༄༅། །སྒྲུབ་པ་ལ་བསྐུལ་བའི་བསླབ་བྱ་དུས་ཀྱི་རང་སྐྱོན་གསལ་བའི་མེ་ལོང་བཞུགས་སོ།།
ཀྱེ་ཧོ༑ གསང་ཆེན་འོག་མིན་གྱི་ཞིང་ཁམས། །ཁ་བཞི་དབུས་འགྱུར་དུ་འཕོས་པ། །རྡོར་གདན་ལྕགས་རི་ཡི་གནས་སུ། །ལེགས་སྨོན་རྟེན་འབྲེལ་གྱིས་ཚོགས་པ། །སྐལ་ལྡན་གྲུབ་རིགས་ཀྱི་བུང་བ། །བསྐྱེད་རྫོགས་ཟིལ་དངར་ལ་རོལ་ནས། །ཉམས་མྱོང་དགྱེས་གླུ་དང་བཅས་ཏེ། །གྲུབ་པའི་ནམ་འཕང་ལ་ཆས་ཚེ། །སྙན་འཇེབས་དགྱེས་བསྐྱེད་དང་བྲལ་ཡང་། །ཐོས་འཛིན་རྣ་བ་ཡི་དབང་པོ། །ཤ་ཚའི་གྲོས་གླུ་ལ་གསོན་དང་། །རང་དང་ཉེ་བ་རུ་གནས་པ། །ཚེ་དང་གནས་མིང་གིས་བསྐུལ་ནས། །ཉན་མེད་བསླབ་བྱ་ཡི་ཚིག་དོན། །སྤེལ་བའི་ངང་ཚུལ་ལ་ཞུགས་སོ། །མིང་ལ་སློབ་དཔོན་དུ་ཐོགས་ཀྱང་། །ཉམས་མྱོང་སློབ་མ་ལས་ཞན་པས། །བསླབ་བྱ་ཞུ་འོས་དང་བྲལ་ཡང་། །དྲི་མེད་ལྷག་བསམ་གྱི་གངས་རི། །གདམས་པའི་ཉིན་བྱེད་དང་འགྲོགས་པས། །བསླབ་བྱ་བདུད་རྩི་ཡི་རྒྱུན་བཟང་། །ཁྱེད་ཐུགས་དད་བརྩོན་གྱི་བུམ་པར། །བསྐྱིལ་ནས་བྱང་ཆུབ་ཀྱི་བར་དུ། །རྣམ་ཀུན་མཉེས་རོལ་དུ་མཛོད་དང་། །ཐོག་མར་བསླབ་བྱ་ཡི་དགོས་དོན། །རང་སེམས་འདུལ་ཐབས་ཀྱི་སྤང་བླང་། །ཇི་བཞིན་གསལ་བ་ཡི་གསུང་རབ། །མཐོང་ཐོས་དྲན་པ་འདི་གཅེས་སོ། །སྙིང་ནས་བརྩོན་བློ་དང་བྲལ་ན། །གཞན་གྱིས་བཤད་པ་ཡི་བསླབ་བྱ། །བྲག་ཅའི་ལད་མོ་དང་འདྲ་ལ། །རང་གྲོས་རང་འདེབས་འདི་གཅེས་སོ། །བསླབ་སྟོན་གསེར་སྦྱངས་ཀྱི་དྭངས་མ། །རང་རྒྱུད་ལས་ཉོན་གྱིས་འཐུམས་ནས། །ཕན་པའི་འོད་འབྱིན་དང་བྲལ་ལ། །བརྟག་ནས་བླང་བ་འདི་གཅེས་སོ། །མདོ་སྔགས་གཞུང་ལུགས་ལས་བཤད་པའི། །ས་མཁན་མཚན་ལྡན་གྱི་བླ་མ། །བསྟེན་ཚུལ་མར་མི་དང་མཚུངས་པར། །མཉེས་གསུམ་མཐར་ཕྱིན་ཞིག་གཅེས་སོ། །རྙེད་དཀའ་དལ་རྟེན་གྱི་ནོར་བུ། །ཡུན་རིང་སྲིད་པ་ཡི་གནས་སུ། །ངན་སྐྱུགས་དྲི་མ་དང་འགྲོགས་ལ། །དམ་ཆོས་བྱི་དོར་འདི་གཅེས་སོ། །
རླུང་གསེབ་མར་མེ་དང་མཚུངས་པའི། །ད་ལྟ་ཚེ་འདི་ཡི་སྣང་བ། །ནམ་འཇིག་ངེས་མེད་ལ་བསམ་སྟེ། །མི་རྟག་སྒོམ་པ་འདི་གཅེས་སོ། །ཤཱཀྱ་ཐུབ་པ་ཡིས་གསུངས་པའི། །ལས་འབྲས་རྡོག་བརྫིས་སུ་བཏང་ནས། །གང་བདེ་གང་དགའ་ལ་སྤྱོད་པའི། །ལྟ་ངན་སྤོང་བ་འདི་གཅེས་སོ། །ཐར་དཀའ་འཁོར་བ་ཡི་གནས་སུ། །བདེ་བ་མེད་ལུགས་ལ་བསམ་སྟེ། །གཏན་བདེ་ཐར་པ་ཡི་ལམ་ལ། །འཇུག་པའི་ཐབས་ཚུལ་འདི་གཅེས་སོ། །ཕ་ཡུལ་གཉེན་བཤེས་ཀྱི་འཆིང་ཞགས། །སྙིང་མེད་ཤེས་སྟོབས་ཀྱིས་བཀྲོལ་ནས། །དཀར་བརྒྱུད་གོང་མ་ཡི་བསྟི་གནས། །རང་གིས་ཟིན་པ་ཞིག་གཅེས་སོ། །རྒྱལ་བས་བསྔགས་པ་ཡི་དབེན་གནས། །ཞི་བའི་ནགས་ཁྲོད་འདི་བཞག་ནས། །ཡུལ་མ་བཙོན་དོང་དུ་ཞུགས་པའི། །བློ་སྣ་སྤོང་བ་འདི་གཅེས་སོ། །རྣམ་གཡེང་འདུ་འཛི་དང་བྲལ་ཞིང་། །ཚེ་འདིར་བྱང་ཆུབ་ཀྱི་སྒྲུབ་གནས། །རྩོལ་མེད་ལྷུན་གྲུབ་ཀྱི་ཕུག་པ། །བསྟེན་ལ་སྤྲོ་བ་འདི་གཅེས་སོ། །རང་གཞན་བླ་སློབ་ཀྱི་ཚོགས་ཀྱང་། །བཤད་པ་ལག་ལེན་དང་འགལ་ཚེ། །བསམ་མི་ཁྱབ་པ་ཡི་ལས་འབྲས། །སྨིན་ཚུལ་དྲན་པ་འདི་གཅེས་སོ། །འཁོར་ལ་བཟང་ངན་དུ་མེད་ཀྱང་། །འབྱོར་ལྡན་ཡིད་འོང་དང་ཐུག་ཚེ། །འོས་མེད་བསྟོད་བཀུར་དུ་བསམ་ལ། །ཉེ་རིང་སྙོམས་པ་ཞིག་གཅེས་སོ། །སྔོན་བསགས་ལེ་ལན་གྱི་མཐུ་ལས། །ཕན་པའི་བསླབ་སྟོན་སོགས་བཤད་ཀྱང་། །བསྒོ་བ་རྣར་གཟན་དུ་གྱུར་དུས། །རང་རྒྱུད་འདུལ་བ་འདི་གཅེས་སོ། །གསང་སྔགས་ཟབ་མོ་ཡི་འཁོར་ཡང་། །ངན་སྤྱོད་དྲང་པོ་རུ་སྨྲ་ཚེ། །དུག་ལྔ་མེ་ལྟར་དུ་འབར་ལ། །བཏང་སྙོམས་བཞག་པ་འདི་གཅེས་སོ། །ངོར་བསྟོད་མཁོ་དགུ་རེ་བྱིན་ན། །བླ་མ་བཟང་པོ་རུ་རྩིས་ཀྱང་། །ཅུང་ཟད་བསམ་སྤྱོད་དང་འགལ་ཚེ། །འཕྱ་སྨོད་སྤོང་ཐབས་འདི་གཅེས་སོ། །དད་གུས་རྩྭ་རྩེ་ལས་ཕྲ་ཡང་། །ལོག་ལྟ་རི་རབ་ལས་ཆེ་བས། །བཀུར་བསྟི་བླ་མ་ལས་རེ་བའི། །འཁོར་ངན་སྤོང་ཐབས་འདི་གཅེས་སོ། །འགའ་ཞིག་བླ་སློབ་ཀྱི་སྤྱན་སྔར། །ཞི་དུལ་བཙུན་པ་རུ་འདུག་ཀྱང་། །བྲལ་དུས་སྨྱོན་པ་དང་མཚུངས་པའི། །སྤྱོད་ངན་སྤོང་བ་འདི་གཅེས་སོ། །སྐྱེ་བ་ཐོག་མེད་ནས་འབྲེལ་བའི། །དད་ལྡན་འཁོར་སློབ་ཀྱི་ཚོགས་རྣམས། །གང་ཕན་གདམས་ངག་གི་སྒོ་ནས། །རྗེས་སུ་བཟུང་བ་འདི་གཅེས་སོ། །མནོ་མེད་ཕྱུགས་མཚུངས་ཀྱི་ཁྲོད་དུ། །ཕན་མེད་སློབ་དཔོན་གྱི་ཁྲལ་ལས། །རེ་ཞིག་དེ་ཙམ་དུ་བསྐྱུངས་ནས། །གཅིག་པུར་བྲོས་ཐབས་ཤིག་གཅེས་སོ། །ཕྱི་ནས་བཙུན་ཆས་ཀྱི་གཡོག་ཀྱང་། །རྒྱུན་དུ་ཕས་ཕམ་ལ་སྤྱོད་པའི། །སྙིགས་མའི་ཆོས་གཟུགས་སུ་མཐོང་དུས། །བསླབ་གཞི་དྲན་པ་འདི་གཅེས་སོ། །རུང་བའི་ཚོན་མདངས་དང་བྲལ་ཞིང་། །ངེས་མེད་སྣ་ཚོགས་ཀྱི་ཆས་གོས། །ཡིན་ཡིན་མཛེས་མཛེས་སུ་རློམ་དུས། །འཚོ་བའི་ཡོ་བྱད་འདི་གཅེས་སོ། །ཡང་ན་རྩོལ་སྒྲུབ་དང་བྲལ་བའི། །གངས་ཁོངས་རས་ཀྱང་གིས་ཆོག་པ། །གཏུམ་མོ་མེ་འབར་གྱི་གོས་མཆོག །སྒོམ་པས་ཉོས་པ་འདི་གཅེས་སོ། །གཅིག་བྱུང་གཉིས་དགོས་ཀྱི་བསམ་པས། །དམ་ཆོས་དྲོ་ལར་དང་བརྗེས་ནས། །སྐྱིད་བདེར་སྤྱོད་པ་ལ་ཞེན་དུས། །རྣམ་སྨིན་བསམ་པ་འདི་གཅེས་སོ། །ཕུང་ཁྲོལ་སྡུག་བསྔལ་གྱི་གཞི་མ། །གཅིག་བསགས་གཉིས་ཟད་ཀྱི་རྒྱུ་ནོར། །སྤངས་ནས་རྒྱལ་བ་ཡིས་བསྔགས་པའི། །ཆོག་ཤེས་འཕགས་ནོར་འདི་གཅེས་སོ། །
དེང་སང་མཚན་རིག་གི་ལད་མོ། །ཅི་ལྕོགས་གང་འཁྱོངས་སུ་བསྒྲུབས་ཏེ། །རྒྱལ་སྲས་ལུགས་བཟང་དེ་སྐྱུར་ལ། །སྡོམ་གསུམ་མཛེས་རྒྱན་འདི་གཅེས་སོ། །སྒྱུ་མའི་རྫས་ཀུན་ལས་བསྐྲུན་པའི། །གློག་བརྙན་ཝི་དྲོ་ལ་སོགས་པའི། །ལྟད་མོ་བལྟ་བ་ལ་ཆགས་དུས། །སྙིང་མེད་ཤེས་པ་འདི་གཅེས་སོ། །ཡང་ན་སྒོམ་སྟོབས་ཀྱི་འཕྲུལ་ལས། །བདེ་གསལ་མི་རྟོག་པའི་ཉམས་ལ། །སྲིད་ཞི་ངོ་མཚར་གྱི་ལྟད་མོ། །བལྟ་བས་ཆོག་པ་འདི་གཅེས་སོ། །བསམ་པ་ཚེ་འདི་ལ་ཤོར་བས། །རིག་གནས་བག་ཙམ་རེ་བསླབས་ནས། །ལྟོ་གོས་གོ་གནས་ལ་ཞེན་པའི། །རེ་བ་སྤོང་བ་འདི་གཅེས་སོ། །བསྟན་འཛིན་ཁས་ལེན་དུ་འཆེ་ཡང་། །རྒྱུ་ནོར་ཐབས་ཤེས་ཀྱིས་བསྒྲུབས་ཏེ། །རང་ཡུལ་གོང་འཕེལ་དུ་བསམ་ལ། །བསྟན་དོན་སྒྲུབ་པ་ཞིག་གཅེས་སོ། །གར་འགྲོ་སྲོག་ཆགས་ལ་འཚེ་བའི། །སྡིག་གསོག་སྣུམ་འཁོར་གྱི་བཞོན་པ། །སྤངས་ནས་རྟར་ཞོན་གྱི་གཏུམ་མོ། །སྒོམ་པའི་ཐབས་ཚུལ་འདི་གཅེས་སོ། །ཆགས་སྡང་རང་ཤུགས་ལས་སྐྱེས་པའི། །གྲོགས་ངན་ངོ་སྲུང་གི་འཁྲི་བ། །བཅད་ནས་ཡིད་འོང་གི་གྲོགས་མཆོག །རི་དྭགས་བསྟེན་པ་འདི་གཅེས་སོ། །བསྐྱེད་རྫོགས་ཏིང་འཛིན་གྱིས་དབེན་ཀྱང་། །རྔ་རོལ་དབྱངས་རྐྱང་ལ་བརྟེན་ནས། །དཀོར་ཟས་དུག་ཆུ་ལ་སྤྱོད་པའི། །བསམ་བློ་སྤོང་བ་འདི་གཅེས་སོ། །ཁ་ཟས་ཞིམ་དགུ་ལ་སྤྱོད་ཀྱང་། །སྐྱག་པར་འགྲོ་རྒྱུ་ལས་མེད་པས། །ཆོས་སྒྲུབ་ལུས་གསོ་ལ་སྨན་པའི། །གང་བྱུང་འཚོ་ཐབས་འདི་གཅེས་སོ། །མ་དག་ལོག་འཚོ་ལ་བརྟེན་ནས། །མི་ཚེ་ཡོལ་བ་ལ་འཇིགས་ན། །བཅུད་ལེན་ཏིང་འཛིན་གྱི་ཟས་ལ། །ལོངས་སུ་སྤྱོད་པ་འདི་གཅེས་སོ། །དང་པོ་མཚམས་སྒྲུབ་ལ་ཞུགས་དུས། །དོན་གཉེར་ཡོད་སྐད་ཀྱི་ངང་ཚུལ། །ལོ་རེ་ཇེ་ཆུང་དུ་འགྲོ་ལ། །ཐོག་མཐའ་མཉམ་པ་ཞིག་གཅེས་སོ། །ལོ་གསུམ་མཚམས་མལ་གྱི་བུག་སྒོར། །གཉིས་ཚོགས་གསུམ་ཚོགས་ཀྱི་ཟས་སྟོན། །སྤྱོད་རྗེས་གླེང་བ་ཡི་ངང་དུ། །དུས་རྫོགས་བསམ་པ་འདི་གཅེས་སོ། །རིང་ལམ་མཚམས་ཐོ་ཡིས་བཀག་ཀྱང་། །ཉེ་འཁོར་ཡས་མར་ལ་བསྙེགས་ནས། །ཉིན་བཞིན་ཁྱི་ལྟར་དུ་འཁྱམས་ལ། །བསྟི་གནས་ཟིན་པ་འདི་གཅེས་སོ། །ལྟ་སྒོམ་ཡོད་སྐད་དུ་སྨྲ་ཡང་། །མ་དག་བྱིས་སྤྱོད་ལ་དགའ་ན། །ངན་གོམས་བག་ཆགས་ཀྱི་རྟགས་ལས། །རང་མཚང་རིག་པ་ཞིག་གཅེས་སོ། །མཚམས་མིང་ཐོགས་པ་ཡི་གང་ཟག །རྒྱལ་ཁམས་མཐའ་དབུས་ལ་ཁྱབ་ཀྱང་། །རང་མགོ་འཐོན་པ་ཡི་ཉམས་ལེན། །དཀོན་ཚུལ་བསམ་པ་འདི་གཅེས་སོ། །འདྲེན་མཆོག་བུ་རམ་གྱི་ཤིང་པས། །ཁྲིམས་ལྡན་གང་ཟག་གི་བརྟུལ་ཞུགས། །ཡུངས་མར་སྣོད་ཐོགས་ཀྱིས་མཚོན་པ། །གསུངས་ཚུལ་དྲན་པ་འདི་གཅེས་སོ། །བཟང་ངན་གོ་ལོག་ཏུ་གྱུར་ནས། །ཆོས་ལས་ཆོས་མིན་ལ་མངོན་ཏེ། །གདམས་ཟབ་མནངས་མེད་དུ་ལུས་པ། །སྤར་འཛིན་བྱེད་ཐབས་འདི་གཅེས་སོ། །ལག་ལེན་དམ་ཆོས་ལ་བསླབས་ཀྱང་། །གྲུང་རིག་འཇིག་རྟེན་ལ་བཏོན་ནས། །མི་ཤེས་དགུ་ཤེས་སུ་སྨྲ་ལ། །ཡང་དག་རིག་པ་འདི་གཅེས་སོ། །མི་ཆོས་སྤྱང་གྲུང་དུ་འཛོམས་ནས། །གཞན་གྱི་སློབ་དཔོན་དུ་བྱས་ཀྱང་། །ཡང་དག་ཤེས་པ་དང་བྲལ་ལ། །སྙིང་ནས་ལྷ་ཆོས་འདི་གཅེས་སོ། །དགེ་ལེགས་འཇུངས་པ་ཡིས་བཅིངས་ཀྱང་། །དོན་མེད་ཆུད་ཟོས་སུ་བཏང་ནས། །ཕྱིན་ལོག་འབྱོར་ལྡན་དུ་ངོམས་ལ། །རྣམ་དཀར་དགེ་སྒྲུབ་འདི་གཅེས་སོ། །ལྟར་སྣང་རྣམ་དཀར་གྱི་དགེ་ཚོགས། །གཞན་ངོམས་སྙན་གྲགས་ལ་རེ་ན། །དགེ་འབྲས་འཇོམས་རྐྱེན་དུ་གསུངས་ལ། །བསམ་སྦྱོར་དག་པ་ཞིག་གཅེས་སོ། །བྱས་བྱས་མང་པོ་རུ་བགྲང་ཡང་། །ཆོས་རྒྱུད་ཐ་དད་དུ་སོང་ནས། །རང་རྒྱུད་ཇེ་རེངས་སུ་འགྲོ་བའི། །ངང་ཚུལ་དྲན་པ་འདི་གཅེས་སོ། །སྔོན་བསགས་རྣམ་དཀར་གྱིས་འབྲེལ་བའི། །མཁན་སློབ་རྡོ་རྗེ་ཡི་སྤུན་ཚོགས། །ཕྱི་ནས་མཇལ་དཀའ་ལ་བསམ་སྟེ། །ཕྱོགས་མེད་དག་སྣང་ཞིག་གཅེས་སོ། །སྒོམ་མེད་གདམས་ངག་གི་གླེགས་བམ། །ཁྲེས་པོ་ལྕི་བ་ལས་མི་འདུག །ཅི་ཤེས་རྒྱུད་ཐོག་ལ་ཕན་པའི། །ཉམས་ལེན་སྐྱོང་བ་འདི་གཅེས་སོ། །ཆོས་སྒྲུབ་མཚམས་མལ་གྱི་ཁོངས་ནས། །ལམ་དུ་ངན་སོང་དེ་བསྒྲུབས་ལ། །གར་འགྲོ་རང་དབང་དུ་ཡོད་དུས། །གདམ་ཁ་ཤེས་པ་འདི་གཅེས་སོ། །བཞི་ཅུ་ཁ་རལ་གྱི་ཚེ་ཚད། །ཕལ་ཆེར་སྟོང་ལོག་ཏུ་ཟད་ཀྱང་། །ད་དུང་ཚེ་འདི་ཡི་སོ་ཚིས། །བསྒྲུབ་ཚུལ་སྤོང་བ་འདི་གཅེས་སོ། །གསོན་ཚེ་ཅུང་ཟད་ཀྱི་ལྷག་མ། །སྙིང་པོའི་སྒོམ་སྒྲུབ་ལ་འབུངས་ནས། །གཏན་བདེ་བྱང་ཆུབ་ཀྱི་གོ་འཕང་། །བསྒྲུབ་པའི་ཐབས་ཚུལ་འདི་གཅེས་སོ། །མ་སྒོམ་ཉམས་རྟོགས་དང་ལྡན་ན། །ཐམས་ཅད་གྲུབ་བརྙེས་སུ་འདོད་ཀྱང་། །བསམ་ཚེ་འདོད་ཐོག་དང་བྲལ་ལ། །རྒྱུ་ལ་འབད་པ་འདི་གཅེས་སོ། །
ད་ནི་ལམ་རིམ་གྱི་སྙིང་པོ། །གོང་མའི་ཞལ་གདམས་དང་མཐུན་པར། །ཅུང་ཟད་བརྗོད་པ་ཡི་ཚིག་དོན། །སྙིང་ལ་འཆང་བ་འདི་གཅེས་སོ། །དམ་ཆོས་འདུལ་བ་ཡི་བསླབ་གཞི། །ངེས་འབྱུང་སྲུང་སེམས་ཀྱིས་ནོད་དེ། །བཅས་རང་ལྟུང་བ་ཡི་འབྱུང་སྒོ། །ཡང་དག་སྡོམ་པ་ཞིག་གཅེས་སོ། །འགྲོ་ཀུན་ཕ་མ་རུ་ཤེས་པའི། །གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད། །མྱུར་དུ་རང་རྒྱུད་ལ་སྐྱེས་ནས། །ཕན་བདེ་ནུས་པ་ཞིག་གཅེས་སོ། །གསང་ཆེན་ཐེག་པ་ཡི་འཇུག་སྒོ། །དལ་བཞིའི་རྭ་བ་རུ་ཞུགས་ནས། །བསྐུར་ཐོབ་ངེས་པ་དང་ལྡན་པའི། །དབང་བཞི་ནོད་པ་ཞིག་གཅེས་སོ། །མ་དག་ཐ་མལ་གྱི་སྒོ་གསུམ། །ལྷ་སྔགས་ཡེ་ཤེས་སུ་རྟོགས་པའི། །ཁྱད་ཆོས་གསུམ་ལྡན་གྱི་སྐྱེད་རིམ། །ཚུལ་བཞིན་སྒོམ་པ་ཞིག་གཅེས་སོ། །དེ་དུས་ལྟ་སྒོམ་གྱིས་དབེན་པའི། །ཕྲེང་བའི་གྲངས་འཛིན་གྱི་བསྙེན་པས། །འདི་ཕྱི་ཕན་པ་རུ་མི་གདའ། །དོན་གཉིས་དམིགས་སྐོར་ཞིག་གཅེས་སོ། །ཐབས་ལམ་ནཱ་རོ་ཡི་ཆོས་དྲུག །ཐོས་དུས་གླུ་དབྱངས་ལས་སྙན་ཡང་། །ལག་ལེན་དཀའ་མོ་དང་ཐུག་ཚེ། །འགྱུར་མེད་དད་བརྩོན་ཞིག་གཅེས་སོ། །ཆོས་ཚན་རེ་རེ་ཡི་ཁོག་ཏུ། །འཚང་རྒྱ་ངེས་པ་ཞིག་འདུག་ཀྱང་། །སྒོམ་སྐྱེས་མེད་ཚུལ་ལ་བསམ་སྟེ། །དཀའ་སྤྱད་སྙིང་རུས་འདི་གཅེས་སོ། །ངག་འཁྱལ་གཉིས་སྤང་དུ་བརྩོན་ཡང་། །དོན་ཆེན་རྩ་རླུང་གི་ལམ་ལ། །སང་དང་གནངས་བསྒོམ་དུ་བཤོལ་བའི། །འཚེར་སྣང་སྤོང་བ་འདི་གཅེས་སོ། །བསྐྱེད་རྫོགས་ཉམས་ལེན་གྱི་མཐར་ཐུག །ལམ་ཟབ་བླ་མ་ཡི་རྣལ་འབྱོར། །ཚེ་འདིའི་ཉམས་ལེན་གྱི་མཐིལ་དུ། །བཅོལ་ནས་ཉམས་བཞེས་འདི་གཅེས་སོ། །མགོན་ལ་འགྲན་ཟླ་དང་བྲལ་བ། །རྗེ་བཙུན་བསྟན་འཛིན་གྱི་དོན་གྲུབ། །སྙིང་དབུས་གེ་སར་གྱི་སྟེང་ན། །རྣམ་ཀུན་སྒོམ་པ་འདི་གཅེས་སོ། །ཁྱབ་བརྡལ་མོས་གུས་ཀྱི་ལམ་ནས། །སངས་རྒྱས་མི་གཟུགས་སུ་སྣང་བའི། །དོན་བརྒྱུད་དགོངས་པ་ཡི་བྱིན་ཆེན། །རྒྱུད་ལ་འཕོ་ཐབས་ཞིག་གཅེས་སོ། །ཆོས་ལ་དོ་ཟླ་དང་བྲལ་བ། །ཟབ་ཆོས་སྙན་རྒྱུད་ཀྱི་གདམས་པ། །ཉིན་མཚན་འཁོར་ཡུག་ཏུ་བསྒོམས་ནས། །འཆི་བྲོད་རྙེད་ཐབས་འདི་གཅེས་སོ། །འགྱུ་འཕྲོ་ཉེར་བཞི་ཡི་བསམ་གཏན། །རྒྱ་མཚོ་རླབས་བྲལ་དང་མཚུངས་པ། །སོར་རྟོག་ཤེས་རབ་ཏུ་ལྡང་བའི། །ཞི་ལྷག་ཟུང་འཇུག་ཅིག་གཅེས་སོ། །རང་ལུས་མཚམས་མལ་དུ་གནས་ཀྱང་། །གཡོ་སེམས་ཆོས་བརྒྱད་དང་འགྲོགས་ཏེ། །རྒྱལ་ཁམས་མཐའ་དབུས་ལ་འཁྱམས་ཚེ། །དྲན་ཤེས་བག་ཡོད་འདི་གཅེས་སོ། །བཟང་ངན་བར་གསུམ་གྱི་ཡུལ་རྗེས། །དུག་ལྔ་དུག་གསུམ་གྱི་རྟོག་ཚོགས། །མ་སྤང་རང་ས་རུ་བཞག་ནས། །ཤར་གྲོལ་གཏོང་ཐབས་འདི་གཅེས་སོ། །མ་ལུས་ཐེག་པ་ཡི་ཡང་རྩེ། །གནས་ལུགས་ཕྱག་རྒྱ་ཡི་ཆེན་པོ། །ཡིད་དཔྱོད་ཉམས་མྱོང་ལས་འདས་པ། །མངོན་སུམ་རྟོགས་ཐབས་འདི་གཅེས་སོ། །རང་གནས་བདེ་ཆེན་གྱི་ཡིན་ལུགས། །སྐྱེ་བ་མེད་པ་རུ་རྟོགས་ཏེ། །ཅིར་སྣང་འགག་མེད་ཀྱི་ཡུལ་ལ། །རྩལ་སྦྱོང་ནུས་པ་ཞིག་གཅེས་སོ། །སྣང་སྲིད་ཆོས་སྐུ་རུ་འཆར་བས། །སྒོམ་པའི་བྱེད་རྩོལ་དང་བྲལ་ཡང་། །སྤྲོས་བཅས་ཐུན་བཞི་ཡི་ཉམས་ལེན། །ཆག་མེད་སྒོམ་པ་འདི་གཅེས་སོ། །མ་བཅོས་ཐ་མལ་གྱི་ཤེས་པ། །མཉམ་རྗེས་ཉིན་མཚན་ལས་འདས་པའི། །སྒོམ་མེད་ཆོས་སྐུ་ཡི་རྒྱལ་ས། །བདག་གིས་ཟིན་པ་ཞིག་གཅེས་སོ། །བོགས་འདོན་སྤྱོད་པ་ཡི་མཐར་ཐུག །བླ་མའི་མོས་གུས་ལ་བརྟེན་ནས། །རྐྱེན་དྲུག་ལམ་འཁྱེར་གྱི་གཉེན་པོས། །རོ་སྙོམས་ནུས་པ་ཞིག་གཅེས་སོ། །མ་བསྒྲིགས་རང་ཤུགས་ལས་འཆར་བའི། །ཇི་ལྟ་ཇི་སྙེད་ཀྱི་རྟེན་འབྲེལ། །མངོན་གྱུར་ལྷུན་གྲུབ་ཀྱི་གཞན་དོན། །འབྱུང་བའི་ཐབས་ཚུལ་འདི་གཅེས་སོ། །རང་གཞན་སྔགས་ལམ་དང་མཇལ་ཚེ། །ཟུང་འཇུག་གྲུབ་པ་ཡི་གཤོག་རླབས། །བསྐྱོད་ནས་མཁའ་སྤྱོད་དུ་མཇལ་བའི། །རྟེན་འབྲེལ་བསྒྲིག་ཐབས་འདི་གཅེས་སོ། །མར་བྱམས་བུར་གཤེ་དང་མཚུངས་པ། །ཕུགས་སུ་ཕན་པ་རུ་གདམས་ཀྱང་། །ལྟར་སྣང་བསམ་སྤྱོད་དང་འགལ་ལ། །བརྩེ་བས་གཟིགས་པ་འདི་གཅེས་སོ། །སྨིན་གྲོལ་རྒྱབ་རྟེན་གྱི་རིམ་པ། །ཕལ་ཆེར་མཁའ་དབྱིངས་སུ་གཤེགས་ཀྱང་། །ད་དུང་སོས་དལ་དུ་ཁོམས་ལ། །ཞུས་ནས་སྤེལ་ཐབས་འདི་གཅེས་སོ། །ཁྱེད་ཟུང་བསླབ་སྟོན་ལ་ཉན་ན། །ཇི་སྨྲས་ལག་ལེན་དུ་བསྟར་ལ། །སྔར་མེད་ཉམས་རྟོགས་རེ་འབྱུང་ཚེ། །ངེས་ཤེས་བསམ་པ་འདི་གཅེས་སོ། །
དེ་ལྟར་གདམས་པ་ཡི་གནད་དོན། །ཁ་ཆོས་དཔེ་ཐོག་ཏུ་ལུས་ན། །རྒྱུད་ལ་ཕན་པ་རུ་མི་གདའ། །ཡང་ཡང་དྲན་པ་འདི་གཅེས་སོ། །བསྐུལ་པོ་ཆོས་བསྒྲུབ་ཏུ་རེ་ནས། །དུས་སྐྱོན་ཤར་མ་རུ་བྲིས་ལ། །འདི་གཟིགས་དམ་པ་ཡི་ཚོགས་རྣམས། །སྙིང་ནས་བཟོད་པ་འདི་གཅེས་སོ། །མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར། །སྦྱོར་དངོས་རྗེས་ཚང་དུ་བསྒོམས་པས། །དམིགས་བཅས་དམིགས་མེད་ཀྱི་དགེ་བ། །གཞན་ལ་བསྔོ་བ་འདི་གཅེས་སོ། །ཆོས་སྐུ་མངོན་གྱུར་གྱི་རྩལ་སྣང་། །འགག་མེད་གཟུགས་སྐུ་རུ་འཕོས་ཏེ། །མར་གྱུར་མཁའ་མཉམ་གྱི་འགྲོ་ཀུན། །འདྲེན་པའི་སྨོན་ལམ་ཞིག་གཅེས་སོ། །དེ་སྐད་གོང་མ་ཡི་བསྟི་ནས། །བྱིན་ཆེ་བག་བྲོ་དང་ལྡན་པའི། །ཉམས་དགའ་བསམ་གཏན་གྱི་ཁང་བུར། །སྤོང་བའི་བརྟུལ་ཞུགས་ལ་གནས་སྐབས། །ཕྱི་ལྡིར་ནང་སྟོང་དུ་ལུས་པའི། །ཆོས་གཟུགས་ཀུན་མིང་གི་རྣམ་རྟོག །ངེས་མེད་སྣ་ཚོགས་ཀྱི་ཚིག་འཕྲེང་། །གང་ཤར་ཡིག་ལམ་དུ་སྤེལ་བས། །རང་གཞན་འབྲེལ་ཐོགས་ཀྱི་རྒྱུད་ལ། །ཅུང་ཟད་ཕན་པ་ཞིག་མཆིས་ན། །དེ་བྱུང་དྲི་མེད་ཀྱི་དགེ་བས། །གྲུབ་བརྙེས་གོང་མ་ཡི་རྗེས་སུ། །དབེན་པའི་རི་བོ་རུ་བསྙེག་ནས། །ཚེ་སྒྲུབ་མཐར་ཕྱིན་གྱི་འབྲས་བུ། །རང་གནས་ཆོས་སྐུ་ཡི་ཡེ་ཤེས། །མཇལ་བའི་སྐལ་བཟང་དུ་གྱུར་ཅིག ། ། །


0 Comments
ཐུགས་འཆར་བཀོད་གནང་།