གསར་པ།

6/recent/ticker-posts

རྩ་གསུམ་དམ་ཅན་རྒྱ་མཚོའི་གསོལ་བསྡུས་འཕྲིན་མྱུར་གློག་འཕྲེང་ཞེས་བྱ་བ་བཞུགས་སོ།།

༄༅། །རྩ་གསུམ་སྤྱི་གཟུགས་བླ་མ་ལ། །གུས་པས་ཕྱག་འཚལ་གསོལ་བཏབ་ནས། །དམ་ཅན་རྒྱ་མཚོ་མཆོད་པའི་ཐབས། །ཆོ་ག་ཉུང་བསྡུས་བྲི་བར་བྱ། །འདིར་རྩ་གསུམ་དམ་ཅན་རྒྱ་མཚོར་གསོལ་མཆོད་བྱ་བར་འདོད་པས། གསེར་སྐྱེམས་དང་མཆོད་གཏོར་སོགས་གང་འབྱོར་བཤམས་ལ། ཨོཾ་གྱིས་མ་དག་ཉེས་སྐྱོན་དྲི་མ་སྦྱངས། །ཨཱཿཡིས་མི་ཟད་ནམ་མཁའི་མཛོད་དུ་སྤེལ། །ཧཱུཾ་གིས་ཁ་དོག་དྲི་རོ་ནུས་བཅུད་ལྡན། །ཟག་མེད་འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུཾ། ཞེས་ལན་གསུམ། སྤྱན་འདྲེན་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་རྩ་གསུམ་དམ་ཅན་རྒྱ་མཚོ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས་པར་བསམ་ལ། དེ་ནས་རེ་རེ་བཞིན་གསེར་སྐྱེམས་འབུལ་ཞིང་འཕྲིན་ལས་བཅོལ་བ་ནི། ཀྱཻ༑ བླ་མ་ཡི་དམ་ཡེ་ཤེས་མཁའ་འགྲོ་མ། །ཁྲག་འཐུང་རྒྱལ་པོ་རྣམ་ཐར་གསུམ་གྱི་ཡུམ། །བདེ་ཆེན་གཅིག་ཏུ་འཆར་བའི་ལྷ་ཚོགས་ལ། །གསོལ་མཆོད་(གསེར་སྐྱེམས་སོགས་གང་དགོས་ཚིག་ཁ་བསྒྱུར)འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །མཧཱ་ཀ་ལ་ལྕམ་དྲལ་ཐམས་ཅད་དང་། །རེ་ཏི་མཆེད་བཞི་སྒོ་མཚམས་ལྷ་མོ་བརྒྱད། །ཆོས་ཀྱི་དབྱིངས་ལས་འཆར་བའི་ཁྲག་འཐུང་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །འཇིགས་བྱེད་ཆེན་པོ་བརྒྱད་དང་ཉི་ཤུ་བཞི། །སྒོ་བཞི་ཞིང་སྐྱོང་མ་མོ་མཁའ་འགྲོའི་ཚོགས། །རྩ་རླུང་ཁམས་ལས་འཆར་བའི་ལྷ་ཚོགས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །བཀའ་སྡོད་སྡེ་བརྒྱད་ཕྱོགས་སྐྱོང་རྒྱལ་པོ་བཞི། །བཙུན་མོ་ནང་མི་གཉེན་དང་དམག་གི་ཚོགས། །འཇིག་རྟེན་ལས་ལས་གྲུབ་པའི་དྲེགས་པ་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །དཔལ་ལྡན་ལས་ཀྱི་མགོན་པོ་བྱ་རོག་གདོང་། །འཁོར་དུ་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་དང་བཅས་པ་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །འཇིགས་གཟུགས་ཁྲག་འཐུང་ལྷ་མོ་དུད་སོལ་མ། །གཅེར་བུ་རལ་ཅན་མཁའ་འགྲོ་གདོང་ཅན་བརྒྱད། །ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །མ་གཟའ་རྡོར་གསུམ་བསྟེན་མཁན་ཡིན་ན། གསང་ཆེན་སྔགས་ཀྱི་བདག་མོ་ཨེ་ཀ་ཛཱ། །དགེ་བསྙེན་གཟའ་བདུད་ཆེན་པོ་རཱ་ཧུ་ལ། །དམ་ཅན་རྡོ་རྗེ་ལེགས་པ་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །འདོད་དགུའི་ཆར་འབེབས་བསམ་འཕེལ་ནོར་བུའི་དབང་། །རེ་བ་ཐམས་ཅད་སྟེར་བའི་དཔག་བསམ་ཤིང་། །རྒྱལ་ཆེན་རྣམ་ཐོས་སྲས་པོ་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །གྲུབ་པའི་དབུས་ན་མཆོག་གི་རྩེ་དགའ་ལ། །རྟག་པར་རོལ་མཛད་བཞད་པ་རྡོ་རྗེའི་ཡུམ། །བཀྲ་ཤིས་ཚེ་རིང་མཆེད་ལྔ་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །རྡོ་རྗེ་བཙུན་མོའི་སྙིང་རྗེ་པདྨི་སྦུབས། །བརྡོལ་དེར་བཅུ་དྲུག་ལང་ཚོ་རྫོགས་པའི་སྐུ། །གནས་གསུམ་མཁའ་འགྲོའི་གཙོ་མོ་གཡུ་སྒྲོན་མར། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །ལྷོ་ཕྱོགས་ཙཱ་རི་ཏྲ་དང་ས་འོག་དགུའི། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་དེར། །ལས་གཤིན་ཅིག་ཅར་དམར་པོ་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །གསང་བདག་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང་། །གཟའ་བདུད་ཡབ་ཡུམ་འཁོར་དང་བཅས་པ་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །སྲིད་གསུམ་འཇིག་རྟེན་ཕུང་བྱེད་རཱ་ཧུ་ལ། །ལྷག་པར་ཁྲོས་ཤིང་རྔམ་པའི་མཐུ་རྩལ་ཅན། །ནག་པོ་ཏི་པ་རཱ་ཙ་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །སྲིད་གསུམ་ལྷ་ཡི་གིང་ཆེན་པེ་ཧ་ར། །རྒྱལ་པོ་སྐུ་ལྔ་ཡུམ་བློན་སྤྲུལ་པ་ལྔ། །ལས་མཁན་ཙེའུ་དམར་པོ་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །འཛམ་གླིང་བྱང་ཕྱོགས་དབུས་གཙང་ར་ལུང་གི། །གདན་ས་སྐྱོང་བའི་སྲུང་མ་ཐམས་ཅད་དང་། །གནམ་འབྲུག་ཕུ་མདའི་གཞི་བདག་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །རིག་འཛིན་བླ་མའི་བཀའ་ཉན་དམ་ཚིག་ཅན། །རྟ་མཆོག་ཐུགས་སྤྲུལ་ཆེན་པོ་གཤན་པ་དམར། །བཙན་རྒོད་ཇག་པ་མེ་ལེན་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །དམར་ནག་རྦ་ཀློང་འཁྲུགས་པའི་གཞལ་ཡས་ནས། །རྒྱལ་བའི་བསྟན་པ་སྲུང་ལ་མཐུ་རྩལ་ཅན། །དམ་ཅན་སྒོ་བདུད་ནག་པོ་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །སངས་རྒྱས་གཉིས་པ་པདྨཀཱ་ར་ཡིས། །བྱིན་གྱིས་བརླབས་པའི་སྒྲུབ་གནས་ཐམས་ཅད་དུ། །ཟབ་གཏེར་བསྟན་པའི་སྲུང་མ་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །བདུད་འཇོམས་རྡོ་རྗེའི་བཀའ་ཁྲིམས་ལུགས་གཉིས་ཀྱིས། །བསྐྱངས་པའི་སྨན་ལྗོངས་དབྱར་རྔའི་རྒྱལ་ཁམས་འདིའི། །ཆོས་འཁོར་སྐྱོང་བའི་སྲུང་མ་ཐམས་ཅད་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །བསིལ་ལྡན་བྱང་ཕྱོགས་ཆོས་ཀྱི་ཞིང་ཁམས་སུ། །ལམ་གོལ་མུ་སྟེགས་འཇུག་ལ་འགོག་མཛད་ཅིང་། །དཀར་པོ་སྐྱོང་བའི་བསྟན་མ་བཅུ་གཉིས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །གཞན་ཡང་འཇིག་རྟེན་ཁམས་འདིར་གནས་པ་ཡི། །ཕྱི་ནང་གསང་བའི་སྡེ་བརྒྱད་ལྷ་མ་སྲིན། །སྣང་སྲིད་མགྲོན་དུ་གྱུར་པ་ཐམས་ཅད་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །སྔོན་ནས་ཕ་མེས་རིགས་ཀྱིས་བསྟེན་པ་ཡི། །སྐྱེ་ལྷ་ཡུལ་ལྷ་འགོ་བའི་དགྲ་ལྷ་སོགས། །དམ་ཚིག་ཅན་གྱི་སྲུང་མ་ཐམས་ཅད་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །ཁྱད་པར་ས་ཕྱོགས་ཡུལ་ཁམས་འདི་ཉིད་ཀྱི། །ས་རྡོ་རི་བྲག་ཀུན་ལ་གནས་པ་ཡི། །གཉུག་མར་གནས་པའི་གཞི་བདག་འཁོར་བཅས་ལ། །གསོལ་མཆོད་འབུལ་ལོ་བཅོལ་བའི་འཕྲིན་ལས་མཛོད། །ཅེས་དང་། ཀྱེ༑ ད་ནི་འདོད་པའི་དོན་གསོལ་བ། །དེང་ནས་བདག་གིས་ཁ་འཛིན་མཛོད། །མཐོ་བའི་ས་ནས་བྱ་ར་མཛོད། །དམའ་བའི་ས་ནས་མེལ་ཚེ་མཛོད། །མུན་པའི་ནང་དུ་སྒྲོན་མེ་སྤོར། །དགྲ་དཔུང་ཤིགས་ལ་བདུད་དཔུང་ཆོམས། བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །ཅེས་དང། སྤྲོ་ན། སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོངས་རྣལ་འབྱོར་ཚེ་སྲོག་སྲིངས། །སྙན་པའི་དར་འཕྱར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ཡ་མཚན་ལྟད་མོས་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་མཛོད། །ཟས་སྐོམ་འབྱོར་པ་རོ་ཡིས་ཚིམ་བྱེད་ཅིང་། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་རྒྱས། །ལུས་ལ་རེག་འཇམ་བདེ་བས་ནམ་ཡང་ཁྱབ། །ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། །ཁྱོད་གསོལ་ཁྱོད་བསྟེན་ཁྱོད་བསྒྲུབས་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བ་ཡིས། །གཞི་ལ་བཀྲ་ཤིས་ལོངས་སྤྱོད་ཕུན་སུམ་ཚོགས། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་མ་ལུས་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པ་ཡིས། །བཅོལ་བའི་འཕྲིན་ལས་མ་ལུས་འགྲུབ་པར་མཛོད། །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡི། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་ཅག་བསམ་དོན་མ་ལུས་འགྲུབ་པར་མཛོད། །ཅེས་རྐྱང་པ་འདོན་པར་བྱའོ། །གསེར་སྐྱེམས་རྐྱང་པ་ཡིན་ན་ཕྱི་རོལ་དུ་གཤེགས། མཐར་རྡོ་རྗེ་འགྲོལ་བའི་ཕྱག་རྒྱ་བཅས། བཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར་པར་བསམ་ལ་ཆོས་དབྱིངས་ཀློང་དུ་མཉམ་པར་བཞག་གོ། །དགེ་རྩ་བསྔོ་བ་ནི། དགེ་བ་འདི་ཡི་མྱུར་དུ་བདག །རྩ་གསུམ་ལྷ་ཚོགས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཤིས་བརྗོད་ནི། བསླུ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྔོ་སྨོན་རིགས་གང་ཤེས་འདོན། མི་ཤེས་ན་དེ་ཙམ་གྱིས་ཆོག་གོ། །ཞེས་པ་འདིའང་རང་ཉིད་ངག་འདོན་གྱི་ཆེད་དུ་འཇིགས་གྲགས་པས་གནམ་ལོ་ཆུ་འབྲུག་ཟླ་བཅུ་གཉིས་པའི་ཚེས་གཉིས་ལ་སྤུངས་ཐང་བདེ་ཆེན་ཕོ་བྲང་དུ་བྲིས་པ་དགེའོ།། །། 

Post a Comment

0 Comments