༈ ན་མོ་མཧཱ་མུ་དྲ་ཡཿ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སེམས་དཔའ་ཉན་ཐོས་འཕགས་པ་སྲས་བཅས་དང༌། །རྩ་བ་བརྒྱུད་པའི་རྗེ་བཙུན་དམ་པ་རྒྱུད་སྡེ་བཞིའི་ལྷ་ཌཱ་ཀྐིའི་ཚོགས། །ཆོས་སྲུང་དཀར་ཕྱོགས་ལྷར་བཅས་བདག་ལ་བརྩེ་བས་དགོངས་ཤིང་གཟིགས་ནས་ཀྱང༌། །བདག་གི་སྨོན་ལམ་འདི་ལ་ཐུགས་གཏོད་བྱིན་རླབས་ནུས་པ་སྨིན་པར་མཛོད། །བདག་ཅག་དུས་འདི་ནས་བཟུང་ཚེ་རབས་ཀུན་ཏུ་དད་མོས་བརྩོན་འགྲུས་དང༌། །ཤེས་རབ་སྤོབས་པ་ཡོན་ཏན་ཆེ་ཞིང་གཟུགས་བཟང་ཚེ་རིང་ནད་མེད་ཅིང༌། །རིགས་མཐོ་ལོངས་སྤྱོད་གཏོང་ཕོད་སྙིང་རྗེ་སྙིང་རུས་གཉེན་པོའི་གོ་ཆ་ཆེ། །དབྱངས་སྙན་ཡིད་འོང་བཟང་པོའི་སྤྱོད་ཡུལ་ཉིད་ལ་རྟག་ཏུ་གནས་པར་ཤོག །ཚེ་རབས་ཀུན་ཏུ་མཚན་དཔེས་བརྒྱན་པའི་རྡོ་རྗེའི་སྐུ་ཐོབ་དྲུག་ཅུའི་གསུང༌། །ཤེས་བྱ་ལ་མཁས་ཡེ་ཤེས་ཐུགས་ལྡན་བཤེས་གཉེན་མཇལ་ཞིང་མཉེས་པ་བསྒྲུབ། །མི་མཉེས་སྤོང་ཞིང་བཤེས་གཉེན་ཡོན་ཏན་བདག་ལ་འཇུག་ཅིང་རྫོགས་པ་དང༌། །གཞོན་ནུར་རབ་བྱུང་ཚུལ་ཁྲིམས་དམ་ཚིག་བསླབ་པ་གསུམ་གྱི་གཞི་འཛིན་ཤོག །ཐེག་ཆེན་ཆོས་ལ་ཐོས་བསམ་སྒོམ་སྒྲུབ་བར་ཆད་མེད་ཅིང་ཡོན་ཏན་རྫོགས། །བརྒྱུད་པའི་སྲོལ་འཛིན་ཕ་རྗེས་བུས་གསོབ་སྟོང་ཉིད་སྙིང་རྗེའི་རྩལ་འབྱོངས་པའི། །རང་གཞན་དོན་གྲུབ་རྟོགས་པ་འཆར་ཞིང་རྐྱེན་ངན་ལམ་དུ་ལོངས་པ་དང༌། །རྟོགས་པ་ཐུགས་རྗེས་བདག་གཞན་གྲོལ་ཞིང་གདུལ་བྱ་དུས་ལ་བབ་པར་ཤོག །ཤེས་རབ་ཆེན་པོས་བདེན་པའི་དོན་རྟོགས་སྙིང་རྗེས་གཞན་སྡུག་མི་བཟོད་དང༌། །བྱིན་རླབས་ཆེན་པོས་གཞན་སྣང་བསྒྱུར་ནུས་གདམས་པས་གཞན་རྒྱུད་ཡོན་ཏན་འཁོད། །ཉམས་མྱོང་ཆེན་པོས་ལམ་སྣ་ཁྲིད་ནུས་རྟེན་འབྲེལ་ཐབས་མཁས་གཟུང་འཛིན་དག །ལས་འབྲས་ཤེས་ཤིང་རང་འདོད་རྩ་ཆོད་རིགས་དྲུག་ལ་ནི་སྒོམ་ཐེབས་ཤོག །ཚེ་རབས་ཀུན་ཏུ་བླ་མར་སངས་རྒྱས་འདུ་ཤེས་སྐྱེ་ཞིང་མོས་གུས་ལྡན། །བྱིན་རླབས་འཇུག་ཅིང་སྐྱོན་དག་ཡོན་ཏན་རབ་རྫོགས་དགོས་མེད་རྒྱུད་ལ་སྐྱེ། །ཚོགས་གཉིས་རབ་རྫོགས་དོན་གཉིས་ཕུན་ཚོགས་རྟེན་འབྲེལ་ཆིག་ཆོག་གནད་ཚུད་ནས། །མཉམ་བཞག་བརྟན་ཐོབ་ཞི་གནས་བདེ་གསལ་མི་རྟོག་ཏིང་འཛིན་འབྱོངས་པར་ཤོག །མངོན་ཤེས་རྫུ་འཕྲུལ་ཐུན་མོང་ཡོན་ཏན་དཔག་མེད་རིག་པའི་རྩ་ཆོད་ཅིང༌། །རྣམ་རྟོག་ཆོས་སྐུ་འཁོར་འདས་སུ་རྟོགས་སྐྱོན་ཡོན་འཁྲུལ་གྲོལ་ལམ་སློང་ནས། །སྡུག་བསྔལ་བདེར་འཆར་བར་ཆད་དངོས་གྲུབ་ཏུ་ཤེས་ཕྱག་རྒྱ་ཆེ་ལ་གནས། །སྣང་བ་དབང་འདུས་ལས་འབྲེལ་འཇོག་ཅིང་འབྲེལ་ཚད་དོན་དང་ལྡན་པར་ཤོག །བདག་གཞན་ཀུན་གྱི་ཕན་གནོད་ལས་བྱས་ལོག་དང་བཏང་སྙོམས་མི་འགྲོ་ཞིང༌། །རྒྱུ་རྐྱེན་མཚམས་སྦྱོར་དུས་གསུམ་ལས་ངན་རྒྱུ་འབྲས་ཐམས་ཅད་བྱང་བ་དང༌། །དུག་ལྔ་ཆོས་བརྒྱད་མི་དགེའི་བསམ་སྦྱོར་སྐད་ཅིག་མེད་ཅིང་ཚོགས་གཉིས་གསོག །སྔགས་ཀྱི་སྣོད་རུང་དབང་བཞི་ཐོབ་ཅིང་ཡེ་ཤེས་ངོས་ཟིན་འབྲས་ཐོབ་ཤོག །དམ་ཚིག་སྡོམ་ལྡན་བསྐྱེད་རྫོགས་བརྟན་ཐོབ་ཕྲིན་ལས་བཞི་འགྲུབ་རྒྱུ་འབྲས་ཤེས། །རིག་པའི་འགྲོ་ལྡོག་དགེ་སྡིག་དོར་ལེན་ཤེས་རབ་སྣང་བར་བྱན་ཚུད་ཅིང༌། །ཕྱི་ནང་གསང་བའི་རྟེན་འབྲེལ་ལ་མཁས་གཞན་སྣང་དབང་འདུས་སྨོན་ལམ་གྱི། །མཐུ་དང་འབྲས་བུ་ཚེ་འདི་ཉིད་ལ་སྨིན་ཅིང་བདག་གཞན་དོན་འགྲུབ་ཤོག །ཚེ་རབས་ཀུན་ཏུ་འགྲོ་དོན་འགྲུབ་ཅིང་ཕ་རོལ་ཕྱིན་དྲུག་བསྡུ་བ་བཞི། །ཚད་མེད་བཞི་དང་ལས་བཞི་བསླབ་གསུམ་གྲུབ་ཆེན་བརྒྱད་དེ་སྒོ་དྲུག་གིས། །འབད་རྩོལ་མེད་པར་འགྲོ་བའི་དོན་འགྲུབ་སྐྱོ་དུབ་མེད་ཅིང་སྲོག་མི་བལྟ། །བདག་ལ་དུས་གསུམ་དད་དང་སྐུར་འདེབས་ཐམས་ཅད་ཕན་བདེ་སངས་རྒྱས་ཤོག །བདག་གྲོགས་ཚངས་སྤྱོད་སངས་རྒྱས་ཡོན་ཏན་ཚེ་འདི་ཉིད་ལ་རབ་རྫོགས་ནས། །བླ་མེད་བྱང་ཆུབ་ལ་རེག་བདག་གི་ཚེ་རབས་ལ་བརྟེན་དམ་པ་རྣམས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སྐུ་ཚེ་ཞིང་ཁམས་མཛད་པ་དང༌། །རྣམ་འཕྲུལ་ཡེ་ཤེས་མཁའ་མཉམ་འཕེལ་ནས་ཐུགས་ཀྱི་དགོངས་པ་རབ་རྫོགས་ཤོག །དུས་གསུམ་སེམས་ཅན་བདེ་ལྡན་ལམ་ཞུགས་འཇུག་པ་སྐྱོན་དང་བྲལ་གྱུར་ཅིག །བདག་གི་སྒོ་གསུམ་དམ་པའི་ཡོན་ཏན་ད་ལྟ་ཉིད་དུ་རྫོགས་པ་དང༌། །བ་སྤུའི་ཁུང་ནས་སངས་རྒྱས་སྤྲུལ་པས་མཁའ་མཉམ་སེམས་ཅན་ལ་རེ་རེ། །སྣང་མ་ཐག་ཏུ་དད་མོས་དྭང་བས་བདག་གི་དབང་དུ་འགྱུར་བར་ཤོག །དུས་གསུམ་དག་ཏུ་བདག་ཅག་མཐོང་ཐོས་དྲན་རེག་སྐད་ཅིག་མ་རེ་ལ། །འཁོར་འདས་རྒྱུད་ལ་ཟག་མེད་བདེ་ཆེན་གྱིས་ཚིམ་ཉེས་བྲལ་ཡོན་ཏན་རྫོགས། །དམ་པ་བདག་དང་ཐུགས་ཡིད་འདྲེས་ཤིང་ཡིད་ཆེས་རྒྱུན་ཆད་མེད་པ་དང༌། །མདོར་ན་དམ་པའི་ཕྲིན་ལས་བདག་གིས་རྩོལ་མེད་དུ་འགྲུབ་འགྲོ་འདུལ་ཤོག །བྱང་ཆུབ་སྤྱོད་པས་སེམས་ཅན་སྒོ་གསུམ་བདེ་གཤེགས་ཉིད་དུ་ངོ་འཕྲོད་ཅིང༌། །དགོས་མེད་ཞེན་ལོག་འཁྲི་བ་རྩད་ཆོད་བཟློག་སྒོམ་གནད་ཚུད་གཉེན་པོར་དབང༌། །འདོད་ཡོན་བྱ་བ་འཁོར་བ་གཞན་སྤྱོད་དག་ལ་བདག་བློ་མི་འཇུག་ཅིང༌། །ཆོས་བརྒྱད་མགོ་སྙོམས་རོ་སྙོམས་གདེང་ཚུད་རྐྱེན་ངན་གྲོགས་སུ་འཆར་བར་ཤོག །རྣམ་རྟོག་ཕྲིན་ལས་སུ་འཆར་རེ་དོགས་གཡང་ཆོད་དགག་སྒྲུབ་སྤང་བླང་བྲལ། །རྐྱེན་སྣང་ཆོས་ཉིད་ཞིང་ཁམས་དག་སྣང་ཕྱོགས་མེད་འཆར་ཞིང་རྟོགས་པ་དང༌། །སྣང་བ་བླ་མ་ཡི་དམ་ཆོས་སྐུ་སྐུ་གསུམ་བདེ་བ་སྒྱུ་མ་དང༌། །རྟེན་འབྲེལ་ནོར་བུ་འཆར་ཞིང་བཟང་ངན་འབྲིང་གསུམ་སྤྱི་བོར་འཁུར་བར་ཤོག །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་བདག་གཞན་མཉམ་ཉིད་དུ་རྟོགས་ཤིང༌། །བདག་གཞན་བདེ་སྡུག་སྤྲོ་བ་དང་བཅས་བརྗེ་ནུས་ཀུན་ལ་སྨིན་ཁྱབ་ཅིང༌། །སྡུག་བསྔལ་རང་བཞིན་ཟག་མེད་བདེར་འཆར་སྟོང་ཉིད་དོན་ལ་རོ་སྙོམས་ནས། །སྐྱོན་དག་ཡོན་ཏན་རྟོགས་པ་ཏིང་འཛིན་ཉམས་མྱོང་རྒྱུན་ཆད་མེད་སྐྱོང་ཤོག །ཚེ་འདིར་མཆོག་ཐོབ་བྱང་ཆུབ་སེམས་འབྱོངས་རང་འདོད་སྐད་ཅིག་མི་འབྱུང་ཞིང༌། །གཞན་དོན་ཆེད་དུ་གྲུབ་ཆེན་བརྒྱད་ཐོབ་ནད་གདོན་རྐྱེན་ངན་ཞི་བ་དང༌། །ཚེ་དང་བསོད་ནམས་ལོངས་སྤྱོད་ཕུན་ཚོགས་འཁོར་རྒྱས་ཁམས་གསུམ་དབང་འདུས་ཤིང༌། །ཞིང་བཅུ་ཚང་བའི་གདུག་པ་ཅན་རྣམས་དྲག་པོས་ཚར་གཅོད་བྱེད་པར་ཤོག །བདག་གི་སྒོ་གསུམ་གཞན་དོན་འབའ་ཞིག་ལ་སྤྱོད་བདག་འཛིན་བློས་ཐོང་ཞིང༌། །རྣམ་རྟོག་ཉོན་མོངས་ལྷ་འདྲེ་སྡུག་བསྔལ་ན་ཚ་འཆི་བ་ལམ་སློང་ནས། །སྡུག་བསྔལ་དང་ལེན་སྐྱིད་འདོད་སྤངས་ཤིང་ལྷ་འདྲེ་དབང་འདུས་བར་ཆད་ཞི། །སེམས་སྣང་གཟུང་འཛིན་ལས་དང་བྱ་བ་ཡེ་ཤེས་ཀུན་ལ་དབང་ཐོབ་ཤོག །བདག་འཆིའི་དུས་སུ་གཤིས་ངན་གནད་གཅོད་སྡུག་བསྔལ་རྣམ་རྟོག་མི་འབྱུང་ཞིང༌། །དྲན་ཤེས་ལྡན་པས་དགའ་སྤྲོ་དང་བཅས་འཆི་བའི་འོག་རོལ་དག་ཏུ་ཡང༌། །ཤ་རུས་ཁྲག་ཁུ་སྤུ་པགས་སེན་མོ་ལུས་ཀྱི་ཆ་ཤས་རྡུལ་རེས་ཀྱང༌། །འགྲོ་བའི་དོན་འགྲུབ་གཞན་ལ་ཕན་པའི་འབྲས་བུ་ཉིད་དུ་རྫོགས་པར་ཤོག །བར་དོ་དང་པོ་ཆོས་སྐུ་ངོ་འཕྲོད་མ་ཟིན་གཉིས་པ་ལོངས་སྐུར་དག །མངལ་སྒོ་མ་ཁེགས་བསམ་བཞིན་སྐྱེ་བླངས་མངོན་ཤེས་ལྷ་མིག་སྔོན་གནས་དྲན། །ལམ་ལྷག་རྩལ་འབྱོངས་སྤྱན་ལྔ་ལྡན་ཞིང་རྫུ་འཕྲུལ་ཡེ་ཤེས་མཆོག་འགྲུབ་ཅིང༌། །གཞན་དོན་རླབས་ཆེན་མ་རིག་འཁྲུལ་འཁོར་མ་སྟོང་བར་དུ་བྱེད་པར་ཤོག །དགེ་བའི་རྩ་འདིས་བདག་གཞན་སེམས་ཅན་ཐེག་པ་ཆེན་པོའི་སྒོར་འཇུག་ཅིང༌། །དབང་ཐོབ་དམ་ལྡན་བསྐྱེད་རིམ་བརྟན་ཐོབ་གཏུམ་མོ་ལ་སོགས་ལམ་བརྒྱད་འབྱོངས། །ཕྲིན་ལས་བཞི་ཡི་ཏིང་འཛིན་འགྲུབ་ཅིང་མཁའ་འགྲོ་དབང་འདུས་མཆོག་ཐུན་འགྲུབ། །ཚེ་འདི་ཉིད་ལ་དགེ་རྩའི་འབྲས་བུ་སྨོན་ལམ་ཐམས་ཅད་རྫོགས་པར་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་ལ་སེམས་ཅན་བསོད་ནམས་བདེ་སྐྱིད་འཕེལ། །བསྟན་པ་མི་ཉམས་གནོད་པ་དང་བྲལ་བསླབ་པ་དག་ལ་ནན་ཏན་སྤྱོད། །དགེ་འདུན་ཚོགས་འཕེལ་མཐུན་པ་དང་བཅས་རྙེད་དང་བཀུར་སྟི་འཕེལ་བ་དང༌། །རྒྱལ་བསྟན་དེ་འཛིན་སྐྱེས་བུའི་སྐྱོན་བྲལ་ཡོན་ཏན་ཡུན་རིང་གནས་པར་ཤོག །བསྐལ་པ་གྲངས་མེད་སེམས་ཅན་ཐམས་ཅད་སྲིད་མཐའི་བར་དུ་འགྲོ་དོན་སྤྱོད། །ཕ་རོལ་ཕྱིན་དྲུག་བྱང་ཆུབ་སྤྱོད་པ་རླབས་ཆེན་ཟད་མེད་སྤྱོད་པ་དང༌། །འཁོར་གྱི་གདུལ་བྱ་ཚེ་དང་ཞིང་ཁམས་གོ་ཆ་དགེ་རྩ་སྨོན་ལམ་མཐའ། །ཚད་བཟུང་མེད་ཅིང་མཁའ་དབྱིངས་ཤེས་བྱའི་དཀྱིལ་འཁོར་དག་དང་མཉམ་པར་ཤོག །མདོར་ན་རྩ་བ་བརྒྱུད་པའི་བླ་མ་ཡི་དམ་ཌཱཀྐི་ཆོས་སྲུང་དང༌། །ཆོས་མཛད་གྲུབ་ཐོབ་དུས་གསུམ་རྒྱལ་བ་སྲས་བཅས་མ་ལུས་ཐམས་ཅད་དང༌། །ད་ལྟ་ཉིད་དུ་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སྐུ་ཚེ་ཞིང༌། །མཛད་པ་རྣམ་ཐར་ནུས་མཐུ་རྟོགས་པའི་ཡེ་ཤེས་འགྲོ་དོན་མཉམ་གྱུར་ཅིག །
ཅེས་ཆོས་རྗེས་མཛད་པའི་དགེ་སྦྱོར་བདུན་པའི་སྨོན་ལམ་གྱི་དོན་བསྡུས་ནས། ཕྲེང་བ་འཛིན་པའི་ཚིགས་བཅད་དུ་བསྡེབས་པ་འདི། ཨ་ལྕེ་དྲུང་པས་སྨོན་ལམ་དགོས་ཞེས་བསྐུལ་བའི་ངོར། རྒྱའི་རུས་ཅན་ཤཱཀྱའི་དགེ་སྦྱོང་ངག་གི་དབང་པོ་རྣམ་པར་རྒྱལ་བས་སྤུངས་ཐང་བདེ་ཆེན་ཕོ་བྲང་དུ་སྦྱར་བ་འདིས་ཀྱང་བསྟན་པ་ཡུན་རིང་དུ་གནས་པའི་ཆ་རྐྱེན་དུ་གྱུར་ཅིག།
0 Comments
ཐུགས་འཆར་བཀོད་གནང་།