གསར་པ།

6/recent/ticker-posts

བཟློག་ཚེ་སྒྲུབ་ཀྱི་རིམ་པ་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ།།

༈ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད༴ །བླ་མ་ཐུགས་རྗེ་སྤྲུལ་པའི༴ །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ལན་གསུམ། འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང༌། །བརྩེ་བས་གཞན་དོན་ཡལ་བ་མི་འདོར་བར། །ནུས་པས་བདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། ། ༈ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། ༈ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མགོན་པོ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་ར་མཧཱ་སད་ཀ་ར་མཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །དེ་བཞིན་དག་པ་ལྷ་ཡི་ཆུ། །དག་པ་ཡིས་ནི་སྐུ་ཁྲུས་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མཧཱ་པཱ་དྱཾ་པྲ་ཏཱིཙྪ་སྭཱཧཱ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་ཀཱ་མ་ལ་ཡེ་སྟྭཾ།

            གསོལ་འདེབས་བསམ་པ་ལྷུན་གྲུབ་བཞུགས་སོ།།

 ༈ ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་རླབས་ཏེ༔ འཛམ་གླིང་བོད་ཀྱི་སེམས་ཅན་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོབ་པའི་ཐུགས་རྗེ་ཅན༔ ཨུ་རྒྱན་པདྨ༴ །བསམ་པ་ལྷུན་གྱིས༴ །སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨུ་རྒྱན་པདྨ༴ །བསམ་པ་ལྷུན་གྱིས༴ །དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨུ་རྒྱན༴ །བསམ་པ༴ །ལྔ་བརྒྱའི་ཐ་མ་དུས་ཀྱི་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་འཇོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་འདྲའི་དུས་ན་པད་འབྱུང་ཐུགས་རྗེ་བསྐྱེད༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨུ་རྒྱན༴ །བསམ་པ༴ །ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ ཨུ་རྒྱན༴ །བསམ་པ༴ །སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ནས༔ མི་བཟོད་སྡུག་བསྔལ་ཆེན་པོས་ནོན་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་སྨན་གྱི་ལྷ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨུ་རྒྱན༴ །བསམ་པ༴ །འབྱུང་བ་དགྲར་ལངས་ས་བཅུད་ཉམས་པ་ཡིས༔ སེམས་ཅན་མུ་གེའི་ནད་ཀྱིས་གཟིར་བའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་མཁའ་འགྲོ་ནོར་ལྷའི་ཚོགས་ཀྱིས་བསྐོར༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨུ་རྒྱན༴ །བསམ་པ༴ །ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨུ་རྒྱན༴ །བསམ་པ༴ །སྦས་ཡུལ་ནགས་རོང་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་གཞི་བདག་གཉན་པོའི་འཁོར་བཅས་ཀྱིས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨུ་རྒྱན༴ །བསམ་པ༴ །སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨུ་རྒྱན༴ །བསམ་པ༴ །ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་འཇིགས་ཤིང་ཉེན་པའི་དུས་བྱུང་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་འབྱུང་བཞིའི་ལྷ་མོར་བཅས་ཡིས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨུ་རྒྱན༴ །བསམ་པ༴ །ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ ཨུ་རྒྱན༴ །བསམ་པ༴ །གང་ཞིག་གཤེད་མའི་མདག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨུ་རྒྱན༴ །བསམ་པ༴ །ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ནས༔ གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨུ་རྒྱན༴ །བསམ་པ༴ །སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་གྲོལ་སྟོན་པར་ཐེ་ཚོམ་མེད༔ ཨུ་རྒྱན༴ །བསམ་པ༴ །གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་པས་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་སྣང་རྩད་ནས་བཤིག་པར་བྱེད༔ ཨུ་རྒྱན༴ །བསམ་པ༴ །འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་བས་གསོལ་འདེབས་ཀྱི༔ པད་འབྱུང་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གུང་ཐང་རྒྱལ་པོ་ལ་གསུངས་པའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་ཞེས་བྱ་བ་འདི་ནི༔ ལྷ་སྲས་མུ་ཁྲི་བཙན་པོས་རུ་ལག་གྲམ་པ་རྒྱང་གི་ལྷ་ཁང་དུ་སྦས་པ་ཆུ་ཕོ་འབྲུག་གི་ལོར་སྤྲུལ་སྐུ་བཟང་པོ་གྲགས་པས་གཏེར་ནས་བཏོན་ཏེ༔ རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་ལ་གཏད་པ༔ རིག་འཛིན་ཆེན་པོས་ཤོག་སེར་ལས་ཕབ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔     

              གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ།།

 ༈ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨུ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པ་ཕུར་པའི་པུ་སྟི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜི་ཏ༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩིས་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕངས༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཞིང་ཙནྡན་ནགས་སུ་འཕངས༔ མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྴ་ནག་པོ་རྡུལ་དུ་བརླགས༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབ་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་བསྟན་ནས༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང་༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔ ཐང་ལྷ་ཡར་བཞུད་དམ་ལ་བཏགས༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་སྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སམྦྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་ཟློག་ཅིང་དངོས་གྲུབ་གནང་༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །དེ་ནས་ཨུ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷ་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེ༴ །བརྩེ་བས༴ །དགོངས་པས༴ །ནུས་པས༴ །ཕྱི་ཡི༴ །ནང་གི༴ །གསང་བའི༴ །གུས་པས༴ །ཨོཾ་ཨཱཿཧཱུཾ༴ །སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔ ཐུགས་རྗེ་བདག་ལ༴ །བརྩེ་བས་བདག་སོགས༴ །དགོངས་པས་བདག་ལ༴ །ནུས་པས་བདག་སོགས༴ །ཕྱི་ཡི་བར་ཆད༴ །ནང་གི་བར་ཆད༴ །གསང་བའི་བར་ཆད༴ །གུས་པས་ཕྱག་འཚལ༴ །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུཾ་ཨཱཿ ༈ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ༈ དགེ་བ་འདི་ཡིས་མྱུར་དུ་བདག །ཨོ་རྒྱན་པདྨ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །གསོལ་འདེབས་བར་ཆད་ལམ་སེལ་འདི་ཉིད་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨུ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་ཞབས་འོག་གནས་སྤྱན་དྲངས་པ་དགེའོ།། 

ཚེ་སྒྲུབ་རྒྱུན་ཁྱེར་བཞུགས་སོ།།

 ༈ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུ་ཛྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུ་ཎྱེ། མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མཧཱ་ན་ཡ་པ་རི་ཝ་རེ་སྭཱཧཱ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱཧཱ། ཞེས་གྲངས་ཅི་ནུས་བསགས་པའི་མཐར། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །ཚེ་ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་བྱུང་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །།

རྣམ་རྒྱལ་མའི་རྒྱུན་ཁྱེར་བཞུགས་སོ།། 

༈ སྲིད་པའི་འཇིགས་ལས་སྐྱོབས་པ་དང༌། །ཕུན་ཚོགས་དངོས་གྲུབ་ཀུན་སྟེར་བ། །ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། །བཅོམ་ལྡན་ཚེ་དཔག་མེད་མར་འདུད། །ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷཱ་ཡ་ཏེ་ན་མཿཏདྱ་ཐཱ། ཨོཾ་བྷྲཱུུཾ་བྷྲཱུུཾ་ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ། ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨ་བྷི་ཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿ སུ་ག་ཏ་པ་ར་བ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མཧཱ་མུ་དྲཱ་མནྟྲ་པ་དཻཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུ་སྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི། བི་མུ་ནི་བི་མུ་ནི་མཧཱ་བི་མུ་ནི། མ་ཏི་མ་ཏི་མཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐ་ཏཱ། བྷཱཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ་བུདྡྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མཧཱ་བཛྲེ། སུ་བཛྲེ་བཛྲ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲོད་བྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲ་མ་བྷ་ཝནྟུ་མ་མ་ཤ་རཱི་རཾ། སརྦ་སཏྭ་ནཱཉྩ་ཀཱ་ཡ་པ་རི་ཤུདྡྷིརྦྷཝནྟུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུདྡྷིཤྩ། སརྦ་ཏ་ཐཱ་ག་ཏཱཤྩ། མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུདྡྷྱ་བུདྡྷྱ། སིདྡྷྱ་སིདྡྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟཱན་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མཧཱ་མུ་དྲེ། མཧཱ་མུ་དྲཱ་མནྟྲ་པ་དཻཿསྭཱཧཱ། ཨོཾ་བྷྲཱུཾ་སྭཱཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿཨཾ་ཨཱཿ རཀྵ་རཀྵ་མཱཾ་སརྦ་སཏྭཱཾཤྩ་སྭཱཧཱ། སྟོང་འགྱུར་བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མ་གྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། །། 

རྗེ་བཙུན་སྒྲོལ་མའི་རྒྱུན་ཁྱེར་བཞུགས་སོ།། 

༈ རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང༌། །སེམས་ཅན་རྣམས་ཀྱི་བསམ་པ་དང༌། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོ་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །པོ་ཏ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང༌། །ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། ཨཱརྻ་ཏཱ་རེ་སྟོཏྟྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཆེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉི་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེ །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་སྦྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་མ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང༌། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་པས། །སྲོད་དང་ཐོ་རངས་ལངས་པར་བྱས་ཏེ། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང༌། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡིས་དུག་ནི་དྲག་པོ་ཆེན་པོ། །བསྟེན་ལ་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང༌། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ༌། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར་ཅིག ། ༈ རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བ་གྱུར་པ་སྣ་ཚོགས་དང༌། །རྨི་ལམ་ངན་དང་མཚན་མ་ངན་པ་དང༌། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང༌། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང༌། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀ་ལ་པིང་ཀའི་དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མཐའ་དག་མཁྱེན། །བཀྲ་ཤིས་དཔལ་འབར་མ་ཡི་བཀྲ་ཤིས་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་གྲུབ་གྱུར་ནས། །སོགས་ནས། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། །།

ཤེས་རབ་སྙིང་པོ་བཞུགས་སོ།། 

༈ འཕགས་པ་དཀོན་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས། འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན། དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན། བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ༌། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང༌། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང་མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱཧཱ། ལན་གསུམ། ཨོཾ་ཧཱུཾ་ཏྲི་ཁྲོཾ་བྷྱོཿ མ་ཎི་མཱ་ར་ཎི་བྷྱོཿ མ་ར་དུ་ནི་བྷྱོཿ ར་མོ་རཀྴན་ཏི་བྷྱོཿ རཀྴ་བྷྱོཿ མཱ་ར་ཡ་ཡ་མ་རཱ་ཛ་ཀཱི་ལ་ཡ་བྷྱོཿ ལན་གསུམ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བདག་གི་བདེན་པའི་ཚིག་འདི་འགྲུབ་པར་གྱུར་ཅིག །ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམས་ཤིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ལོག་པ་དེ་བཞིན་དུ། བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམས་ཤིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །ལན་གསུམ། རབ་ཏུ་ཞི་བར་གྱུར་ཅིག །གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་ཅིང་སྐྱེ་མེད་པ། །ཆད་པ་མེད་ཅིང་རྟག་མེད་པ། །འོང་བ་མེད་ཅིང་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ།། །།

སྲི་ཟློག་ཙཀྲ་བཅུ་གསུམ་བཞུགས་སོ།།

༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏངྱ་ཐཱ། ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི་ཡེ་སྭཱཧཱ། །བདག་འཁོར་དང་བཅས་པ་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པ་དམ་པ་མཛད་དུ་གསོལ། སྲི་ངན་པ་ཐམས་ཅད་ལས་ཐར་བར་མཛད་དུ་གསོལ། དུ་རུ་དུ་རུ་ཙཀྲ། བཛྲ་ཡ་བཛྲ་ཡ་ཙཀྲ། ཧ་ན་ཧ་ན་ཙཀྲ། མ་ར་ཡ་མ་ར་ཡ་ཙཀྲ། གྷིན་དུ་མ་ལེ་ཨེ་ནན་ཙཀྲ། ཛྭ་ལ་ཛྭ་ལ་ཙཀྲ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཙཀྲ། སརྦ་ཤ་གི་ནི་ཨ་པ་ར་ཎ་ཙཀྲ། བྷ་ལ་ཡ་བྷ་ལ་ཡ་ཙཀྲ། ན་ག་ཤ་ཡ་ན་ག་ཤ་ཡ་ཙཀྲ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཙཀྲ། བྷྲ་མ་བྷྲ་མ་ཙཀྲ། ས་མནྟ་ཀ་ར་ཙ་ཏྲི་ཏི་ག་ན་ཙཀྲ། བདག་ཅག་འཁོར་དང་བཅས་པ་དང༌། ཆོས་མཛད་པ་དང༌། དཀར་པོའི་ཕྱོགས་མཐའ་ཡས་པ་ལ་གནོད་པའི་དགྲ་བགེགས་འབྱུང་པོ་མི་མ་ཡིན་པའི་ཕྱོགས་ཐམས་ཅད་ཟློག་ཅིག །ཐུལ་ཅིག །རྐྱེན་དང་བར་དུ་གཅོད་པ་ཐམས་ཅད་ཟློག་ཅིག །བྱེར་ཅིག །སྲུངས་ཤིག །ནད་སྲི་དང༌། འཆི་སྲི་དང༌། གོད་སྲི་དང༌། རྟ་སྲི་དང༌། ཡེར་པའི་སྲི་དང༌། ལོའི་སྲི་དང༌། ཟླ་བའི་སྲི་དང༌། ཞག་དུས་ཀྱི་སྲི་དང༌། ཁ་སྨྲས་ཀྱི་སྲི་དང༌། སྲི་ངན་པ་ཐམས་ཅད་ཟློག་ཅིག །གཞན་ཡང་སྲི་ངན་པ་ཐམས་ཅད་ལས་རྣམ་པ་ཀུན་ཏུ་སྲུངས་ཤིག །ཟློག་ཅིག །ཞི་བར་གྱུར་ཅིག །བདག་ཅག་འཁོར་དང་བཅས་པ་ལ་ནད་རིམས་དང༌། གདོན་དང༌། སྔགས་ཟོར་དང༌། རྦད་འདྲེ་དང༌། གློ་བུར་གྱི་ནད་དང༌། རྒྱལ་པོའི་ཆད་པ་དང༌། ཕྱོགས་ངན་པ་དང༌། གནོད་པ་དང༌། ནད་སྲི་དང༌། འཆི་སྲི་དང༌། དུར་སྲི་དང༌། རྒན་སྲི་དང༌། གཞོན་སྲི་དང༌། དར་མའི་སྲི་དང༌། ལོའི་སྲི་དང༌། ཟླ་བའི་སྲི་དང༌། ཞག་སྲི་དང༌། ཟ་མའི་སྲི་དང༌། སྐག་བདུན་ཟུར་དང༌། ཕྱི་རྐྱེན་དང༌། གདོན་སུམ་བརྒྱ་དྲུག་ཅུ་དང༌། རྐྱེན་ཉི་ཁྲི་ཆིག་སྟོང་དང༌། ལྟས་ངན་མི་མཐུན་པ་བརྒྱད་ཅུ་རྩ་གཅིག་གི་གནོད་པ་ཐམས་ཅད་དང༌། མ་རུངས་པ་དང༌། གདུག་པ་ཅན་ཐམས་ཅད་འཇོམས་པར་གྱུར་ཅིག །བཟློག་པར་གྱུར་ཅིག །བསྒྱུར་བ་གྱུར་ཅིག །བསྲུང་བར་གྱུར་ཅིག །ཐུབ་པར་གྱུར་ཅིག །དེ་ལྟར་བརྗོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང༌། སྲིའི་གནོད་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཙཀྲ་བཅུ་གསུམ་པའི་གཟུངས་རྫོགས་སོ།།

༈ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང༌། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་ཏེ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་ལ། །མི་མཐུན་ཚོགས་རྣམས་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག ། ༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨོན་ལམ་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །གདོན་དང་ནད་དང་འབྱུང་པོའི་འཚེ་བ་སོགས། །སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །ཇི་ལྟར་གཤེད་མས་ཁྲིད་པའི་བསད་བྱ་བཞིན། །སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་བྱེད་པའི། །སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །འཆི་བདག་ཤིན་རྗེའི་ཁ་ནང་ཚུད་པ་ལྟར། །ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་པའི། །ཉིན་གཅིག་པ་དང་རྟག་པའི་རིམས་སོགས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །གློ་བུར་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༌། །བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡིས། །ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་ཇི་སྙེད་པ། །མ་ལུས་ཞི་ཞིང་མདངས་སྟོབས་ལྡན་གྱུར་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །བླ་མ་དཀོན་མཆོག་རྣམས་ཀྱི་ཐུགས་རྗེ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང༌། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །སྨོན་ལམ་ཇི་ལྟར་བཏབ་པ་འགྲུབ་གྱུར་ཅིག། ། ༈ བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་རྣམ་དག་འགྲུབ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག། །།

Post a Comment

0 Comments