གསར་པ།

6/recent/ticker-posts

ཚེ་རིང་མཆེད་ལྔའི་ངོ་སྤྲོད་བཞུགས་སོ། །


 དགོས་འདོད་བདུད་རྩི་ཡིད་བཞིན་འཛག་པའི་ཟླ། །བཅུ་དྲུག་ཡིད་འོང་ཆ་ཤས་རྫོགས་པའི་སྐུ། །

གདོང་ལྔའི་སྟེང་ན་རྡོ་རྗེ་ཚེ་བུམ་བསྣམས། །ཚེ་དཔལ་ཀུན་སྩོལ་མ་ལ་ཕྱག་འཚལ་བསྟོད། །


ཕྱོགས་བཞིར་མཆེད་འཁོར་མཐིང་གི་ཞལ་བཟང་མ། །མི་གཡོ་གླང་བཟང་ཅོད་པན་མགྲིན་བཟང་མ། །

གཏལ་དཀར་འགྲོ་བཟང་མ་བཅས་མཆེད་ལྔ་པོས། །ལས་བཞི་སྣ་ཚོགས་སྒྲུབ་ལ་ཕྱག་འཚལ་བསྟོད། །


ཚེ་རིང་མཆེད་ལྔ་ནི། ངོ་བོ་རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་བཅོམ་ལྡན་རྡོ་རྗེ་བཙུན་མོའམ་རྡོ་རྗེ་ཕག་མོ། ཞིང་སྐྱོང་དམ་ཚིག་ཡེ་ཤེས་མཁའ་འགྲོ་ཀུན་གྱི་གཙོ་མོ་ཡིན་ཀྱང་། ཚུར་མཐོང་བྱིས་པའི་ངོ་དང་བསྟུན་ཡབ་ལྷོ་ལྷ་འཐེང་བོ་དང་། ཡུམ་འབྲང་ཡུལ་སྨན་གཅིག་མ་གཉིས་ཀྱི་སྲས་མོ་རྣམས་ཡིན། རི་བོ་ཇོ་མོ་གླང་མ་དབུས་དང་བཅས་པའི་ཕྱོགས་བཞིར་བཞུགས་གནས་གཙོ་བོར་བཟུང་ཡོད་པའི་ལྷ་མོ་རྣམས། སྔོན་ཚེ་དུར་ཁྲོད་སིང་ཧ་ལར། །གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱི། །ཞེས་སོགས་གསུངས་པ་བཞིན། སྔོན་རྒྱ་གར་གྱི་སློབ་དཔོན་ཕྱོགས་ཀྱི་གོ་ཆ་ཞེས་བྱ་བ་དང་། གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱིས་དུར་ཁྲོད་སིང་ཧ་ལར་དམ་ལ་བཞག་ཅིང་། དུས་ཕྱིས་ཨྱོན་པདྨ་འབྱུང་གནས་ཀྱིས་དྲག་འདུལ་མཛད་དེ་བཀའ་སྡོད་ཀྱི་སྲུང་མར་བསྐོས། དེའི་རྗེས་སུ་རྗེ་བཙུན་མི་ལ་རས་པས་སྨན་ལུང་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་དུ་སྐྱབས་འགྲོའི་སྡོམ་པ་གནང་། དབང་བསྐུར་ཕྱག་རྒྱར་བཞེས་ཏེ་བྱང་ཆུབ་ཀྱི་ལམ་ལ་བཀོད་པ་ཡིན་ཏེ། རྗེ་མི་ལའི་མགུར་ལས། སྤྱིར་ཆོས་མཛད་ཡོངས་ཀྱི་སྡོང་གྲོགས་མཛོད། །སྒོས་རྣལ་འབྱོར་ང་ཡི་བཀའ་སྲུང་ཡིན། །ཁྱོད་བུ་སློབ་རྣམས་ལ་འགོ་སྟེ་མཆི། །མི་ང་དང་ལྷ་གཉིས་འབྲེལ་བ་ཟབ། །ཅེས་སོགས་གསུངས་པའི་ལུང་དོན་ལྟར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་མི་ལ་རས་པའི་རིགས་རྒྱུད་དུ་གཏོགས་པ་རྣམས་སྲུང་བའི་ཁས་བླངས་མཛད་པའི། 


༡༽ དབུས་ཀྱི་གཙོ་མོ་བཀྲིས་ཚེ་རིང་མ་ནི། སྐུ་མདོག་དཀར་མོ། མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་དང་རིན་ཆེན་དུ་མས་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་བ། གཡོན་འཆི་མེད་ཚེའི་བུམ་པ་འཛིན་པ། ཆིབས་སུ་སེངྒེ་དཀར་མོ་ལ་ཆིབས་པ། འཁོར་དུ་དཀར་མོའི་མཁའ་འགྲོ་འབུམ་གྱིས་བསྐོར་བ། སྤྱིར་ལས་ཅན་གྱི་སྐྱེ་འགྲོ་ཡོངས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་གནང་ཞིང་། ལྷག་པར་ཕ་རོལ་དགྲ་བགེགས་ཀྱི་བདུད་དཔུང་འཇོམས་པ་དང་། འཆི་མེད་ཚེའི་དངོས་གྲུབ་དང་སྲིད་སྲུང་དང་རིགས་བརྒྱུད་འཕེལ་བར་མཛད་པ་ཡིན།

༢༽ ཤར་དུ་ལྷ་མོ་མཐིང་གི་ཞལ་བཟང་མ་ནི། མཚན་གཞན་རྡོ་རྗེ་ཁྲོས་མ། སྐུ་མདོག་སྔོན་མོ། ཆིབས་སུ་རྐྱང་བུ་ཁ་དཀར་ལ་ཆིབས་པ། ཕྱག་གཡས་པ་དངུལ་དཀར་འཕྲུལ་གྱི་མེ་ལོང་དང་། གཡོན་པར་ལྷའི་བ་དན་འཛིན་པ། སྐུ་ལ་དར་དཀར་ན་བཟའ་གསོལ་བ། འཁོར་དུ་སྔོན་མོའི་མཁའ་འགྲོ་འབུམ་གྱིས་བསྐོར་བ། སྤྱིར་སྐྱེ་འགྲོ་ཡོངས་ལ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་ཞིང་། ཁྱད་པར་སྣང་གསལ་བདེན་པར་མཐོང་བའི་འཕྲུལ་གྱི་མངོན་ཤེས་དང་། འཁོར་འབངས་འཕེལ་བ་སོགས་ཅི་བསམ་པའི་དགོས་འདོད་ཐམས་ཅད་མྱུར་མགྱོགས་སུ་འགྲུབ་པའི་དངོས་གྲུབ་གནང་བ་ཡིན།


༣༽ ལྷོར་མི་གཡོ་གླང་བཟང་མོ་ནི། གསང་མཚན་རྡོ་རྗེ་བཞད་པ་མོ། སྐུ་མདོག་སེར་མོ་ཆིབས་སུ་སྟག་མོ་དྲུས་མོ་ལ་ཆིབས་པ། སྐུ་ལ་ན་བཟའ་དར་སེར་གྱིས་བཀླུབས་པ།  ཕྱག་གཡས་སྟེར་བའི་ཚུལ་དང་། གཡོན་ལྷའི་ཟས་ཀྱི་གཞོང་པ་འཛིན་པ། འཁོར་དུ་སེར་མོའི་མཁའ་འགྲོ་འབུམ་གྱིས་བསྐོར་བ། སྤྱིར་སྐྱེ་འགྲོ་ཡོངས་ལ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་ཞིང་། ཁྱད་པར་རྨ་གཡང་རོ་མཆོག་བརྒྱ་དང་ལྡན་པའི་ཟས་དང་ལོངས་སྤྱོད་སོགས་འཕེལ་བའི་དངོས་གྲུབ་སྣ་ཚོགས་གནང་བ་ཡིན།

༤༽ ནུབ་ཏུ་ཅོད་པན་མགྲིན་བཟང་མ་ནི། སྐུ་མདོག་དམར་མོ། ཆིབས་སུ་ཤ་བ་ཡུ་མོ་ལ་ཆིབས་པ། ཕྱག་གཡས་རིན་པོ་ཆེའི་སྒྲོམ་བུ་དང་། གཡོན་ནོར་བུ་འཛིན་པ། སྐུ་ལ་དར་སྲབ་དམར་པོས་བརྒྱན་པ། འཁོར་དུ་མཁའ་འགྲོ་དམར་མོ་འབུམ་གྱིས་བསྐོར་བ། སྤྱིར་སྐྱེ་འགྲོ་ཡོངས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་གནང་བ། ལྷག་པར་བང་མཛོད་ཀྱི་འབྲུ་དང་ནོར་འཕེལ་བ་དང་སྣང་སྲིད་དབང་དུ་སྡུད་པའི་དངོས་གྲུབ་སྩོལ་བ་ཡིན།
༥༽ བྱང་དུ་ལྷ་མོ་གཏལ་དཀར་འགྲོ་བཟང་མ་ནི། གསང་མཚན་རྡོ་རྗེ་གར་མཁན། སྐུ་མདོག་ལྗང་ཁུ་རིན་ཆེན་མར་གད་ཀྱི་མདོག ཆིབས་སུ་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། ཕྱག་གཡས་རྩ་མཆོག་དཱུར་བའི་ཆུན་པོ་དང་། གཡོན་སྦྲུལ་གྱི་ཞགས་པ་འཛིན་པ། སྐུ་ལ་ན་བཟའ་གཡུའི་མདོག་ཅན་གྱི་མཛེས་པ། འཁོར་དུ་ལྗང་མོའི་མཁའ་འགྲོ་འབུམ་གྱིས་བསྐོར་བ། སྤྱིར་སྐྱེ་འགྲོ་ཡོངས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་གནང་བ། ཁྱད་པར་རྐང་བཞི་ནོར་ཕྱུགས་འཕེལ་བ་སོགས་དངོས་གྲུབ་སྣ་ཚོགས་གནང་བ་ཡིན།

ལྷ་མོ་དེ་དག་ཐམས་ཅད་ཀྱང་། གཟུགས་མཛེས་ཤིང་ལྟ་ན་སྡུག་པ། ལྷའི་བུ་མོ་ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། དབུ་སྐྲ་མཐོན་མཐིང་ལྷས་མ་རྒྱབ་ཏུ་འཕྱང་བ། ཅུང་ཟད་བཅིངས་པའི་ཟུར་ཕུད་ཡིད་བཞིན་གྱི་ནོར་བུས་བརྒྱན་པ། སྙན་གོང་གསེར་དང་མེ་ཏོག་ཨུཏྤལའི་འཕྲེང་བ། རྣ་དག་ཏུ་དར་གྱི་ཅོད་པན་གཡོ་བ། ནོར་བུའི་རྣ་ཆ། གདུབ་ཀོར་དང་། མགུལ་རྒྱན། དཔུང་རྒྱན། ཕྱག་ཞབས་གསེར་གྱི་གདུ་བུས་སྤྲས་ཤིང་། མུ་ཏིག་གི་དོ་ཤལ། རིན་པོ་ཆེའི་སྐེ་རགས། དར་དཀར་པོ་ཡིད་དུ་འོང་བའི་སྟོད་གཡོགས། ཀཙ་ལིནྡིའི་སྨད་གཡོགས་འཆང་བ། མཚར་སྡུག་འོད་དུ་ཆགས་པ། འཁོར་ལྷ་མ་སྲིན་རྒྱ་མཚོ་ལྟ་བུས་དབུས་ན་བཞུགས་པ། མཐོང་བས་ཡིད་དབང་རང་མེད་དུ་ཤོར་བའི་ལྷ་མོ་དེ་དག་ཐམས་ཅད་ཀྱིས་སྐལ་ལྡན་ལས་འཕྲོ་ཅན། རྣམ་དཀར་ཆོས་ལ་དད་སེམས་ཆེ་བ་རྣམས་ལ་གསང་ཆེན་ལམ་གྱི་ཉམས་རྟོགས་འཕེལ་བའི་གྲོགས་མཛད་དེ། མཐར་ཐུག་རྡོ་རྗེ་འཆང་དབང་ཐོབ་པའི་བྱིན་གྱིས་རླབས་པ་ཡིན་པས། དེ་ལྟར་ཕྱི་ནང་གསང་བ་ཡང་གསང་རྣམས་སུ་རྣམ་པར་རོལ་བའི་ཡེ་ཤེས་ཌཀྐིའི་གཙོ་མོ་རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་ཚེ་རིང་མཆེད་ལྔའི་ལྷ་མོ་རྣམས་ལ་ཐེ་ཚོམ་དང་བྲལ་བའི་མི་ཕྱེད་དད་པའི་ཡིད་ཀྱིས་ཐ་ན་དེ་དག་གི་སྐུའི་སྣང་བརྙན་མཇལ་བ་དང་སེམས་ལ་དྲན་ཏེ་གསོལ་བ་འདེབས་པ་ཙམ་གྱིས་ཀྱང་། འདི་ཕྱི་ཀུན་གྱི་དགོས་འདོད་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་བྱུང་བས། རང་ཅག་སྐྱེ་འགྲོ་ཡོངས་ཀྱིས་སྙིང་ནས་ལྷ་མོ་དེ་དག་རྣམས་ལ་གསོལ་བ་དང་སྐྱབས་འཇུག་ཞུ་བར་བྱ་ཞེས་གསོལ་བ་འདེབས་པ་ལགས་སོ།།  དགེའོ།།    །།

Post a Comment

1 Comments

  1. ་ཆིབས་སེངྒེ་སོགས་ཡོད་དགོ་པའི་སྐོར་གསུངས་གནང་ལགས

    ReplyDelete

ཐུགས་འཆར་བཀོད་གནང་།