གསར་པ།

6/recent/ticker-posts

དགའ་ལྡན་ས་ལ་འཕོ་འདྲ།

 


༄༅། །དགའ་ལྡན་ས་ལ་འཕོ་འདྲ། །
སྐྱིད་པའི་ཡུལ་དེ་གང་ཡིན། །

འཛམ་གླིང་ཡུལ་གྱི་དྭངས་རྩེ། །དཔལ་ལྡན་འབྲུག་པའི་རྒྱལ་ཁམས། །

འབྲུག་ཡུལ་སྐྱིད་པའི་ཞིང་མཆོག །དེ་ནང་སུ་དང་སུ་བཞུགས། །
ཉི་ཟླ་ཟུང་གཅིག་ཤར་འདྲ། །མི་དབང་ཡབ་སྲས་བཞུགས་ཡོད། །

ཡབ་རྗེ་གསེར་གྱི་ཉི་མ། །ལྗོངས་འདིའི་ལྷ་ལམ་རྒྱན་དུ། །
མི་འགྱུར་བརྟན་པར་བཞུགས་པའི། །སྨོན་ལམ་ལན་བརྒྱར་ཞུ་གེ །

རྒྱལ་སྲས་དུང་གི་ཟླ་བ། །འགྱུར་མེད་གསེར་གྱི་ཁྲི་ལ། །
དབུ་འཕང་དགུང་ལས་མཐོ་བ། །སྨན་ལྗོངས་སྐྱེ་འགྲོའི་བསོད་ནམས། །

བདེ་སྟོང་བརྩེ་དགའི་འཁྲི་ཤིང་། །འཕྲིན་ལས་སྒྲུབ་པའི་གྲོགས་བཟང་། །
རྗེ་བཙུན་ཨཱརྻ་ཏཱ་རེ། །པདྨའི་སྦུབས་ནས་འཁྲུངས་འདྲ། །

ཉེས་པའི་དྲི་མས་མ་གོས། །གནམ་བསྐོས་ལུང་གི་བཙུན་མོ། །
ཁབ་ཏུ་བཞེས་པའི་རྟེན་འབྲེལ། །དགའ་སྟོན་བསྐལ་པ་བཟང་བྱུང་། །

གནམ་ལ་ཉི་ཟླ་སྐར་གསུམ། །ས་ལ་རྒྱལ་བློན་འབངས་གསུམ། །
འབྲུག་ཡུལ་དགའ་སྐྱིད་འཛོམས་པའི། །སྙན་གྲགས་འཛམ་གླིང་ཁྱབ་འགྲོ། །

ཐབས་ཤེས་འཕྲུལ་གྱི་སྙིང་པོ། །རྒྱལ་བརྒྱུད་འཛིན་པའི་ལྷ་སྲས། །
རིང་མིན་གསེར་ཞལ་ངོམ་པའི། །རྟེན་འབྲེལ་སྨོན་ལམ་ཞུ་གེ །

ལྷ་བསམ་རེ་བའི་ཞིང་སར། །གནས་གསུམ་དཔའ་བོ་མཁའ་འགྲོས། །
བཀྲ་ཤིས་དཔལ་གྱི་གྲུ་ཆར། །ད་ལྟ་ཉིད་དུ་ཕོབ་ཅིག །

Post a Comment

0 Comments