བླ་མ་དང་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་བསྒྲུབ་པར་འདོད་པས། མཚན་ཉིད་དང་ལྡན་པའི་གནས་སུ་བྲིས་འབུར་གྱི་སྐུ་ཅི་རིགས་བཀྲམ། མཆོད་གཏོར་ཆོས་བྱུང་གཉིས་བརྩེགས་བསྣོལ་བའི་སྟེང་དཔལ་བཤོས་གཤོག་པ་གསུམ་ལྡན་འཁོར་རང་འདྲ་བཞི་དང་ཁྲག་ཀོང་གསུམ་མཐེབ་ཀྱུ་བཅུ་བཞིའི་བསྐོར་བ་དང་ཆད་རྡོའི་དམར་གཏོར་འཁོར་བརྒྱད་བགེགས་གཏོར། ནང་མཆོད་སྨན་རཀ། ཕྱི་མཆོད་ཉེར་སྤྱོད་ལྔ་ཚར་གསུམ་སོགས་དམ་རྫས་སྤྱན་གཟིགས་རྣམས་ཚོགས་པར་བྱས་ཏེ། སྒྲུབ་པ་པོ་རྣམས་འཇིག་རྟེན་སྣང་སྲིད་བསྐྱུང་ཞིང་། དད་འདུན་གྱི་ཚིག་དོན་དྲན་པས་སྐྱབས་ཡུལ་དམིགས་ལ། མ་ནམ་བཞི་སྐོར་ལན་གསུམ། བཅོམ་ལྡན་སྙིང་རྗེ་སོགས་བསྟོད་གང་རུང་ནས་ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །མཚམས་རོལ། སྐྱབས་འགྲོ་ནི། ཕྱོགས་བཅུར་བཞུགས་པ་ལན་གསུམ། སེམས་བསྐྱེད་ནི། ཇི་ལྟར་དུས་གསུམ་ལན་གསུམ། རང་གི་ཕུང་ཁམས་ནས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། བརྒྱུད་འདེབས་ནི། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་གདན་པ་བ་རི་ལོ་ཙཱ་བ། །ས་ཆེན་ཀུན་སྙིང་སྐུ་མཆེད་རྣམ་གཉིས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །ས་པཎ་ཁུ་དབོན་བླ་མ་དམ་པ་དང་། །མུན་ཆེན་ནམ་མཁའི་རྣལ་འབྱོར་ཀུན་དགའ་བཟང་། །དཀོན་མཆོག་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །པདྨ་གར་དབང་ཆོས་ལྡན་རྡོ་རྗེ་དང་། །འབྲུག་སྒྲ་རས་ཆེན་འཛམ་གླིང་འབྲུག་སྒྲའི་ཞབས། །རྡོ་རྗེ་ཆོས་དབང་ཀུན་བཟང་རས་ཆེན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །རྟོགས་ལྡན་དམ་པ་པྲ་ཛྙཱ་དྷྲི་ཀ་དང་། །ངག་དབང་པད་དཀར་ངག་དབང་རྒྱལ་མཚན་ཞབས། །ཤཱཀྱ་རིན་ཆེན་ཤེས་རབ་སེངྒེ་དང་། །འཇམ་དཔལ་གྲགས་པ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །གནས་གསུམ་ཌཱཀྐཱིའི་འཁོར་བསྒྱུར་འཇིགས་མེད་ཞལ། །ལྷག་པའི་ལྷར་བསྙེན་སྣང་སྟོང་སྐུའི་ཕྱག་རྒྱ། །གཏུམ་རྔམ་དྲག་པོ་འབར་བའི་གཟི་བྱིན་གྱིས། །བདུད་སྡེའི་དོན་སྙིང་ལྐོག་མར་འབྱིན་པར་ཤོག །ཕར་ཕྱིན་བཅུ་དང་བསྡུ་བའི་དངོས་པོ་བཞིར། །ཡང་དག་རྡོ་རྗེ་ཡི་གེ་བཅུ་བཞིའི་སྔགས། །གྲགས་སྟོང་དབྱངས་སུ་བཟླས་པས་ཕལ་རྒོལ་ཀུན། །སྦུར་མ་མེ་ལྕེས་བསྲེག་བཞིན་རྨེག་མེད་ཤོག །བསྒྲལ་བའི་ཞིང་དང་སྒྲོལ་བྱེད་སྒྲོལ་བའི་ལས། །ཀུན་ཀྱང་མཉམ་ཉིད་མི་དམིགས་ཆོས་ཀྱི་སྐུ། །གཉུག་མའི་རང་བཞིན་ཡོངས་ཤེས་ཕྱག་རྒྱ་ཆེ། །ཁམས་གསུམ་རྒྱ་ཐེག་སྐུ་བཞིར་ཡོངས་གྲོལ་ནས། །འཕྲིན་ལས་བཞི་དང་ཁྱད་པར་དྲག་པོ་ལས། །ཐོགས་མེད་ལྷུན་གྲུབ་གཟུགས་ཅན་གཟུགས་མེད་ཀྱི། །ལོག་འདྲེན་བར་གཅོད་ཉེར་འཚེ་ཀུན་ཞི་ནས། །རང་གཞན་དོན་གཉིས་མཐར་རུ་ཕྱིན་པ་ཤོག །སྐད་གཉིས་སྨྲ་བ་རིན་ཆེན་གྲགས་པ་ཡིས། །མུ་སྟེགས་སྐལ་ལྡན་རྒྱལ་པོ་ཚར་བཅད་ལྟར། །བདག་གི་རིགས་སྔགས་སྦྱོར་བས་ལོག་འདྲེན་ཀུན། །མཐར་བྱས་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཞེས་གསོལ་བ་བཏབ་པས་ནས་བཏང་སྙོམས་ལ་གནས་པར་བྱའོ། །རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། བགེགས་བསྐྲད་པ་ནི། གཏོར་མ་གཅིག་ལ་ཆབ་བྲན་ཏེ། ཨོཾ་ཨཱ༔ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་སརྦ་བིགྷྣཱན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སོགས་ལན་གསུམ་གྱིས་བསྔོས། ཧཱུཾ། བཀའ་གསང་རྨད་བྱུང་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་དང་། །འདུ་བའི་ལྷ་རྣམས་མ་གཏོགས་པའི། །བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས། །མཆོད་སྦྱིན་གཏོར་མས་ཚིམ་གྱིས་ལ། །འདི་རུ་མ་འདུག་གཞན་དུ་སོང་། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །སེང་གདོང་དྲག་མོར་ཁྲོས་ནས་ནི། །ཁྱེད་ཅག་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །དེ་བས་རང་རང་གནས་སུ་དེངས། །ཨོཾ་སརྦ་བིགྷཱན་གཙྪ། རོལ་མོ་བཅས་རྩ་སྔགས་བརྗོད་ཅིང་། བགེགས་བསྐྲད། མཚམས་བཅད་པ་ནི། ཧཱུཾ། ང་ནི་སེང་གདོང་དྲག་མོ་སྟེ། །སྐུ་གསུམ་ཐུགས་ཀྱི་ཆོ་འཕྲུལ་ལས། །ཡེ་ཤེས་ཁྲོ་མོས་ནམ་མཁའ་གང་། །དམ་ཚིག་མཁའ་འགྲོས་བར་སྣང་གང་། །ལས་བྱེད་མཁའ་འགྲོས་ས་གཞི་གང་། །ཕྱོགས་མཚམས་རྡོ་རྗེ་རྭ་གུར་བརྩེགས། །མེ་རླུང་འཚུབ་མས་སྣང་སྲིད་འགེངས། །བགེགས་རིགས་འཇུག་པའི་སྐབས་མེད་དོ། །ཨོཾ་བཛྲ་རཀྴ་རཀྴ་ཧཱུཾ་ཕཊ། བདག་བསྐྱེད་ནི། ཨོཾ་སྭབྷཱ་ཝ་ཤུདྡྷཿ སརྦ་དྷརྨ༔ སྭབྷཱ་ཝ་ཤུདྡྷོཉཧཾ། སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུཾ་མཐིང་ནག་གཅིག་ཏུ་གྱུར། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། བཅོམ་ལྡན་འདས་མཁའ་འགྲོ་སེང་གདོང་མའི་གོ་འཕངས་ལ་བཀོད། ཚུར་འདུས་ཧཱུཾ་ལ་ཐིམ། རང་ཉིད་མཁའ་འགྲོ་སེངྒེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞལ་བགྲད་མཆེ་བ་བརྩིགས་ཤིང་། ལྗགས་དམར་གློག་ལྟར་འཁྱུག་པ། སྤྱན་གསུམ་རྣམ་པར་འཕྲོ་ཞིང་དུས་གསུམ་གཟིགས་པ། དབུ་སྐྲ་ལྕགས་ཀྱི་རལ་པ་གྱེན་དུ་རྫེས་ཤིང་འཐུར་དུ་འཕྱང་བ། གཅེར་བུ་རུས་པའི་རྒྱན་གྱིས་སྤྲས་པ། ཐོད་སྐམ་གྱིས་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ཅན། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བས་གར་སྟབས་སུ་བཞུགས་པ། སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་འཆང་བ། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ། པད་ཉི་རོ་གདན་ལ་བཞུགས་ཤིང་ཡེ་ཤེས་ཀྱི་མེའི་དབུས་སུ་རྣམ་པར་འགྱིངས་པའོ། །དེའི་ཤར་དུ་སྐུའི་སེང་གདོང་མ་དཀར་མོ། ལྷོ་རུ་ཡོན་ཏན་གྱི་སེང་གདོང་མ་སེར་མོ། ནུབ་ཏུ་གསུང་གི་སེང་གདོང་མ་དམར་མོ། བྱང་དུ་འཕྲིན་ལས་ཀྱི་སེང་གདོང་མ་ལྗང་ཁུ། དེ་རྣམས་ཀྱང་སྐུ་མདོག་སོ་སོར་ལ་ཕྱག་མཚན་རྒྱན་ཆ་ལུགས་བཞུགས་ཚུལ་གཙོ་མོ་ལྟར་རོ། །ལྷ་ཚོགས་དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་ཁ། ཡིག་འབྲུ་གསུམ་ལས་འོད་འཕྲོས། འོག་མིག་ཆོས་དབྱིངས་ཕོ་བྲང་ནས་སེང་གདོང་རིགས་ལྔ་ལ་རང་དང་འདྲ་བའི་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ་སྤྱན་དྲངས་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི། རོལ་༤གདངས་ཆོས་དབྱིངས་འགྱུར་བ། ཧཱུཾ། ཆོས་སྐུ་སྤྲོས་བྲལ་དབྱིངས་ཉིད་ལས། །གཟུགས་སྐུ་ཁྲོ་མོའི་སྐུ་སྟོན་པ། རོལ་ །ཐུགས་རྗེ་ཆེན་པོའི་ངང་ཉིད་ལས། །དངོས་གྲུབ་རྣམ་གཉིས་ཞུ་བའི་ཕྱིར། རོལ་བར་ །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། །མི་མཐུན་རྐྱེན་གྱིས་མི་གཡོ་བའི། །སྐྱེས་མེད་རྡོ་རྗེའི་ངང་ཉིད་ལས། །ཞི་བའི་ལས་མཛད་ཡུམ་ཆེན་མོ། །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། །དབུལ་འཕོངས་བདུད་ལས་རྣམ་རྒྱལ་མ། །རིན་ཆེན་ལྟ་བུའི་ངང་ཉིད་ལས། །རྒྱས་པའི་ལས་མཛད་ཡུམ་ཆེན་མོ། །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། རོལ་ །ཉེས་སྐྱོན་དྲི་མ་མ་གོས་པའི། །ཕྱི་ནང་གསང་བའི་ཆོས་རྣམས་སྟོན། །དབང་གི་ལས་མཛད་ཡུམ་ཆེན་མོ། །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། །ཁྲོ་མོའི་སྐུ་སྟོན་དྲག་ཤུལ་ཅན། །ཕྱི་ནང་བདུད་ལས་རྣམ་པར་རྒྱལ། །དྲག་པོའི་ལས་མཛད་ཡུམ་ཆེན་མོ། །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། །ཐུགས་རྗེ་ཆེན་པོས་དགོངས་མཛད་ལས། །བདག་དང་སེམས་ཅན་ཐམས་ཅད་ལ། །རྐྱེན་ངན་བར་ཆད་ཞི་བ་དང་། ཚང་ །མཆོག་དང་མཐུན་མོང་དངོས་གྲུབ་སྩོལ། བཞུགས་གསོལ། ༤ ནས་བྲེལ། ཆོས་འབྱུང་གཞལ་ཡས་དམ་པ་འདིར། །དྲག་པོའི་པད་ཉི་རོ་སྟེང་དུ། །སེང་གདོང་རིགས་ལྔ་འཁོར་དང་བཅས། །དགྱེས་པའི་ངང་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། །ཕྱག་འཚལ་ནི། རྟོག་བྲལ་ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །ཡེ་ཤེས་མཁའ་འགྲོ་སེང་གདོང་སྐུར་བཞེངས་པའི། །རྣམ་དག་གཙོ་མོ་འཁོར་དང་བཅས་པ་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །མཆོད་པ་ནི། རོལ་༣དགའ་ཚལ། ཧཱུཾ༑ མཛེས་པའི་མེ་ཏོག་དབུ་ལ་འབུལ། །འགྲོ་བའི་དོན་ལ་བཞེས་སུ་གསོལ། །དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ། །རོལ་བར།སྣང་གསལ་མར་མེ་སྤྱན་ལ་འབུལ། །ཡིད་འོང་དྲི་ཆབ་ཐུགས་ལ་འབུལ། །ཞལ་ཟས་སྣ་ཚོགས་ལྗགས་ལ་འབུལ། །སྒྲ་སྙན་རོལ་མོ་སྙན་ལ་འབུལ། །འགྲོ་བའི་དོན་ལ་བཞེས་སུ་གསོལ། །པུཥྤེ། དྷཱུཔེ། ཨ་ལོ་ཀེ། གནྡྷེ། ནཻཝིདྱ། ཤཔྟ་ཧཱུཾ། བསྟོད་པ་ནི། རོལ་༣གསང་སྔགས་རྣལ་འབྱོར། ཧཱུཾ༑ དཔའ་མོ་མཁའ་སྤྱོད་གཙོ་མོ་ཁ་ཊྭཾ་འཆང་། །འཕྲིན་ལས་ཐོགས་མེད་སྤྲུལ་བསྒྱུར་ཅིར་ཡང་སྟོན། རོལ །མེ་དཔུང་དབུས་ན་འགྱིང་བའི་གར་མཛད་མ། །སྒྲུབ་པ་པོ་ལ་ཡིད་བཞིན་དངོས་གྲུབ་སྩོལ། །ས་གསུམ་མཁའ་འགྲོའི་དབང་ཕྱུག་ཁྱོད་ལ་འདུད། །ཆོས་དབྱིངས་རྡོ་རྗེ་རཏྣ་པདྨ་དང་། །ཀརྨ་བི་ཤ་ལོ་ཀ་ཤ་ཟ་སོགས། །མ་མོ་མཁའ་འགྲོ་བྱེ་བ་འབུམ་སྡེས་བསྐོར། །འཕྲིན་ལས་ཐོགས་མེད་མཛད་པ་ཁྱོད་ལ་འདུད། །མ་ལས་བྱམས་ཤིང་སྲིང་ལས་ཉེ་བ་དང་། །གྲོགས་ལས་གདུངས་ཤིང་བྲན་ལས་ཉན་པ་ཡིས། །བདག་གི་ཅི་བཅོལ་ལས་རྣམས་བསྒྲུབ་པ་དང་། །མཆོག་དང་མཐུན་མོང་དངོས་གྲུབ་སྩོལ་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ། གཉིས་སུ་མེད་པར་ཐིམ། རུཙིར་ཉེར་གཅིག །སྔགས་བཟླས་མཐར་སྟོང་འགྱུར། བསྐྱེད་རིམ་གསལ་བའི་ངང་ལས་སྙིང་ཁར་ཉི་མའི་དཀྱིལ་འཁོར་ལ། ཨཿཀཿསཿམཿརཿཙཿཤཿདཿརཿ སཿམཿརཿཡཿཕཊཿ ཅེས་པའི་རང་བྱུང་གི་ཡི་གེ་བཅུ་བཞི་པོ་འདི། མགོ་ན་ཨོཾ་དང་མཇུག་ན་སཱཧཱ་མེད། གི་གུ་འགྲེང་བུ་ན་རོ་ཞབས་ཀྱུ་ཡ་བཏགས་ར་བཏགས་མེད་པའོ། །སྔགས་དང་དམིགས་པ་བཏུན་ནས་སྨྲ་བ་བཅད། འབུམ་ཚོ་གཅིག་རྩ་བའི་བསྙེན་ཚད་ཡིན། རབ་འབུམ་གསུམ། གྲུབ་རྟགས་ནི། རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་སེང་གདོང་རིགས་ལྔ་སྐུ་མདོག་མཐོང་བ་དང་། བུད་མེད་ཚོགས་དབང་དུ་འདུ་བ་དང་། ཚེ་སྒྲུབ་པའི་དུས་མཁའ་འགྲོ་མའི་ཚོགས་འདུད། དབང་འདུས་ཀྱི་དུས་སུ་ལྷ་འདྲེ་མི་གསུམ་གྱི་དངོན་བྱེད་པའོ། དྲག་པོ་གཏོར་མའི་དུས་གཅན་ཟན་སོགས་ཀྱི་སེམས་ཅན་མང་པོ་གསོད། ས་དང་དམག་དང་བཀྲ་མི་ཤིས་པའི་རྟགས་དང་མཚོན་ཆའི་ཚོགས་མང་པོ་བྱུང་སྟེ། དེ་དུས་གཏོར་མ་དགྲ་ལ་རྒྱག་གོ །གསོད་བཟློག་ལྟར་འོང་། །བསྙེན་པ་རྒྱུན་དུ་བྱེད་ན། ཤེས་རབ་འཕེལ་ཞིང་ས་བཅུ་ནོན། ཡོན་ཏན་བསམ་ལས་འདས་ཏེ་ཡི་གེར་འཇིགས། གྲངས་བསྙེན་དུས་སུ་འཕྲེང་བ་ནང་དུ་འདྲེན། བཟློག་པའི་དུས་སུ་ཕྱིར་ལ་འདྲེན། བསྙེན་དུས་ཕཊ་ཟེར། བཟློག་དུས་ཕཊ་ཊ་ཟེར་རྒྱས་པ་ལ་སྤྲོ་ན་སེང་གདོང་རིགས་བཞི་སྐུ་མདོག་ཕྱག་མཚན་ཞི་རྒྱས་དབང་དྲག་གང་བྱེད་པའོ། །བཟློག་པ་བྱེད་པ་བདག་བསྐྱེད་གཙོ་མོའི་ཕྱག་གཡས་སུ་ཉི་མ་དང་། གཡོན་དུ་ཟླ་བ་བསྣམས་པའི་མདུན་དུ་ཉི་མ་ནུབ་ལ་ཉེ་བའི་དུས་སུ་ཆོས་འབྱུང་ནག་པོ་གྲུ་གསུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཐེ་བོང་གསེར་གྱི་སྟ་གྲི་དང་གོང་བུ་དངུལ་གྱི་ཤ་གདན་དུ་བསམ། དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པའི་སྐྱེ་རྦད་རྦད་བཅད། ཐིམ་ཐིམ་སོང་བར་བསམ་ལ་རྡུལ་དུ་བརླག་པའི་ངང་ལ་སྔགས་བཟླ། ཐལ་མོ་བརྡབ་པའི་ཉི་ཟླའི་བར་དུ་སྒོམ་ང་བཙིར་བལྟར་དུ་བསྒོམ། དེ་ལྟར་བྱས་པས་རྦོད་གཏོར་དགྲ་བགེགས་ཐམས་ཅད་བཟློག་གོ། མདུན་བསྐྱེད་ནི། སྭ་བྷཱ་ཝས་སྦྱངས། མདུན་བསྐྱེད་ཀྱི་སྐུ་གཟུགས་དང་བྲིས་སྐུ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། མདུན་དུ་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་མཐིང་ནག་ཏུ་གསལ་བ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། བཅོམ་ལྡན་འདས་མཁའ་འགྲོ་སེང་གདོང་མའི་གོ་འཕང་ལ་བཀོད། ཚུར་འདུས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། བཅོས་ལྡན་འདས་མཁའ་འགྲོ་སེངྒེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞལ་བགྲད་མཆེ་བ་བརྩིགས་ཤིང་། ལྗགས་དམར་གློག་ལྟར་འཁྱུག་པ། སྤྱན་གསུམ་རྣམ་པར་འཕྲོ་ཞིང་དུས་གསུམ་གཟིགས་པ། དབུ་སྐྲ་ལྕགས་ཀྱི་རལ་པ་གྱེན་དུ་བརྫེས་ཤིང་ཐུར་དུ་འཕྱང་བ། གཅེར་བུ་རུས་པའི་རྒྱན་གྱིས་སྤྲས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། ཞབས་གཉིས་གཡས་བསྐུམ་གཡོན་རྐྱང་བས་གར་སྟབས་སུ་བཞུགས་པ། སྐུ་སྨད་ལ་སྟག་སྤགས་ཀྱི་ཤམ་ཐབས་གསོལ་བ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་འཆང་བ། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་པད་ཉི་རོ་གདན་ལ་བཞུགས་ཤིང་ཡེ་ཤེས་ཀྱི་མེའི་དབུས་སུ་རྣམ་པར་འགྱིང་པའོ། །དེའི་ཤར་དུ་སྐུའི་སེང་གདོང་མ་དཀར་མོ། ལྷོ་རུ་ཡོན་ཏན་ཀྱི་སེང་གདོང་མ་སེར་མོ། ནུབ་ཏུ་གསུང་གི་སེང་གདོང་མ་དམར་མོ། བྱང་དུ་འཕྲིན་ལས་ཀྱི་སེང་གདོང་མ་ལྗང་ཁུ། དེ་རྣམས་ཀྱང་སྐུ་མདོག་སོ་སོར་ལ་ཕྱག་མཚན་རྒྱན་ཆ་ལུགས་བཞུགས་ཚུལ་གཙོ་མོ་ལྟར་རོ། །ལྷ་ཚོགས་དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཁར་ཧཱུཾ་མཐིང་ཁ། ཡིག་འབྲུག་གསུམ་ལས་འོད་འཕྲོས། འོག་མིན་ཆོས་དབྱིངས་ཕོ་བྲང་ནས་སེང་གདོང་རིགས་ལྔ་ལ་རང་རང་འདྲ་བའི་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ་སྤྱན་དྲངས་བཛྲ་ས་མཱ་ཛཿ། སྤྱན་འདྲེན་ནི། ཕབས་ནས་༤ཆོས་འགྱུར། ཧཱུཾ༑ ཆོས་སྐུ་སྤྲོས་བྲལ་དབྱིངས་ཉིད་ལས། །གཟུགས་སྐུ་ཁྲོ་མོའི་སྐུར་སྟོན་པ། རོལ །ཐུགས་རྗེ་ཆེན་པོའི་ངང་ཉིད་ལས། །དངོས་གྲུབ་རྣམ་གཉིས་ཞུ་བའི་ཕྱིར། རོལ་བར་ །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། །མི་མཐུན་རྐྱེན་གྱིས་མི་གཡོ་བའི། །སྐྱེ་མེད་རྡོ་རྗེའི་ངང་ཉིད་ལས། །ཞི་བའི་ལས་མཛད་ཡུམ་ཆེན་མོ། །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། །དབུལ་འཕོངས་བདུད་ལས་རྣམ་རྒྱལ་མ། །རིན་ཆེན་ལྟ་བུའི་ངང་ཉིད་ལས། །རྒྱས་པའི་ལས་མཛད་ཡུམ་ཆེན་མོ། ཚང་ །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། ༤བར་ །ཉེས་སྐྱོན་དྲི་མས་མ་གོས་པའི་། །ཕྱི་ནང་གསང་བའི་ཆོས་རྣམས་སྟོན། །དབང་གི་ལས་མཛད་ཡུམ་ཆེན་མོ། །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། །ཁྲོ་མོའི་སྐུར་སྟོན་དྲག་ཤུལ་ཅན། །ཕྱི་ནང་བདུད་ལས་རྣམ་པར་རྒྱལ། །དྲག་པོའི་ལས་མཛད་ཡུམ་ཆེན་མོ། །གནས་མཆོག་འདི་རུ་སྤྱན་འདྲེན་ནོ། །ཐུགས་རྗེ་ཆེན་པོའི་དགོངས་མཛད་ལས། །བདག་དང་སེམས་ཅན་ཐམས་ཅད་ལ། །རྐྱེན་ངན་བར་ཆད་ཞི་བ་དང་། ཚང་ །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཞུགས་གསོལ་ནི། ༤ནས་བྲེལ། ཆོས་འབྱུང་གཞལ་ཡས་དམ་པ་འདིར། །དྲག་པོ་པད་ཉི་རོ་སྟེང་དུ། །སེང་གདོང་རིགས་ལྔ་འཁོར་དང་བཅས། །དགྱེས་པའི་ངང་ལ་གཤེགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། བཞག་རོལ། ཕྱག་འཚལ་ནི། རྟོག་བྲལ་ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །ཡེ་ཤེས་མཁའ་འགྲོ་སེང་གདོང་སྐུར་བཞེངས་པའི། །རྣམ་དག་གཙོ་མོ་འཁོར་དང་བཅས་པ་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། ། མཆོད་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏས། སྭབྷཱ་ཝས་སྦྱངས། མཆོད་རྫས་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ནས། བྷ་ཉྫའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། །མཆོད་རྫས་བཟང་ཞིང་ཐོགས་པ་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར། ༣དགའ་ཚལ། ཧཱུཾ༑ མཛེས་པའི་མེ་ཏོག་དབུ་ལ་འབུལ། །དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ། ༣བར་ །སྣང་གསལ་མར་མེ་སྤྱན་ལ་འབུལ། །ཡིད་འོང་དྲི་ཆབ་ཐུགས་ལ་འབུལ། །ཞལ་ཟས་སྣ་ཚོགས་ལྗགས་ལ་འབུལ། །སྒྲ་སྙན་རོལ་མོ་སྙན་ལ་འབུལ། །འགྲོ་བའི་དོན་ལ་བཞེས་སུ་གསོལ། །པུཥྤཱེ། དྷཱུ་པེ། ཨ་ལོ་ཀེ། གནྡྷྲེ། ནཻ་ཝ་དྱ། ཤ་པྟ་ཧཱུཾ། བསྟོད་པ་ནི། ༣ཞབས་གདུབ། ཧཱུཾ། དཔའ་མོ་མཁའ་སྤྱོད་གཙོ་མོ་ཁཊྭཱཾ་འཆང་། །འཕྲིན་ལས་ཐོགས་མེད་སྤྲུལ་སྒྱུར་ཅིར་ཡང་སྟོན། ༣ །མེ་དཔུང་དབུས་ན་འགྱིང་པའི་གར་མཛད་མ། །སྒྲུབ་པ་པོ་ལ་ཡིད་བཞིན་དངོས་གྲུབ་སྩོལ། ༣བར་ །ས་གསུམ་མཁའ་འགྲོའི་དབང་ཕྱུག་ཁྱོད་ལ་འདུད། །ཆོས་དབྱིངས་རྡོ་རྗེ་རཏྣ་པདྨ་དང་། །ཀརྨ་བི་ཤ་ལོ་ཀ་ཤ་ཟ་སོགས། །མ་མོ་འཁའ་འགྲོ་བྱེ་བ་འབུམ་སྡེས་བསྐོར། །འཕྲིན་ལས་ཐོགས་མེད་མཛད་པ་ཁྱོད་ལ་འདུད། །མ་ལས་བྱམས་ཤིང་སྲིང་ལས་ཉེ་བ་དང་། །གྲོགས་ལས་གདུངས་ཤིང་བྲན་ལས་ཉན་པ་ཡིས། །བདག་གིས་ཅི་བཅོལ་ལས་རྣམས་སྒྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། བཞག་རོལ་ཞེས་པ་ཡན་བརྗོད། དེ་ནས་གཏོར་འབུལ་ནི། ཨོཾ་བཛྲ་ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། གཏོར་རྫས་རྣམས་མི་དམིགས། སྟོང་པའི་ངང་ལས། ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧཱིཿ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེ་བུ་གུས་གཏོར་མ་གསོལ་བར་གྱུར། ཨོཾ་བཛྲ་ཌཱ་ཀི་ནི་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་ཕུལ། ཨོཾ་བཛྲ་ཌཱ་ཀྐི་ནི་ཨ་རྒྷ་པྲ་ཏཱི་ཙྪ་ཧཱུཾ་སྭཧཱ། །པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། བཛྲ་ཌཱ་ཀྐི་ནི་ཨོཾ་ཨཱཿཧཱུཾ། བདུད་རྩི་ཕུལ། རོལ་མོའི་སྒྲ་དང་བཅས་ཏེ་མཆོད་པ་འབུལ་བ་ནི། ༣སྲིན་གཟུགས། ཧཱུཾ༑ བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བཅོས་ལྡན་ཆོས་བདག་འཁོར་དང་བཅས། ༣བྲེལ་ །དམ་རྫས་མཆོད་གཏོར་འདི་བཞེས་ལ། །ཁྱོད་ཀྱིས་སངས་རྒྱས་བསྟན་པ་བསྲུང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛོད། །མི་མཐུན་ཕྱོགས་རྣམས་ཐལ་བར་རློག །བསམ་པའི་ལས་རྣམས་མྱུར་དུ་སྒྲུབས། །བདག་ཀྱང་རེ་ལྟོས་ཁྱོད་ལས་མེད། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཧཱུཾ༑ ཤར་ཕྱོགས་ཆོས་བདག་འཁོར་དང་བཅས། །དཀར་མོ་ཞི་བའི་ལས་མཛད་མ། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །དཀར་མོ་ཞི་བའི་ལས་མཛོད་ཅིག །ལྷོ་ཕྱོགས་ཆོས་བདག་འཁོར་དང་བཅས། །སེར་མོ་རྒྱས་པའི་ལས་མཛད་མ། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །སེར་མོ་རྒྱས་པའི་ལས་མཛོད་ཅིག །ནུབ་ཕྱོགས་ཆོས་བདག་འཁོར་དང་བཅས། །དམར་མོ་དབང་གི་ལས་མཛད་མ། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །དམར་མོ་དབང་གི་ལས་མཛོད་ཅིག །བྱང་ཕྱོགས་ཆོས་བདག་འཁོར་དང་བཅས། །ལྗང་མོ་དྲག་པོའི་ལས་མཛད་མ། དམ་རྫས་མཆོད་གཏོར་འདི་བཞེས་ལ། ལྗང་མོ་དྲག་པོའི་ལས་མཛོད་ཅིག །ཀུན་འདུས་གཙོ་མོ་སེང་གདོང་མ། །ཞི་རྒྱས་དབང་དྲག་ལས་མཛད་མ། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །འཕྲིན་ལས་རྣམ་བཞིའི་ལས་རྣམས་སྒྲུབས། །བསྟོདཔ་ནི། ༣བྱང་ཤར་ཐོད་པ། ཧཱུཾ༑ མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །སྐྱེས་པའི་ཆོ་འཕྲུལ་འབར་བའི་སྐུར་བསྟན་ནས། ༣ །འགྲོ་དོན་མཛད་པའི་ཡེ་ཤེས་མཁའ་འགྲོ་མ། །བཅོམ་ལྡན་ཁྲོ་མོའི་སྐུ་ལ་ཕྱག་འཚལ་བསྟོད། ༣བར་ །གཅེར་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངའ་མ། །སྣ་ཚོགས་སྤྲུལ་པའི་འགྲོ་བའི་དོན་མཛད་མ། །དབུ་སྐྲ་གྱེན་འཐུར་འཕྱང་བས་སྤྲུལ་པ་འགྱེད། །ལྷག་པའི་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །དུས་གསུམ་གཟིགས་ཕྱིར་སྤྱན་གསུམ་རྣམ་པར་གཟིགས། །སྡང་དགྲ་གནོད་བྱེད་འཇོམས་ཕྱིར་མཆེ་བ་གཙིགས། །ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས། །བདུད་སྡེ་དཔུང་འཇོམས་མ་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་གྲི་གུག་དུག་ལྔ་གཅོད་ཅིང་གཏུབ། །ཕྱག་གཡོན་ཐོད་ཁྲག་སྐྱེ་མེད་དབྱིངས་ལ་རོལ། །སྣ་ཚོགས་གཉིས་མེད་དུ་མ་རོ་གཅིག་སྟོན། །མཐོང་ཐོས་དྲན་མཆོག་མ་ལ་ཕྱག་འཚལ་བསྟོད། །གཡས་བསྐུམས་གཡོན་རྐྱང་ཐབས་ཤེས་དབྱེར་མེད་དང་། །དགག་སྒྲུབ་མི་མངའ་པད་ཉི་རོ་གདན་བཞུགས། །ཡོན་ཏན་བྱེ་བས་བརྒྱན་པའི་སྐུ་མངའ་མ། །ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་ཅན། །དཔའ་མོའི་ཆ་ལུགས་སྟག་གི་ཤམ་ཐབས་གསོལ། །མཁའ་འགྲོ་བྱེ་བའི་འཁོར་གྱིས་ཡོངས་སུ་བསྐོར། །ཌཱ་ཀྐི་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་ནག་སྐྱེ་མེད་ཐུགས་མངའ་མ། །ཕྱག་རྒྱ་ལྔས་བརྒྱན་ལོངས་སྤྱོད་རྫོགས་པའི་སྐུ། །དགོས་འདོད་ཀུན་འབྱུང་འགྲོ་བའི་རེ་སྐོང་མ། །ཌཱཀྐི་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ནས་བདག་དང་དབྱེ་བ་མེད་པ་ལ། །མ་རིག་དབང་གིས་སྣང་སྟོང་གཉིས་སུ་ཕྱེ། །གཉིས་འཛིན་ཐེ་ཚོམ་ལོག་ལྟ་ཅི་མཆིས་པ། །རང་སྣང་རིག་པའི་གློང་དུ་མཐོལ་ལོ་བཤགས། །བྲེལ། མཛེས་སྡུག བསྟོད་པ་འབྲིང་པོ་ནི། ཧཱུཾ༑ རབ་འཇིགས་རྔམ་བརྗིད་ཁྲོ་མོ་ཀུན་གྱི་གཙོ། །འཕྲིན་ལས་རྣམ་བཞིས་གང་འདུལ་འགྲོ་དོན་མཛད། བར་ །ཁམས་གསུམ་འགྲོ་ཀུན་སྨིན་ཅིང་གྲོལ་མཛད་མ། །སེང་གདོང་སྡེ་ལྔའི་ཚོགས་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་རྣམ་སྤྲུལ་ཁྲོ་མོའི་སྐུར་བཞེངས་ནས། །འབྱུང་པོ་གདུག་པ་ཅན་རྣམས་ཚར་བཅད་དེ། །དངོས་སུ་བསྒྲལ་ནས་དབྱིངས་སུ་སྦྱོར་མཛད་པའི། །སེང་གདོང་སྡེ་ལྔའི་ཚོགས་ལ་ཕྱག་འཚལ་བསྟོད། །མཐུ་གཏད་གནོད་བྱེད་མ་ལུས་བཟློག་ཅིང་གསོལ། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛོད། །མཐུན་རྐྱེན་དགོས་འདོད་ཐམས་ཅད་སྩོལ་མཛད་པའི། །སེང་གདོང་སྡེ་ལྔའི་ཚོགས་ལ་ཕྱག་འཚལ་བསྟོད། །བསྟོད་པ་ཆུང་བ་ནི། ཧཱུཾ༑ སྣ་ཚོགས་པད་ཉི་རོ་ཡི་གདན་སྟེང་ན། །ཆར་སྤྲིན་མདོག་ཅན་རི་དྭགས་རྒྱལ་མོའི་གདོང་། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །ཡེ་ཤེས་མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་བསྟོད། །འཛབ་ནི། འཛབ་རོལ། ཨཱཿམི་འགྱུར་བདེ་བ་ཆེན་པོའི་རྩལ། །སོ་སོར་རིག་པའི་དཔལ་ཤར་བ། །དཔལ་ལྡན་ཡེ་ཤེས་མཁའ་འགྲོ་ནི། །སྣང་སྟོང་ནམ་མཁའི་འཇའ་ཚོན་ལྟར། རོལ་ །བདེན་བརྫུན་བྲལ་བ་ཆུ་ཟླའི་གར། །ཇི་བཞིན་སྐུ་ཡི་གསང་བ་ཆེ། །རྣལ་འབྱོར་བདག་གི་ལུས་ལ་ཕོག །སྣང་སྟོང་ལྷ་ཡི་སྐུར་རྫོགས་ཤོག བར་ །སྐྱེ་མེད་ཡི་གེ་དང་པོ་ནི། །འགག་མེད་སྔགས་ཀྱི་གདངས་སུ་ཤར། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས། །ཀུན་རྫོབ་འགྲོ་ཀུན་སྒྲོལ་བའི་སྒྲ། རོལ་ །དོན་དུ་གསུང་གསང་མི་བཟད་པའི། །རྒྱན་གྱི་འཁོར་ལོའི་བདག་ཉིད་ཆེ། །གསུང་གི་གསང་བ་བདག་ལ་སྩོལ། །གྲགས་སྟོང་རྒྱལ་བའི་གསུང་ཐོབ་ཤོག རོལ་ །ལྷན་སྐྱེས་མི་འགྱུར་བདེ་བའི་དངོས། །དངོས་ཀུན་གཞིར་རྫོགས་ཕྱག་རྒྱ་ཆེ། །སྐྱེ་འགག་གནས་པའི་མཐས་དབེན་པ། །རྒྱལ་ཀུན་བསྐྲུན་པའི་ཡུམ་གཅིག་མ། རོལ་ །དཔའ་ལྡན་ཡེ་ཤེས་མཁའ་འགྲོ་ནི། །ཀུན་ཁྱབ་ཐུགས་ཀྱི་གསང་བ་ཆེ། །རྣལ་འབྱོར་བདག་གི་སེམས་ལ་ཕོག །རིག་སྟོང་ཆོས་ཀྱི་སྐུ་ཐོབ་ཤོག རོལ་ །ལྷག་པའི་ལྷ་ཁྱོད་བསྙེན་པའི་མཐུས། །གནས་སྐབས་འཕྲིན་ལས་བཞི་འགྲུབ་ཅིང་། །མཐར་ཐུག་བླ་མེད་བྱང་ཆུབ་ཀྱི། །གོ་འཕང་འགྲུབ་པའི་དངོས་གྲུབ་སྩོལ། །བསྟོད་རྩལ་ནས་བཞག་རོལ། མདུན་བསྐྱེད་བསྐུལ་བའི་སྔགས་བཟླ་མཐར་སྟོང་འགྱུར་བརྗོད། དེ་ནས་ཚོགས་བྱིན་རླབས་ནི། ཚོགས་རྫས་རྣམས་ཨོཾ་མ་དག་པ་སྦྱངས། ཨཱཿམང་པོ་སྤེལ། ཧཱུཾ་གིས་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་དུ་སྦར། ཧོཿཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་བྱུར། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་ལན་བདུན་བརྫོད། འཛབ་རོལ། གཏན་གྱི་སྐྱབས་མགོན་བླ་མ་རིན་པོ་ཆེ། །དག་པའི་ཞིང་མཆོག་གང་ན་བཞུགས་ལགས་ཀྱང་། །དད་པའི་ཤུགས་ཀྱིས་གནས་འདིར་སྤྱན་འདྲེན་ན། །ཐུགས་རྗེའི་གཏེར་ཆེན་མྱུར་དུ་འབྱོན་དུ་གསོལ། །དམ་རྫས་འདི་རྣམས་ཡེ་ཤེས་བདུད་རྩིར་གྱུར། །བདག་ཅག་རྣམས་ལ་བྱིན་རླབས་དབང་བསྐུར་ནས། །འབྲལ་བ་མེད་པར་རྗེས་སུ་བཟུང་མཛད་པས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་དུ་གསོལ། རོལ་ །བདག་གིས་རྩེ་གཅིག་བསྒྲུབ་པའི་ཡི་དམ་ལྷ། །དག་པའི་ཞིང་མཆོག་གང་ན་བཞུགས་ལགས་ཀྱང་། །དད་པའི་ཤུགས་ཀྱིས་གནས་འདིར་སྤྱན་འདྲེན་ན། །ཐུགས་རྗེའི་གཏེར་ཆེན་མྱུར་དུ་འབྱོན་དུ་གསོལ། །དམ་རྫས་འདི་རྣམས་ཡེ་ཤེས་བདུད་རྩིར་གྱུར། །བདག་ཅག་རྣམས་ལ་བྱིན་རླབས་དབང་བསྐུར་ནས། །འབྲལ་བ་མེད་པར་རྗེས་སུ་བཟུང་མཛད་པས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། རོལ་ །དམ་ཚིག་ཅན་གྱི་སྟང་འཛིན་མཁའ་འགྲོ་མ། །དག་པའི་ཞིང་མཆོག་གང་ན་བཞུགས་ལགས་ཀྱང་། །དད་པའི་ཤུགས་ཀྱིས་གནས་འདིར་སྤྱན་འདྲེན་ན། །ཐུགས་རྗེའི་གཏེར་ཆེན་མྱུར་དུ་འབྱོན་དུ་གསོལ། །དམ་རྫས་འདི་རྣམས་ཡེ་ཤེས་བདུད་རྩིར་གྱུར། །བདག་ཅག་རྣམས་ལ་བྱིན་རླབས་དབང་བསྐུར་ནས། །འབྲལ་བ་མེད་པར་རྗེས་སུ་བཟུང་མཛད་པས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། རོལ་ །ཀུན་ཏུ་བསྲུང་སྐྱོབས་བྱེད་པའི་ཆོས་སྐྱོང་ཚོགས། །དག་པའི་ཞིང་མཆོག་གང་ན་བཞུགས་པ་ལགས་ཀྱང་། །དད་པའི་ཤུགས་ཀྱིས་གནས་འདིར་སྤྱན་འདྲེན་ན། །ཐུགས་རྗེའི་གཏེར་ཆེན་མྱུར་དུ་འབྱོན་དུ་གསོལ། །དམ་རྫས་འདི་རྣམས་ཡེ་ཤེས་བདུད་རྩིར་གྱུར། །བདག་ཅག་རྣམས་ལ་བྱིན་རློབས་དབང་བསྐུར་ནས། །འབྲལ་བ་མེད་པར་རྗེས་སུ་བཟུང་མཛད་པས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །བྱིན་གྱིས་བརླབས་ནས་ཚོགས་ཕུད་དང་པོ་ནི། དང་པོ་ཕུད་ཀྱི་མཆོད་པ་ནི། །བྱིན་གྱིས་བརློབས་པའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་མ། །འཕྲིན་ལས་སྒྲུབ་པའི་ཆོས་སྐྱོང་ལ། །དགྱེས་པའི་མཆོད་རྫས་མ་ལུས་པ། །ནམ་མཁའ་གང་བར་དམིགས་ཏེ་འབུལ། །བར་མ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ཐམས་ཅད་རང་སེམས་སུ། །གཅིག་པ་སྔོན་ཆད་མ་འཚལ་བ། །བདག་གིས་ཉེས་པ་ཆེན་པོ་བྱས། །དེ་ནི་སོ་སོ་རང་རིག་པའི། །ཡེ་ཤེས་གློང་དུ་མཐོལ་བཤགས་ན། །ཇི་ལྟར་ཆུ་ལ་ཆུ་བཞག་བཞིན། །དབྱེར་མེད་རྟོགས་པར་བྱིན་གྱིས་བརློབས། ཐ་མ་ །བདག་གི་ཚེ་འཕྲོག་གདོན་གྱི་ཚོགས་། །འཆི་བདག་བདུད་ཀྱི་སྡེར་བཅས་རྣམས། །ཚོགས་འདིར་བསྟིམ་ནས་ཁྱེད་ཞལ་བཏབ། །རྟག་ཏུ་བགེགས་དང་བྲལ་བར་ཤོག །བསྐང་བ་ནི། ༣དགའ་ཚལ། ན་མོ། ལྕང་ལོར་བཅས་པའི་བྷནྡྷ་རུ། །དམར་གཏོར་ཁྲག་དང་ཞག་གིས་བརྒྱན། ༣ །ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུག །མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། ༣བར་ །རཀྟའི་རྒྱ་མཚོ་ཕྱག་ར་ར། །འོ་མཚོ་དཀར་མདངས་ཁྱི་ལི་ལི། །ཞག་གི་རྒྱ་མཚོར་མེ་རེ་རེ། །ཞུན་ཆེན་སུར་དུད་ཆི་ལི་ལི། །སྒྲ་དང་རོལ་མོ་དི་རི་རི། །རྐང་གླིང་ཐོད་ལྔ་ཁྲོ་ལོ་ལོ། །དགྲ་བོའི་ཤ་ཁྲག་ཉི་ལི་ལི། །མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །དམ་ཉམས་དགྲ་བགེགས་མྱུར་དུ་སྒྲོལ། །ཌཱཀྐི་སིདྷ་མུ་ཁ་ཨརྒྷཾ། པཱདྱཾ། པུཥྤེ་ནས་ཤ་པྟའི་བར་པྲ་ཏི་ཙྪ་པུ་ཅོ་ཧོཿ མཧཱ་མཾ་ས། ཙིཏྟ་གོ་རོ་ཙ་ན་རཀྟ་བྷ་སུ་ཏ་བ་ལིངྟ་ཁཱ་ཧི། དངོས་གྲུབ་ལེན་ཆོག་ནི། ཧཱུཾ བླ་མ་ལྷ་དང་ཡེ་ཤེས་མཁའ་འགྲོ་མའི། །དཀྱིལ་འཁོར་སྐུ་ལ་རྫོགས་པའི་ལྷ་ཚོགས་ལ། །ལས་སྐལ་ལྡན་ཚོགས་དབང་གི་ཕོ་བྲང་འདིར། །ཟག་མེད་ཡེ་ཤེས་ཚོགས་འཁོར་བསྐོར་བྱས་པས། །དང་པོ་ཕུད་ཀྱིས་བརྒྱུད་པའི་བླ་མ་མཆོད། །དགྱེས་པར་རོལ་ལ་ཐུགས་རྗེས་བྱིན་གྱིས་རློབས། །གཉིས་པ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད། །གཉིས་མེད་རོལ་ལ་རིགས་ལྔའི་དངོས་གྲུབ་སྩོལ། །གསུམ་པ་མ་མགོན་དམ་ཅན་རྒྱ་མཚོ་མཆོད། །གཡར་དམ་སྐོང་ལ་ཐོགས་མེད་འཕྲིན་ལས་སྒྲུབས། །དེ་རྣམས་མཉེས་པའི་ལྷག་མའི་མཆེད་ལྕམ་རྣམས། །དངོས་གྲུབ་ཀུན་འདུས་འདོད་པའི་རེ་བ་བསྐོང་། །གནས་སྐབས་མཐར་ཐུག་གཉིས་ཀའི་ཚེ་སྩོལ་ཞིག །གཏེར་བདག་ཆེན་པོ་ནོར་གྱི་དངོས་གྲུབ་སྩོལ། །བུ་སློབ་དར་ཞིང་རྒྱས་པའི་དངོས་གྲུབ་སྩོལ། །ཅི་བསམ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཨོཾ་ག་ན་ཙཀྲ་སརྦ་སི་དྡྷི་མེ་བྲ་ཡ་ཙྪནྟུ་སཱཧཱ། རྩ་ལྟུང་བཤགས་པ་བཏང་ནས་ཚོགས་ལ་རོལ། ལྷག་མ་ཁ་ཁྲུས་བཏབ་སྟེ། ལྷག་ལ་དགྱེས་པའི་མ་དང་སྲིད། །འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ཅན། །དཀར་སེར་དམར་ལྗང་སྔོ་དང་ཁྲག །དགྱེས་པར་འདི་ལ་རོལ་ནས་ཀྱང་ཞི་རྒྱས་དབང་དང་དྲག་པོའི་ལས། །གང་ལ་གང་འོས་མཛད་པས་ན། །བསམ་པ་ལྷུན་གྱིས་འགྲུབ་པ་ཡི། །དངོས་གྲུབ་མྱུར་དུ་ཐོབ་པར་གསོལ། །ཨོཾ་ཨུ་ཙིཥྚ་བྷཀྵ་སི་སྭཱཧཱ། ཧེ་རུ་ཀ་ཡི་སོགས་བརྗོད། ཐུགས་ནམ་བསྐུལ་བར་འདོད་ན་དམར་གཏོར་ལ་བདུད་རྩི་རཀྟ་བྲན་ལ། ཧཱུཾ་བྷྱོཿ ཁྲག་འཐུང་ཡེ་ཤེས་མཁའ་འགྲོ་མ། །བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཁྲག༌མཚོ༌འཁོལ༌བའི༌དབུས༌ནས༌བཞེངས། །སྲུང༌མ༌འཁོར༌བཅས༌རོལ༌དུ༌འཁྲིད། །བདག༌ལ༌གནོད༌པའི༌དགྲ༌བོ༌འདིས། །བླ༌མ༌རྣམས༌ཀྱི༌སྐུ༌ལ༌བསྡོས། །སངས༌རྒྱས༌བསྟན༌པའི༌རྨང༌རྡོ༌བཤིག །ཆོས༌མཛད༌ཡོངས༌ལ༌བརྙས༌སུ༌བྱེད། །དགེ་བ་བཅུ་ཡི་སོ་ནམ་བཅག །མི་དགེ་བཅུ་པོ་དང་དུ་བླངས། །རྣལ་འབྱོར་བདག་ལ་བསྡོས་སུ་བཅུག །སྔགས་སུ་ཁྱོད་ལ་མཐུ་མེད་ཟེར། །བསྐུལ་ལོ་མཁའ་འགྲོ་ལས་ལ་བསྐུལ། །འདི་ལ་ཁྱོད་ཀྱི་མཐུ་མེད་ན། །ཁྲག་འཐུང་ཆེན་པོའི་བཀའ་ཡང་བཅག །ཁྱེད་ཀྱང་དམ་ཚིག་ཉམས་པ་རེ། །རྣལ་འབྱོར་ཡིད་ཀྱང་མི་ཆེས་ཏེ། །རྒྱུ༌འབྲས༌བདེན༌པས༌མི༌བསླུ༌འམ། །དགྲ༌བོ༌ཚེ༌ཟད༌དུས༌བབ༌ན། །ཁྱོད༌ཀྱི༌མཐུ༌རྩལ༌ཅི༌ཞིག༌བྱ། །གློ༌བུར༌ཧུར༌ཐུམ༌དུས༌ལ༌བབ། །སྲོག༌རྩ༌གཅོད༌ལ༌སྙིང༌ཁྲག༌འཐུང༌། །ལོ༌དང༌ཟླ༌བ༌བཞག༌ཐབས༌མེད། །སྲོག༌སྟོར༌དོན༌སྙིང༌ད༌ལྟ༌ལོང༌། །དུས༌ལ༌བབ༌བོ་ས༌མ༌ཡཱ། །བྷྱོཿ སྔོན༌ཚེ༌རྒྱལ༌དབང༌པདྨ༌འབྱུང༌གནས༌དང༌། །བ༌རི༌ལོ༌ཙཱ༌དྲིན༌ཅན༌བླ༌མ༌རྗེ། །རིག༌འཛིན༌གྲུབ༌བརྙེས་གོང་མ་ཐམས་ཅད་ཀྱིས། །ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །སྣང་སྲིད་ལྷ་སྲིན་དྲེགས་པ་ཐམས་ཅད་ཀུན། །འཁྲུལ་སྣང་གཟུགས་སྟོན་སྲོག་གི་སྙིང་པོ་ཕུལ། །ཐར་ལམ་བྱང་ཆུབ་སྒྲུབ་ལ་གནོད་བྱེད་པའི། །དུག་ལྔའི་སྲོག་རྩ་གཅོད་པར་དམ་བཅས་བཞིན། །ལས་ཀྱི་མ་མོ་ལྷ་སྲིན་དྲེགས་པའི་ཚོགས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཕ་རོལ་བསམ་སྦྱོར་ངན་པའི་བྱད་ཁ་དང་། །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་ཞི། །ཧོར་སོག་འཇིགས་པའི་དམག་དཔུང་དགྲ་ལ་བཟློག །ཁྱད་པར་འཁོར་བའི་རྒྱུ་གཙོ་མ་རིག་པ། །ཀ་དག་ཆོས་སྐུའི་གློང་དུ་གྲོལ་བར་མཛོད། །སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་སྒྱུར། །ལྷ་འདྲེའི་་དམག་ཚོགས་ཐམས་ཅད་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་བའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང་། །མཚེ་ཟོར་རྦད་འདྲེ་ཕུངས་ཟོར་འཕེན་པ་བསྒྱུར། །ས་དང་ཀླུ་ཡིས་བྱད་དུ་བཅུག་པ་དང་། །ཐེ་རངས་འབྱུང་པོའི་སྲི་རྐུན་ཐམས་ཅད་བསྒྱུར། །གཤིན་རྗེའི་འཁོར་ལོ་བདུད་ཀྱི་རྐོལ་འདེབས་དང་། །མུ་སྟེགས་ངན་པའི་བར་ཆད་བྱེད་པ་སྒྱུར། །རྒྱལ་བསེན་རྣམས་ཀྱི་སྨྱོ་འབོགས་གཏོང་བ་དང་། །དྲང་སོང་གཟའ་དང་ཀླུ་གདོན་གནོད་པ་སྒྱུར། །ཞང་ཞུང་བཙེ་མོར་སུམ་པའི་གླང་ཟོར་དང་། །བོན་པོ་རྣམས་ཀྱི་ལྟ་ཟོར་འཕེན་པ་སྒྱུར། །བནྡྷེའི་སྔགས་ཟོར་སྐྱེ་བོའི་མདའ་ཟོར་དང་། །བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་སྒྱུར། །བདུད་ཀྱི་གཤེད་ལའང་བརྗེད་བྱེད་འབྱུང་པོ་དང། །མ་མོ་རྣམས་ཀྱིས་སྟག་ཟོར་འཕེན་པ་སྒྱུར། །མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུང་བརྒྱད་ཅུ་རྩ་གཅིག་སྒྱུར། །བཞི་བརྒྱ་རྩ་བཞིའི་མི་ནད་ཕྱུགས་ནད་དང་། །གདོན་རིགས་ཉི་ཁྲི་ཆིག་སྟོང་གནོད་པ་སྒྱུར། །སྟོང་ཕྲག་བརྒྱད་བཅུའི་བགེགས་རྣམས་མ་ལུས་པ། །ཡེ་འབྲོག་ཆེན་པོ་སུམ་བརྒྱ་དྲུག་ཅུ་དང་། །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐྱེག །མི་མཐུན་ཚོགས་རྣམས་དགྲ་བགེགས་སྟེང་དུ་སྒྱུར། དུས་མིན་འཆི་དང་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་སྒྱུར། །དེ་ལྟར་མ་མོ་འཁོར་བཅས་ཀྱིས་ནས་དེ་ནི་ཁྱོད་ཀྱི་སྒྲུབས་པར་མཛོད། །ཅེས་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་། །དེ་ནས་བཟློག་པ་བྱ་བ་ནི། ན་མོཿ བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་ཕྱག་འཚལ་བ་ལ་བརྟེན་ནས། བདག་གི་བདེན་པའི་ཚིག་འདི་འགྲུབ་པར་གྱུར་ཅིག །སྔོན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་གྱི་ལྟ་སྒོམ་ཟབ་མོ་ཐུགས་ལ་མཛད། སྔགས་སྒྲུབ་ཟབ་མོ་ཞལ་འདོན་དུ་མཛད་པའི་མཐུ་དང་ནུས་པ་ལ་བརྟེན་ནས། མུ་སྟེགས་སྟོན་པ་ལྔ་བརྒྱའི་ངན་སྔགས་ཕྱིར་ལ་བཟློག་པ་དེ་བཞིན་དུ། བདག་གིས་ཀྱང་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་གྱི་ལྟ་སྒོམ་ཟབ་མོ་ཡིད་ལ་བྱ། སྔགས་སྒྲུབ་ཟབ་མོ་ཁ་འདོན་དུ་བྱེད་པའི་མཐུ་དང་ནུས་པ་ལ་བརྟེན་ནས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པ། ཁྱད་པར་དུ་རིག་འཛིན་གྱི་རྣལ་འབྱོར་པ་བདག་ཅག་དཔོན་སློབ་གྲོགས་མཆོད་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་བཀའ་བདེན་པས་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིས། རྒྱས་ན་ལན་གསུམ་རེ། སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིགས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་ཐམས་ཅན་ཚར་བཅད་ནས། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཁྱོད་ཀྱི་རིགས་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །གཏོར་མ་བདུད་རྩི་རཀྟ་བྲན་ལ། །འཕྲིན་ལས་བཅོལ་བ་ནི། ཡེ་ཤེས་མཁའ་འགྲོ་ལྷ་ཚོགས་རྣམས། །བདག་ལ་བརྩེ་བས་དགོངས་སུ་གསོལ། །ཁྱོད་ནི་ཡེ་ཤེས་ལྔ་དང་ལྡན། །ཉེས་སྐྱོན་དྲི་མས་མ་གོས་པའི། །ཡེ་ཤེས་སྤྱན་གྱིས་གཟིགས་སུ་གསོལ། །ཐོག་མེད་དུས་ནས་ད་ལྟའི་བར། །མ་རིག་འཁྲུལ་པའི་ལས་དབང་གིས། །ལས་ངན་མི་དགེ་ཚོགས་རྣམས་ཀུན། །ལུས་ངག་ཡིད་ཀྱིས་ཅི་བགྱིས་པ། །ལྷ་ཚོགས་ཁྱེད་ཀྱི་སྤྱན་སྔར་བཤགས། །བདག་གིས་མ་ཚོར་ཉམས་སྲིད་པས། ཡེ་ཤེས་སྤྱན་ལྡན་ཁྱེད་རྣམས་ཀྱི། །དྲུང་དུ་མི་དགེ་སྣ་ཚོགས་ཀུན། །མནོང་ཞིང་འགྱོད་པས་མཐོལ་ལོ་བཤགས། །ཁྱོད་ལ་སྙན་གསན་འབུལ་བ་ནི། བདག་གི་སྒོ་གསུམ་བྱིན་གྱིས་རློབས། །རྣལ་འབྱོར་བདག་ལ་ཚེ་འདིར་རུ། །མཆོག་དང་མཐུན་མོང་དངོས་གྲུབ་སྩོལ། །གཏོར་མ་བཤགས། སྔར་བཅོལ་ལེགས་བའི་གཏང་རག་དང་། །ད་བཅོལ་འཕྲིན་ལས་མ་ལུས་པ། །སྒྲུབ་པའི་གསོལ་འདེབས་གཉེན་པོ་རུ། །དམར་གྱིས་བརྒྱན་པའི་གཏོར་མ་འདི་བཞེས་ཅིག །ཤ་ཁྲག་དམར་གྱི་གཏོར་ཆེན་འདི་བཞེས་ཅིག །འཛམྦུ་ཏི་པའི་ཞལ་ཟས་འདི་བཞེས་ཅིག །ཛ་གད་དཔའ་བོའི་ཆང་ཕུད་འདི་བཞེས་ཅིག །གནོད་བྱེད་དགྲ་བགེགས་ཙིཏྟ་འདི་བཞེས་ཅིག །ཅི་བསམ་འགྲུབ་པའི་སྟོང་གྲོགས་མཛོད། །སངས་རྒྱས་བསྟན་པ་རིན་ཆེན་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། སྡང་བའི་དགྲ་དང་གནོད་པའི་བགེགས། །ཐར་པའི་བར་དུ་གཅོད་པའི་བདུད། རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །དགྲ་བགེགས་མ་ལུས་ཞི་བར་མཛོད། །སངས་རྒྱས་བསྟན་པ་དར་བ་དང་། །རྣལ་འབྱོར་བདག་ཅག་ཚེ་རིང་ཞིང། །སྒྲུབ་པ་མཐར་རུ་ཕྱིན་པར་ཤོག །ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་བརྗོད། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིས་རྩལ་བ། །དེ་ཡང་བཟོད་པར་མཛད་དུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནསཀྱང། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་སྦྱིན་པར་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྠ་བཛྲ་ཡེ་སྭཱཧཱ། །དགེ་བ་འདི་ཡིས་མྱུར་དུ་དང་། །ཡེ་ཤེས་མཁའ་འགྲོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཁྱོད་ལ་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་འཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །སོགས་ཀྱི་མཐར་སྨོན་ལམ་དང་བཀྲ་ཤིས་ཀྱིས་མཐའ་རྒྱན་པར་བྱའོ།། རབ་རྒྱལ་ལྕགས་ཕོ་འབྲུག་གི་ལོར། །སྤར་བཞེངས་གླེགས་བུ་རེ་རེ་ལ། ཊཾ་གསུམ་ཡོན་འགྱེད་མཛད་པོ་ནི། །རྫོང་དཔོན་འཕྲིན་ལས་སྟོབས་རྒྱས་སོ། །སྤར་འདི་བཀྲ་ཤིས་སྒང་དུ་བཞུགས།། །།
ཡིག་ནོར་སོགས་གཟིགས་ན་ཀུན་ལ་ཕན་ཆེད་མཆན་གནང་བར་ཞུ།

0 Comments
ཐུགས་འཆར་བཀོད་གནང་།