གསར་པ།

6/recent/ticker-posts

གངས་ལས་འབབ་པའི་ཆུ་མོ།།

གངས་ལས་འབབ་པའི་ཆུ་མོ།།

གངས་ལས་འབབ་པའི་ཆུ་མོ།།
ཐང་ཆེན་བདེ་མོར་འཁྱིལ་ན།།
གསེར་མིག་ཉ་མོ་འཁོར་ལ།།
ཐེ་ཚོམ་དགོས་པ་མི་འདུག།

ནགས་ཀྱི་ཙནྡན་ལྗོན་པ།།
ཡལ་ག་ལོ་འདབ་རྒྱས་ན།།
གསུང་སྙན་ཁུ་བྱུག་སྔོན་མོ།།
མ་བོས་མགྲོན་དུ་ལོས་ཡོང་།།

འདམ་སྐྱེས་མེ་ཏོག་པདྨ།།
ཟིལ་མངར་རྩི་བཅུད་ལྡན་ན།།
རྐང་དྲུག་བུང་བ་གཞོན་ནུ།།
མ་བོས་ངང་གིས་འདུས་ཡོང་།།

ཁྱིམ་བདག་ནོར་འདོད་ཅན་མ།།
སྔོན་བསགས་སྦྱིན་འབྲས་ཡོད་ན།།
ཚེ་འདིར་ལོངས་སྤྱོད་སྒྲུབ་ལ།།
དཀའ་བ་སྤྱོད་དགོས་མི་འདུག།

ཆོས་སྒོར་ཞུགས་པའི་གང་ཟག།
བྱས་ཚད་ཆོས་དང་མཐུན་ན།།
རྣམ་མཁྱེན་གླིང་དུ་བགྲོད་ལ།།
སུས་ཀྱང་ཁེགས་ས་མི་འདུག།

Post a Comment

0 Comments