲོའི་སྤྲིན་ཕུང་ཕྱོགས་ཀྱི་བླར་བྲེས་པ། །ཟངས་མདོག༴
།ཨ་ཀརྒྷོ་ཤྲིརྵ་དང་པླཀྵའི། །ནགས་ཚལ་སྟུག་པོར་འཁྲིགས་པའི་དྲྭ་མིག་ནས། །དབང་པོའི་ཤིང་བལ་གཡོ་བའི་ལང་ཚོ་ཅན། །ཟངས་མདོག༴
།ཁམས་གསུམ་དུག་གསུམ་སྣ་ཚོགས་འདུས་པའི་སྲོག །སྤྱོད་ལ་དགྱེས་མཛད་རྡོ་རྗེའི་མཎྜ་ལར། །མཁའ་སྤྱོད་ལོངས་སྤྱོད་འདུས་པའི་འཁོར་ལོ་ཅན། །ཟངས་མདོག༴
།དཔའ་བོ་རིག་འཛིན་ཚོགས་པའི་གྲལ་དབུས་ན། །པདྨ་རྒྱལ་པོ་སེང་གེའི་སྒྲ་སྒྲོག་པས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔའ་བརྗིད་ཅན། །ཟངས་མདོག༴
།ཙན་དན་དྲི་ཞིམ་གྱིས་བགོས་འཆི་མེད་ལྷའི། །མེ་ཏོག་ཆར་ཟིམ་འབབ་པའི་དོ་ར་ན། །ཌཱཀྐིའི་གར་མཁན་རྩེ་བའི་རྒྱང་གླུ་ཅན། །ཟངས་མདོག༴
།མཚུངས་མེད་བློ་ལྡན་ཐུགས་རྗེའི་རང་བཞིན་དང༌། །ལྷན་ཅིག་མངོན་པར་མཐོ་བ་ལྷུན་པོའི་དཔལ། །ཉི་མའི་རྒྱན་གྱུར་ཉིད་འོད་ཀྱིས་མཛེས་པ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག
།འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །རྒྱལ་བ་ཀུན་འདུས་པདྨས་རྗེས་འཛིན་ཅིང༌། །མཁའ་སྤྱོད་དག་པའི་ཞིང་མཆོག་པདྨ་འོད། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག
། ༈ ཨོ་རྒྱན་པདྨ་ཁྱེད་སྐུ་སོགས་སོ།།
མཧཱ་གུ་རུའི་བྱིན་རླབས་ཀྱིས།
༈ མཧཱ་གུ་རུའི་བྱིན་རླབས་ཀྱིས། །བདག་ཅག་ཚེ་རབས་ཐམས་ཅད་དུ། །ཞིང་ཁམས་དག་པའི་ཕོ་བྲང་དུ། །བླ་མ་འབྲལ་མེད་བསྟེན་པར་ཤོག
།མོས་གུས་ལྟེམ་རྐྱང་མེད་པ་ཡི། །མཉེས་པའི་ཞབས་ཏོག་སྒྲུབ་པ་དང༌། །དགོངས་པ་ཟབ་མོ་ཐུགས་ཀྱི་བཅུད། །བྱིན་རླབས་བདུད་རྩིའི་ལུང་ཐོབ་ཤོག
།སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་སྨིན་པ་དང༌། །ཟབ་མོའི་བསྐྱེད་རྫོགས་རྣམ་གཉིས་ལ། །དབང་གི་སྒྲུབ་པ་ཐོབ་པར་ཤོག
།ལོག་ལྟ་བདུད་ཀྱི་ཚོགས་རྣམས་དང༌། །ནད་གདོན་རྣམ་རྟོག་ཞི་བ་དང༌། །འཁོར་དང་ལོང་སྤྱོད་རྒྱས་པ་ཡིས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག
།དུར་ཁྲོད་རི་ཁྲོད་གངས་ཁྲོད་སོགས། །ཕུན་སུམ་ཚོགས་པའི་གནས་ཉིད་དུ། །ཏིང་འཛིན་ཟབ་མོའི་དགོངས་སྤྱོད་ལ། །རྟག་ཏུ་སྒྲུབ་པ་བྱེད་པར་ཤོག
།སྒྲུབ་པ་བྱེད་པའི་འབྲས་བུ་ཡིས། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང༌། །ལྷ་སྲིད་བྲན་དུ་ཁོལ་ནས་ཀྱང༌། །སངས་རྒྱས་བསྟན་པ་བསྲུང་བར་ཤོག
།སྟོན་པས་གསུངས་པའི་དམ་ཆོས་རྣམས། །རྩོལ་མེད་རྒྱུད་ལ་འཆར་བ་དང༌། །མཁྱེན་པ་མཆོག་ལ་མངའ་བརྙེས་ཤིང༌། །རྟོགས་པ་མཆོག་དང་ལྡན་པར་ཤོག
།བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །སྐྱེ་འགྲོ་ཐམས་ཅད་དབང་འདུས་ནས། །ཐོགས་མེད་ཡིད་བཞིན་ནོར་བུའི་གཏེར། །འབྲེལ་ཚད་དོན་དང་ལྡན་པར་ཤོག
།སངས་རྒྱས་བསྟན་པ་དར་བའི་མཐུས། །བརྒྱུད་འཛིན་ཆོས་དོན་རྒྱས་པ་དང༌། །འགྲོ་ཀུན་བདེ་ལ་འཁོད་ནས་ཀྱང༌། །ཞིང་ཁམས་ཐམས་ཅད་དག་པར་ཤོག
།བདག་གི་ལུས་ངག་ཡིད་གསུམ་གྱིས། །གདུལ་བྱ་སོ་སོའི་བློ་ཡུལ་དུ། །གང་ལ་གང་འདུལ་སྤྲུལ་པའི་སྐུ། །དཔག་ཏུ་མེད་པར་འབྱུང་བར་ཤོག
།མདོར་ན་འཁོར་འདས་མ་ལུས་ཀུན། །གུ་རུ་ཉིད་དང་དབྱེར་མེད་ཅིང༌། །སྐུ་གསུམ་འདུ་འབྲལ་མེད་པ་ཡིས། །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག
།སེམས་ཅན་གསོལ་བ་འདེབས་པར་ཤོག །བླ་མས་བྱིན་གྱིས་རློབ་པར་ཤོག །ཡི་དམ་དངོས་གྲུབ་སྟེར་བར་ཤོག
།མཁའ་འགྲོས་ལུང་བསྟན་བྱེད་པར་ཤོག །ཆོས་སྐྱོང་བར་ཆད་སེལ་བར་ཤོག །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག
།སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག
།རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ནས། །སྲིད་མཚོར་སླར་ཡང་མི་གནས་ཤིང༌། །ཕྱམ་གཅིག་སངས་རྒྱས་མྱུར་ཐོབ་ཤོག
།རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་ཐེག་པ་འདི། །ཇི་ལྟར་མཁའ་ལ་ཉི་ཤར་ལྟར། །རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག
།བདག་གི་དགེ་བའི་རྩ་བ་འདི་དག་དགེ་བའི་རྩ་བ་མཐའ་དག་ཏུ་གྱུར་ནས་བླ་མ་དམ་པའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག
།སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་ཡི། སྐྱེས་བུ་སྟོབས་ལྡན་དུ་གྱུར་ཅིག །མཁྱེན་བརྩེ་ནུས་གསུམ་མཐར་ཕྱིན་ནས་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག
།རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཆེན་པོ་ལས་སྒྲོལ་ནུས་པའི་དེད་དཔོན་ཆེན་པོར་སྐྱེ་བར་གྱུར་ཅིག
།དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ཅིག །གུང་ཐང་ལ་ཐོག་ཏུ་མཁའ་འགྲོ་མཚོ་རྒྱལ་གྱིས་གུ་རུའི་ཞབས་སྤྱི་བོར་བླངས་ཏེ་སྨོན་ལམ་བཏབ་པ་བདག་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པའོ།། རྗེ་བཙུན་ཁྱེད་དང་ཐུགས་རྗེ་མཉམ་པར་ཤོག
།རྒྱལ་སྲས་ཁྱེད་དང་གདུལ་བྱ་མཉམ་པར༴ །ཐོད་ཕྲེང་རྩལ་དང་ཕྲིན་ལས༴ །ཚེ་དཔག་མེད་དང་སྐུ་ཚེ༴
།འཇམ་དཔལ་དབྱངས་དང་མཁྱེན་རབ༴ །སྤྱན་རས་གཟིགས་དང་འགྲོ་དོན༴ །གསང་བའི་བདག་དང་མཐུ་སྟོབས༴
།ལོངས་སྤྱོད་རྫོགས་དང་མཚན་དཔེ་མཉམ་པར་ཤོག །ཀུན་ཏུ་བཟང་དང་ཞིང་ཁམས་མཉམ་པར་ཤོག །ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །མི་གཙང་ལུས་འདིའི་སྒྱུ་མ་བོར་མ་ཐག
།བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ཏེ། །སྤྲུལ་པ་རེ་རེ་བདག་གིས་བཀྱེ་ནས་ཀྱང༌། །ཐམས་ཅད་འདྲེན་པའི་དེད་དཔོན་བདག་གྱུར་ཅིག
།བདག་གཞན་གཉིས་མེད་ཆོས་སྐུ་མཐར་ཕྱིན་ནས། །ཀ་དག་གདོད་མའི་དབྱིངས་སུ་གྲོལ་བར་ཤོག
། ༈ བསྔོ་བ་དང་སྨོན་ལམ་ཡོངས་སུ་འགྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོཾ་དྷ་རེ་དྷ་རེ་བྷན་དྷ་རེ་བྷན་དྷ་རེ་སྭཱཧཱ།
དགེ་བ་སྟོབས་ཆེ་བར་གྱུར་ཅིག །སྡིག་པ་འདག་སྐྱེན་པར་གྱུར་ཅིག །སྨོན་ལམ་མཐུ་བཙན་པར་གྱུར་ཅིག
།ཛ་ཡ་ཛ་ཡ་སིདྡྷི་སིདྡྷི་ཕ་ལ་ཕ་ལ་བཀྲ་ཤིས་པར་གྱུར་ཅིག །དེ་ལྟར་འགྲུབ་པ་ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང༌།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང༌།
ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ཇི་ལྟར་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག
།ཨོ་རྒྱན་པདྨ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་དང༌། །དེ་འདྲ་ཁོ་ནར་བདག་སོགས་སྐྱེ་བར་ཤོག
།དགེའོ།།
སྨོན་ལམ་ཉུང་བསྡུས་བདེ་ཆེན་བཅུད་ལེན་བཞུགས་སོ།།
༈ ན་མོ་བཛྲ་ཀྲོ་དྷ་ཡེ།
དུས་གསུམ་རྒྱལ་བ་སྲས་དང་བཅས་རྣམས་ཀྱི། །ཡེ་ཤེས་རོལ་གར་དཔལ་ཆེན་ཧེ་རུ་ཀ །ཁྲོ་རྒྱལ་རྟ་མཆོག་རོལ་པའི་ཞབས་པད་ལ། །བྱང་ཆུབ་སྙིང་པོའི་བར་དུ་གུས་ཕྱག་འཚལ། །གདོད་ནས་ལྷུན་གྲུབ་རང་རིག་ཡེ་ཤེས་ཆེའི། །རང་བཞིན་མགོན་པོ་ཁྱེད་དང་གཉིས་མེད་པའི། །དག་གསལ་རྣལ་འབྱོར་ལྷ་ཡི་དཀྱིལ་འཁོར་དུ། །བསྙེན་ཅིང་སྒྲུབ་པས་ཁྱོད་སྐུ་མྱུར་འགྲུབ་ཤོག
།དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །མི་ཁོམ་བརྒྱད་སྤངས་དལ་བའི་རྟེན་རྙེད་ཅིང༌། །བཤེས་གཉེན་དམ་པའི་མགོན་གྱིས་རྗེས་བཟུང་ནས། །ཐེག་ཆེན་ཆོས་ཀྱི་བདུད་རྩིས་འཚོ་བར་ཤོག
།འདོད་ལས་ཕྱིར་ཕྱོགས་ངེས་འབྱུང་ཚུལ་ཁྲིམས་དང༌། །བྱམས་བརྩེས་ཀུན་བསླངས་བྱང་ཆུབ་སེམས་མཆོག་ལྡན། །ཕྱིན་དྲུག་བསྡུ་བཞིས་རྒྱལ་སྲས་སེམས་དཔའ་ཆེའི། །རྣམ་ཐར་རྒྱ་མཚོའི་ཕ་རོལ་ཕྱིན་པར་ཤོག
།བསླབ་གསུམ་རྒྱུད་མཛེས་ཐོས་པའི་ཕ་རོལ་སོན། །བསམ་པས་ལེགས་སྦྱངས་སྒོམ་བྱུང་ཕུལ་དུ་ཕྱིན། །ཤེས་རབ་གསུམ་གྱི་སྣང་བས་རྨོངས་པའི་མུན། །མཐའ་དག་དྲུང་ནས་འབྱིན་པའི་དཔལ་ཐོབ་ཤོག
།སྨིན་བྱེད་དབང་བཞིས་སྒོ་གསུམ་དྲི་མ་བཀྲུས། །གནས་སྐབས་བཞི་སྦྱངས་སྐུ་བཞིའི་ས་བོན་ཐེབས། །བསྐྱེད་རིམ་མཐར་ཕྱིན་སྣོད་བཅུད་ལྷ་སྐུར་རྟོགས། །རྫོགས་རིམ་ཟབ་གསལ་གཉིས་མེད་མཐར་ཕྱིན་ཤོག
།གཏུམ་མོའི་མེས་སྦྱངས་ཕུང་ཁམས་དྷཱུ་ཏིར་དག །ཉི་ཟླའི་ལམ་བཅོམ་སྒྲ་གཅན་ངང་དུ་འབབ། །འཛག་བདེའི་རྒྱུན་ཆད་འཕོ་མེད་དབྱིངས་སུ་ཐིམ། །ཟུང་འཇུག་ཆེན་པོའི་གོ་འཕང་མཐར་ཕྱིན་ཤོག
།ལྷན་སྐྱེས་བདེ་ཆེན་རོལ་པ་བསམ་ཡས་པས། །མ་དག་ལྟར་སྣང་འགྲོ་བའི་ཁམས་ཀུན་ཏུ། །ནམ་མཁའ་ཇི་སྲིད་ཁྱབ་རྟག་ལྷུན་གྲུབ་པས། །རྣམ་གྲོལ་རྡོ་རྗེའི་ས་ལམ་གསལ་བྱེད་ཤོག
།ཅེས་པ་འདི་ཡང་ཤཱཀ་རིན་པས་སོ།།
ཚེ་རབས་མ་ལུས་བཞུགས་སོ།།
༈ ཚེ་རབས་མ་ལུས་ཐམས་ཅད་དུ། །བླ་མ་དམ་པ་མཉེས་བྱེད་ཅིང༌། །མོས་གུས་ལྟེམ་རྐྱང་མེད་པ་ཡིས། །ནོར་བཟང་བུ་བཞིན་བསྟེན་པར་ཤོག
།སྐྱབས་ཆེ་བྱིན་ཆགས་དཀོན་མཆོག་གསུམ། །མཆོད་པའི་ཚོགས་རྣམས་མ་ལུས་པས། །ཚིམ་པ་མེད་པར་མཆོད་ནས་ཀྱང༌། །རྟག་ཏུ་བསྟོད་ཅིང་བཀུར་བར་ཤོག
།བར་ཆད་ཐམས་ཅད་སེལ་འགྱུར་ཞིང༌། །མ་བཞིན་སེམས་པའི་ཡི་དམ་ལྷ། །ཐུན་བཞི་ཡིས་ནི་མཉེས་གྱུར་ནས། །ཡི་དམ་ལྷ་དང་མི་འབྲལ་ཤོག
།ཧཱུཾ་དང་ཕཊ་ཀྱི་འབྲུག་སྒྲ་ཡིས། །དྲེགས་པ་ཅན་རྣམས་ཚར་གཅོད་ཅིང༌། །བསྟན་པ་མ་ལུས་སྲུང་བ་ཡི། །ཆོས་སྐྱོང་རྣམས་ཀྱིས་བསྲུང་བར་ཤོག
།བདག་ཅག་ལྷན་ཅིག་ཚོགས་པ་རྣམས། །ཁྲོ་འཁྲུག་ཐམས་ཅད་རབ་ཞི་ནས། །ཟབ་མོའི་གཏམ་ནི་སྣ་ཚོགས་ཀྱིས། །སེམས་ལ་ཕན་པ་ཉིད་དུ་ཤོག
།གང་དུ་འདུག་པའི་གནས་རྣམས་སུ། །འཇིགས་དང་ཉམ་ང་བྲལ་བ་དང༌། །ཕྱི་ནང་འཚེ་བ་མེད་པ་ཡི། །དགོན་གནས་རྣམས་དང་མི་འབྲལ་ཤོག
།ངོ་སྲུང་རྩོལ་བ་མི་དགོས་ཤིང༌། །ངོ་བོ་ཉིད་ཀྱི་ཆོས་ལ་དཀར། །ཕན་ཚུན་འཚེ་བ་མེད་པ་ཡི། །སྐྱེ་བོ་རྣམས་ཀྱིས་བཀུར་བར་ཤོག
།བདག་ཅག་ཚེ་རབས་ཐམས་ཅད་དུ། །བྱམས་པ་རྒྱུན་ཆད་མེད་པ་དང༌། །རྟོགས་པ་གསེར་གྱི་རི་བོ་ལྟར། །གཉིས་མེད་འགྱུར་བ་མེད་པར་ཤོག
།ཉོན་མོངས་གསུམ་པོ་སྐྱེས་པའི་ཚེ། །ཆུ་ལ་རལ་གྲི་བཏབ་པ་ལྟར། །སེམས་ཀྱི་མདུད་པ་གྲོལ་ནས་ཀྱང༌། །འོད་གསལ་ངང་ལ་གནས་པར་ཤོག
།དོན་མེད་གླེང་མོ་བྱེད་པའི་ཚེ། །འཁོར་བ་ཐོག་མཐའ་མེད་པ་རུ། །གཏམ་གྱི་སྦྱོར་བ་འདི་དག་ཀྱང༌། །ཆོས་ཀྱི་གཏམ་དུ་འགྱུར་བར་ཤོག
།སྡང་བའི་ཡུལ་རྣམས་མཐོང་བའི་ཚེ། །རང་དབང་མེད་པའི་བྱམས་པ་ཡིས། །དང་བའི་སེམས་ནི་སྐྱེ་བ་དང༌། །སྙིང་ནས་མ་བཞིན་གོ་བར་ཤོག
།མཛེས་ཤིང་བཀྲག་ལྡན་མཐོང་བའི་ཚེ། །མི་གཙང་བུམ་པར་གོ་བ་ཡིས། །ཞེན་པའི་མཚན་མ་རབ་ལོག་ནས། །ཆགས་པ་མེད་ལ་གནས་པར་ཤོག
།ང་རྒྱལ་ཁེངས་ཤིང་དྲེགས་པ་ཡི། །སྐྱེ་བོ་རྣམས་དང་འགྲོགས་པའི་ཚེ། །དམན་པའི་མཚན་མ་རབ་སྤངས་ནས། །བསྙེན་བཀུར་བྱེད་ལ་གནས་པར་ཤོག
།ཤེས་བྱའི་ཆོས་རྣམས་མ་ལུས་པས། །ལྟེམ་རྐྱང་མེད་པར་ཆོས་ཀུན་ལ། །མོས་གུས་རྒྱ་ཆེན་བྱེད་པ་དང༌། །གཉེན་པོ་བརྟེན་ལ་གནས་པར་ཤོག
།སྒྲུབ་པ་བྱེད་པའི་འབྲས་བུ་དེས། །བདག་གཞན་གཉིས་ཀྱི་འདོད་པ་གྲུབ། །འཁོར་བ་མུ་མཐའ་མེད་པ་རུ། །སེམས་ཅན་རྣམས་ལ་སྨིན་པར་ཤོག
།རྗེ་ཕག་གྲུའི་གསུང་ཡིན་པར་གྲགས་སོ།།
སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུ་འབྲས་སྨོན་ལམ་ནི།
༈ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་བླ་མ་དང༌། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །ལྷ་ཡི་དྲང་སྲོང་སྨོན་ལམ་རྣམས། །ལྷག་པའི་སྨོན་ལམ་འགྲུབ་པར་ཤོག
།མིར་གྱུར་ཡུལ་དབུས་སྐྱེ་བ་དང༌། །དབང་པོ་ཚང་ཞིང་གནས་ལ་དད། །དེ་བཞིན་ལས་མཐའ་མ་ལོག་པ། །རང་འབྱོར་ལྔ་དང་ལྡན་པར་ཤོག
།སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་གནས་བསྟན་ཕྱིར་འཇུག་པ་དང༌། །གཞན་ཕྱིར་རྟག་ཏུ་སྙིང་རྗེ་བའི། །གཞན་འབྱོར་ལྔ་དང་ལྡན་པར་ཤོག
།དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཚེ་རིང་ཀླ་ཀློ་ལོག་ལྟ་དང༌། །སངས་རྒྱས་ཀྱིས་སྟོང་ལྐུག་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་བར་ཤོག
།དད་པ་དང་ནི་གཏོང་བ་དང༌། །ཐོས་དང་ཚུལ་ཁྲིམས་ཤེས་རབ་དང༌། །ཁྲེལ་ཡོད་ངོ་ཚ་ཤེས་པ་སྟེ། །འཕགས་ནོར་བདུན་དང་ལྡན་པར་ཤོག
།སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །འཆད་རྩོད་འདྲེས་པར་མི་མངའ་བའི། །ཐུགས་རྗེ་རྒྱུན་ཆད་མེད་པ་ཡི། །བླ་མ་རྣམས་དང་མཇལ་བར་ཤོག
།དེས་གསུངས་སོ་ཐར་བྱང་སེམས་དང༌། །རིག་འཛིན་སྔགས་ཀྱི་བསླབ་བྱ་རྣམས། །ཇི་ལྟར་ནོས་ཤིང་སྲུང་བ་དེ། །གོང་ནས་གོང་དུ་འཕེལ་བར་ཤོག
།གསལ་སྟོང་དབྱེར་མེད་རྟོགས་པ་དང༌། །སྣང་སྟོང་ཟུང་དུ་འཇུག་པ་དང༌། །བདེ་སྟོང་བླ་ན་མེད་པ་ཡིས། །སྒྲིབ་གཉིས་བག་ཆགས་དག་པར་ཤོག
།འདོད་པ་ཆུང་ཞིང་ཆོག་ཤེས་དང༌། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །ལོག་པའི་འཚོ་བ་ཀུན་སྤངས་ནས། །ཆོས་ཀྱི་འཚོ་བས་འཚོ་བར་ཤོག
།གང་ཞིག་དགྲ་བཅོམ་ཕ་མ་གསོད། །མཐུན་པའི་དགེ་འདུན་དབྱེན་བྱེད་ཅིང༌། །དེ་བཞིན་གཤེགས་ལ་སྐུ་ཁྲག་འབྱིན། །མཚམས་མེད་ལྔ་ལས་ཐར་བར་ཤོག
།མཆོད་རྟེན་བཤིག་དང་བྱང་སེམས་གསོད། །དགྲ་བཅོམ་མ་ལ་སུན་འབྱིན་པ། །སློབ་པ་གསོད་དང་མཆོད་ནོར་རྐུ། །ཉེ་བ་ལྔ་ལས་ཐར་བར་ཤོག
།གསོད་རྐུ་རྫུན་དང་འདོད་ལོག་སྤྱོད། །ཕྲ་མ་ཚིག་རྩུབ་ངག་འཁྱལ་སྨྲ། །བརྣབ་སེམས་གནོད་སེམས་ལོག་པར་ལྟ། །མི་དགེ་བཅུ་ལས་ཐར་བར་ཤོག
།མནར་མེད་ཚ་བ་རབ་ཚ་དང༌། །ངུ་འབོད་ཅན་དང་ངུ་འབོད་ཆེ། །བསྡུས་འཇོམས་ཐིག་ནག་ཡང་སོས་ཏེ། །ཚ་དམྱལ་བརྒྱད་ལས་ཐར་བར་ཤོག
།ཆུ་བུར་ཅན་དང་ཆུ་བུར་རྡོལ། །སོ་ཐམ་ཨ་ཆུ་ཀྱི་ཧུད་དང༌། །ཨུཏྤལ་པདྨ་ལྟར་གས་ཤིང༌། །གྲང་དམྱལ་བརྒྱད་ལས་ཐར་བར་ཤོག
།ཉི་ཚེ་ཉེ་འཁོར་རོ་མྱགས་འདམ། །མི་གཙང་འདམ་དང་མེ་མ་མུར། །ཆུ་བོ་རབ་མེད་ཤལ་མ་རི། །དེ་དག་གནས་ལས་ཐར་བར་ཤོག
།ཕྱི་སྒྲིབ་ཅན་དང་ནང་སྒྲིབ་ཅན། །ཟས་སྐོམ་གཉིས་ཀའི་སྒྲིབ་པ་ཅན། །མེ་ལྕེའི་འཁོར་ལོ་ཅན་ལ་སོགས། །ཡི་དྭགས་གནས་ལས་ཐར་བར་ཤོག
།བྱིང་ལ་གནས་དང་ཁ་འཐོར་གནས། །གླེན་ལྐུག་གཅིག་ལ་གཅིག་ཟ་དང༌། །གསོད་གཅོད་བཀོལ་བརྡུང་བྱེད་ལ་སོགས། །དུད་འགྲོའི་གནས་ལས་ཐར་བར་ཤོག
།ལྷ་ལ་འཕོ་དང་ལྟུང་བ་དང༌། །ལྷ་མ་ཡིན་ལ་འཐབ་རྩོད་དང༌། །མི་ལ་སྐྱེ་རྒ་ན་འཆི་སོགས། །སྡུག་བསྔལ་གནས་ལས་ཐར་བར་ཤོག
།འཇམ་དཔལ་དབྱངས་ཀྱི་མཁྱེན་རབ་དང༌། །སྤྱན་རས་གཟིགས་ཀྱི་སྙིང་རྗེ་དང༌། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །བདེ་བ་ཅན་དུ་སྐྱེ་བར་ཤོག
།ཤཱ་རི་བུ་ཡི་ཤེས་རབ་དང༌། །མོའུ་འགལ་གྱི་རྫུ་འཕྲུལ་དང༌། །ཀུན་དགའ་བོ་ཡི་ཐོས་པ་ཡིས། །བདེ་བ་ཅན་དུ་སྐྱེ་བར་ཤོག
།ས་ར་ཧ་ཡི་རྟོགས་པ་དང༌། །ཀླུ་སྒྲུབ་སྙིང་པོའི་མཁྱེན་པ་དང༌། །བིར་ཝ་པ་ཡི་བྱིན་རླབས་ཀྱིས། །བདེ་བ་ཅན་དུ་སྐྱེ་བར་ཤོག
།དཀོན་མཆོག་གསུམ་གྱི་བདེན་པ་དང༌། །སངས་རྒྱས་བྱང་སེམས་བྱིན་རླབས་དང༌། །ཚོགས་གཉིས་ཡོངས་རྫོགས་མངའ་ཐང་སྟེ། །ཆོས་ཉིད་བདེན་པས་འགྲུབ་པར་ཤོག
།སྤངས་རྟོགས་མཐར་ཕྱིན་སངས་རྒྱས་དང༌། །ལུང་དང་རྟོགས་པ་དམ་པའི་ཆོས། །ས་བཅུའི་བྱང་སེམས་དགེ་འདུན་ཏེ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག
།སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ།།
སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཚོགས་གཉིས་འཕེལ་བྱེད་བཞུགས་སོ།།
༈ ན་མོ༏ འཁོར་བ་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། །ཆོས་ལ་བཟོད་པ་མ་ཐོབ་བར་དུ་ནི། །ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཞིང༌། །མཐོ་རིས་མི་ཡི་ལུས་སུ་སྐྱེ་བར་ཤོག
།མཐོ་རིས་མི་ཡི་ལུས་སུ་སྐྱེས་ནས་ཀྱང༌། །སྡིག་སྤྱོད་རྒྱལ་པོར་མ་སྐྱེ་དེ་ཡི་བློན་པོ་དང༌། །དམག་དཔོན་ཞལ་ཆེ་གཅོད་པའི་ལུས་སུ་མ་སྐྱེ་ཤོག
།ཁེ་བྱེད་ཏིལ་བརྡུང་ཆང་འཚོང་རྐུན་པོ་དང༌། །བྲན་དང་མོ་ཡི་ལུས་སུ་མ་སྐྱེ་ཤོག །དགེ་སློང་རྣམས་ལ་དབང་བྱེད་བདག་པོ་དང༌། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་མ་སྐྱེ་ཤོག
།མཐའ་འཁོབ་ཀླ་ཀློ་སྐྱེ་བོའི་ཡུལ་རྣམས་དང༌། །གླེན་ལྐུག་འོན་ལོང་ཕྲག་དོག་ཅན་རྣམས་དང༌། །མུ་སྟེགས་ལོག་ལྟ་ཅན་གྱི་རིགས་རྣམས་དང༌། །རིགས་ངན་བཤན་པའི་ལུས་སུ་མ་སྐྱེ་ཤོག
།བྱང་ཆུབ་མ་ཐོབ་བར་དུ་རྟག་པར་བདག །ལུས་ཀྱི་ཡན་ལག་རྒྱས་ཤིང་སྐྱོན་མེད་པ། །དབང་པོ་ཚང་ཞིང་རིགས་མཐོ་བཀུར་བའི་གནས། །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེ་བར་ཤོག
།དམ་ཆོས་སྤྱོད་པའི་ལུས་སུ་སྐྱེས་ནས་ཀྱང༌། །གཞོན་ནུར་རབ་བྱུང་ཚུལ་ཁྲིམས་ལྡན་པ་དང༌། །ཚེ་ལ་ནད་ཀྱི་བར་ཆད་མེད་པ་དང༌། །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་པར་ཤོག
།སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་ནས་ཀྱང༌། །ཐོས་བསམ་སྒོམ་གསུམ་རིག་པས་རྒྱུད་སྦྱངས་ནས། །རྣམ་ཤེས་དྲུག་པོ་ཡུལ་ལ་མ་ཡེངས་པར། །ཏིང་འཛིན་རྩེ་གཅིག་སེམས་ལ་དབང་ཐོབ་ནས། །ཁམས་གསུམ་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །དོན་རྣམས་དཔག་མེད་བདག་གིས་འགྲུབ་པར་ཤོག
།སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ། །འདི་བཟུང་ཚེ་རབས་ཐམས་ཅད་དུ། །མི་ལུས་རིན་ཆེན་ཐོབ་པ་དང༌། །གསང་སྔགས་རྡོ་རྗེ་ཐེག་པ་ཡི། །བླ་མ་སངས་རྒྱས་རྣམས་དང་མཇལ་བར་ཤོག
།ཆོས་རྗེ་རྒྱ་རས་པའི་གསུང་ངོ༌།།
0 Comments
ཐུགས་འཆར་བཀོད་གནང་།