༄༅། །སུམ་རྟགས་ཀྱི་སྤྱི་དོན་མདོར་བསྡུས་བཞུགས་སོ། །
༄༅། །དང་པོ་སླར་བསྡུ་ལ། ངོ་བོ། ངེས་ཚིག །སྦྱོར་ཚུལ། དབྱེ་བ་དང་བཞི་ལས། དང་པོ་ངོ་བོ་ནི། གོ་ངོ་དོ་ནོ་སོགས་བཅུ་གཅིག་གོ །གཉིས་པ་ངེས་ཚིག་ནི། སྐབས་བབ་ཀྱི་བརྗོད་བྱའི་དོན་རྒྱ་ཆེར་མི་འཕྲོ་བར་དེ་ཙམ་གྱིས་སླར་འབྱུང་གི་དོན་བསྡུ་བས་ན་སླར་བསྡུ། གསུམ་པ་སྦྱོར་ཚུལ་ནི། སྒྲ་སྦྱོར་དང་དོན་སྦྱོར་ལྷན་གཅིག་ཏུ་བསྟན་པའོ། །བཞི་པ་དབྱེ་བ་ལ། དངོས་བསྟན་དང་ཤུགས་བསྟན་གཉིས། དངོས་བསྟན་གོ་ངོ་དོ་ནོ་སོགས་བཅུ་དང་། ཤུགས་བསྟན་ཏོ་སྒྲ་གཅིག་པུའོ། །གཉིས་པ་ལ་དོན་ལ། ངོ་བོ། ངེས་ཚིག །སྦྱོར་ཚུལ་དབྱེ་བ་དང་བཞི་ལས། དང་པོ་ངོ་བ་ནི། སུ་ར་རུ་དུ་ན་ལ་ཏུ་སྟེ་བདུན་ནོ། །གཉིས་པ་ངེས་ཚིག་ནི། སུ་རུ་དུ་སྦྱར་བའི་ཡུལ་ལ་ལ་ཡིག་འཇུག་ཏུ་རུང་བའི་དོན་ཅན་ཡིན་པས་ན་ལ་དོན། གསུམ་པ་སྦྱོར་ཚུལ་ལ་སྒྲ་སྦྱོར་དོན་སྦྱོར་གཉིས། བཞི་པ་དབྱེ་བ་སྒྲ་སྦྱོར་ལ། དངོས་དང་ཤུགས་བསྟན་གཉིས། དངོས་བསྟན་སུ་རུ་དུ་གསུམ་དང་ན་ལ་གཉིས་ཏེ་ལྔ། ཤུགས་བསྟན་ར་དང་ཏུ་གཉིས་སོ། །དོན་སྦྱོར་ལ་དབྱེ་ན། ལས་དང་། ཆེད་དང་། རྟེན་གནས། དེ་ཉིད། ཚེ་སྐབས་ཏེ་ལྔའོ། །དེ་ལས་ན་ལ་གཉིས་སྤྱིར་དེ་ཉིད་ལ་མི་འཇུག་པ་དང་། བྱེ་བྲག་ནའི་འཇུག་སྒོ་བརྒྱད་དང་། ལའི་འཇུག་སྒོ་གཉིས་ལོགས་སུ་ཡོད་དོ། །གསུམ་པ་ཨི་ལྡན་ལ། ངོ་བོ། ངེས་ཚིག །སྦྱོར་ཚུལ། དབྱེ་བ་དང་བཞི་ལས། དང་པོ་ངོ་བོ་ནི། གི་ཀྱི་གྱི་འི་ཡི་ལྔའོ། །གཉིས་པ་ངེས་ཚིག་ནི། དངོས་པོ་རྣམས་ཀྱི་མིང་དོན་ཕན་ཚུན་གཅིག་ཏུ་འབྲེལ་བར་བརྗོད་པའི་སྒྲ་ཡིན་པས་ན་འབྲེལ་སྒྲ། གསུམ་པ་སྦྱོར་ཚུལ་ལ་སྒྲ་སྦྱོར་དོན་སྦྱོར་གཉིས། བཞི་པ་དབྱེ་བ་སྒྲ་སྦྱོར་ལ་དངོས་བསྟན་དང་ཤུགས་བསྟན་གཉིས། དངོས་བསྟན་གི་ཀྱི་གྱི་འི་བཞི་དང་། ཤུགས་བསྟན་ཡི་སྒྲ་གཅིག་པུའོ། །དོན་སྦྱོར་ལ་དབྱེ་ན། འབྲེལ་སྒྲ་དང་། བྱེད་སྒྲ་གཉིས། དང་པོ་འབྲེལ་སྒྲ་ལ་དངོས་དང་དགག་བྱའི་དོན་ལ་འཇུག་པ་གཉིས། གཉིས་པ་བྱེད་སྒྲ་ལ་དངོས་དང་རྒྱུ་མཚན་ལ་འཇུག་པ་གཉིས་སོ། །བཞི་པ་རྒྱན་སྡུད་ལ། ངོ་བོ། ངེས་ཚིག །སྦྱོར་ཚུལ། དབྱེ་བ་དང་བཞི་ལས། དང་པོ་ངོ་བོ་ནི། ཀྱང་འང་ཡང་གསུམ་མོ། །གཉིས་པ་ངེས་ཚིག་ནི། ཚིག་སྔ་ཕྱི་འབྲེལ་ཞིང་སྡུད་པའི་རྒྱན་ཡིན་པས་ན་རྒྱན་སྡུད། གསུམ་པ་སྦྱོར་ཚུལ་ལ། སྒྲ་སྦྱོར་དོན་སྦྱོར་གཉིས། བཞི་པ་དབྱེ་བ་སྒྲ་སྦྱོར་ལ། དངོས་དང་ཤུགས་བསྟན་གཉིས། དངོས་བསྟན་ཀྱང་འང་གཉིས་དང་། ཤུགས་བསྟན་ཡང་སྒྲ་གཅིག་པུའོ། །དོན་སྦྱོར་ལ་དབྱེ་ན། མཐུན་པའི་རྒྱན་དང་། མི་མཐུན་པའི་རྒྱན་དང་། སྡུད་པའི་རྒྱན་དང་གསུམ་མོ། །ལྔ་པ་ལྷག་བཅས་ལ། ངོ་བོ། ངེས་ཚིག །སྦྱོར་ཚུལ་དབྱེ་བ་དང་བཞི་ལས། དང་པོ་ངོ་བོ་ནི། སྟེ་ཏེ་དེ་གསུམ་མོ། །གཉིས་པ་ངེས་ཚིག་ནི། བསྟན་བྱའི་དོན་ཡོངས་སུ་མ་རྫོགས་པར་ཚིག་ལྷག་མ་དང་བཅས་པའི་སྒྲ་ཡིན་པས་ན་ལྷག་བཅས། གསུམ་པ་སྦྱོར་ཚུལ་ལ། སྒྲ་སྦྱོར་དོན་སྦྱོར་གཉིས། བཞི་པ་དབྱེ་བ་སྒྲ་སྦྱོར་ལ། དངོས་དང་ཤུགས་བསྟན་གཉིས། དངོས་བསྟན་ས་སྟེ་གཅིག་པུ་དང་། ཤུགས་བསྟན་ཏེ་དེ་གཉིས་སོ། །དོན་སྦྱོར་ལ་དབྱེ་ན། མཚམས་སྦྱོར་དམ་བཅའ་གཞན་འདྲེན་དང་གསུམ་མོ། །དང་པོ་མཚམས་སྦྱོར་ལ། ནང་གསེས་གསུམ། གཉིས་པ་དམ་བཅའ་ལ་ནང་གསེས་བཞི། གསུམ་པ་གཞན་འདྲེན་ནི། ལྷག་མ་ཡོད་ཙམ་བསྟན་པའོ། །དྲུག་པ་འབྱེད་སྡུད་ལ། ངོ་བོ། ངེས་ཚིག །སྦྱོར་ཚུལ། དབྱེ་བ་དང་བཞི་ལས། དང་པོ་ངོ་བོ་ནི། གམ་ངམ་དམ་ནམ་སོགས་བཅུ་གཅིག་གོ །གཉིས་པ་ངེས་ཚིག་ནི། ཚིག་དོན་སོ་སོར་འབྱེད་པ་དང་སྡུད་པའི་སྒྲ་ཡིན་པས་ན་འབྱེད་སྡུད། གསུམ་པ་སྦྱོར་ཚུལ་ནི། སླར་བསྡུ་བཞིན་ནོ། །བཞི་པ་དབྱེ་བ་སྒྲ་སྦྱོར་ལ། དངོས་དང་ཤུགས་བསྟན་གཉིས། དངོས་བསྟན་གམ་ངམ་ངམ་དམ་ནམ་སོགས་བཅུ་དང་། ཤུགས་བསྟན་ཏམ་སྒྲ་གཅིག་པུའོ། །དོན་སྦྱོར་ལ་དབྱེ་ན། དངོས་དང་ཡན་ལག་གཉིས། དང་པོ་དངོས་ལ། འབྱེད་པ་དང་སྡུད་པ་གཉིས། གཉིས་པ་ཡན་ལག་ལ། དྲི་བ་དང་ཐེ་ཚོམ་གཉིས་སོ། །བདུན་པ་འབྱུང་ཁུངས་ལ། ངོ་བོ། ངེས་ཚིག །སྦྱོར་ཚུལ། དབྱེ་བ་དང་བཞི་ལས། དང་པོ་ངོ་བོ་ནི། ནས་ལས་གཉིས་སོ། །གཉིས་པ་ངེས་ཚིག་ནི། དངོས་པོ་གང་ཞིག་ཡུལ་གང་ལས་འབྱུང་བའི་ཁུངས་བསྟན་པས་ན་འབྱུང་ཁུངས། གསུམ་པ་སྦྱོར་ཚུལ་འབྱུང་ཁུངས་དངོས་ལ། ནས་ལས་གཉིས་པོ་གང་ཡང་རུང་བ་དང་། རིགས་མཐུན་དགར་ལ། ནས་དང་། རིགས་མི་མཐུན་པ་དགར་བ་ལ། ལས་སྒྲ་འཇུག་པ་དང་། སྡུད་པའི་དོན་ལ། ནས་སྒྲ་ཁོ་ནས་འཇུག་པའོ། །བཞི་པ་དབྱེ་བ་ལ། དངོས་དང་ཡན་ལག་གཉིས། དང་པོ་ལ། དངོས་དང་ཆ་མཐུན་གཉིས། གཉིས་པ་ཡན་ལག་ལ། དགར་དང་སྡུད་པ་གཉིས། དགར་བ་ལ། རིགས་དང་བྱ་བ་ཡོན་ཏན་དང་གསུམ་མོ། །སྡུད་པ་ལ། ཡུལ་དུས་དངོས་པོ་གསུམ་མོ། །བརྒྱད་པ་བོད་སྒྲ་ལ། ངོ་བོ། ངེས་ཚིག །སྦྱོར་ཚུལ་དབྱེ་བ་དང་བཞི་ལས། དང་པོ་ངོ་བོ་ནི། ཀྱེ་དང་ཀ་གཉིས་སོ། །གཉིས་པ་ངེས་ཚིག་ནི། མིང་ནས་འབོད་པ་ལྟ་བུའི་ཚིག་གསལ་བར་བསྟན་པའི་སྒྲ་ཡིན་པས་ན་བོད་སྒྲ། གསུམ་པ་སྦྱོར་ཚུལ་ལ། དངོས་དང་མིང་གི་ཐོག་མར་སྦྱར་བ་དང་། ཤུགས་བསྟན་བར་དང་མཐའ་ལའང་སྦྱར་རུང་བའོ། །བཞི་པ་དབྱེ་བ་ལ། དངོས་དང་དམིགས་བསལ་གཉིས། དངོས་ནི། ཀྱི་སྒྲ་གཅིག་པུ་དང་། དམིགས་བསལ་ནི་ཀ་ཡེ་ཀྭ་ཡེ་གཉིས་སོ། །ལྟོས་བཅས་ཀྱི་ཚིག་ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པའི་མུ་དང་། ལྟོས་བཅས་ཀྱི་ཚིག་ཕྲད་མ་ཡིན་ལ་རྣམ་དབྱེ་ཡིན་པའི་མུ་དང་། ལྟོས་བཅས་ཀྱི་ཚིག་ཕྲད་ཀྱང་ཡིན་ལ་རྣམ་དབྱེ་ཡིན་པའི་མུ་དང་། ལྟོས་བཅས་ཀྱི་ཚིག་ཕྲད་ཀྱང་མ་ཡིན་ལ་རྣམ་དབྱེ་ཡང་མ་ཡིན་པའི་མུ་དང་བཞི་ལས། དང་པོ་ལྟོས་བཅས་ཀྱི་ཚིག་ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པའི་མུ་ནི། སླར་བསྡུ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད་རྣམས་སོ། །གཉིས་པ་ལྟོས་བཅས་ཀྱི་ཚིག་ཕྲད་མ་ཡིན་ལ་རྣམ་དབྱེ་ཡིན་པའི་མུ་ནི། ལ་དོན་གྱི་ན་ལ་གཉིས་དང་། རྣམ་དབྱེ་ལྔ་པའི་ནས་ལས་གཉིས་སོ། །གསུམ་པ་ལྟོས་བཅས་ཀྱི་ཚིག་ཕྲད་ཀྱང་ཡིན་ལ་རྣམ་དབྱེ་ཡང་ཡིན་པའི་མུ་ནི། ལ་དོན་གྱི་སུ་ར་རུ་ལྔ་དང་ཨི་ལྡན་གྱི་གི་ཀྱི་ཡི་རྣམས་སོ། །བཞི་པ་ལྟོས་བཅས་ཀྱི་ཚིག་ཕྲད་ཀྱང་མ་ཡིན་ལ་རྣམ་དབྱེ་ཡང་མ་ཡིན་པའི་མུ་ནི། ནི་སྒྲ། དང་སྒྲ། དེ་སྒྲ་ལ་སོགས་པ་ཕྲད་རང་དབང་ཅན་རྣམས་སོ། །མིང་ཚིག་བརྗོད་པ་གསུམ་ནི། ཡི་གེ་སིལ་བུ་མང་དུ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་བྱུང་སྟེ་དཔེར་ན་ས་ག་ར་གསུམ་དབྱངས་ཡིག་གསུམ་པ་རྣམས་འདུས་པས་ལས་གསེར་ཞེས་པའི་མིང་བྱུང་། མིང་མང་དུ་འདུས་པ་ལས་དོན་གྱི་ཁྱད་པར་དང་བཅས་པ་སྟོན་པའི་ཚིག་བྱུང་སྟེ་དཔེར་ན་གསེར་གྱི་འཁོར་ལོ་ཞེས་པའི་ཚིག་བྱུང་། ཚིག་མང་དུ་འདུས་པ་ལས་ངག་གི་བརྗོད་པ་བྱུང་སྟེ་དཔེར་ན་གསེར་གྱི་འཁོར་ལོས་གླིང་བཞི་ལ་དབང་བར་བྱེད་དོ་ཞེས་པ་ལྟ་བུའོ། །མིང་གཞི་ནི། མཆོད་བརྗོད་ནས་གསུངས་པའི་མིང་གཞི་དང་། གཞན་དུ་མི་འགྱུར་བའི་མིང་གཞི་དང་། སྔོན་རྗེས་མིང་གསུམ་གྱི་ཟླས་ཕྱེ་བའི་མིང་གཞི་དང་གསུམ། དང་པོ་ནི། མིང་ཚིག་བརྗོད་པ་ཀུན་གྱི་གཞིར་རྒྱུར་པའི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ཐམས་ཅད་དོ། །གཉིས་པ་ནི། མིང་གཞི་ཁོ་ནར་ངེས་པའི་ཡི་གེ་ཉི་ཤུ་པོ་རྣམས་སོ། །གསུམ་པ་ནི། སྔོན་རྗེས་ཀྱི་བར་དུ་ཞུགས་པའི་ཡན་ལག་དང་ཡན་ལག་ཅན་གྱི་མིང་གཞིར་གྱུར་པ་རྣམས་སོ། །སྤྱིར་མིང་ལ་དངོས་མིང་དང་བཏགས་མིང་གཉིས། དང་པོ་ལ། འཇུག་པ་རྒྱུ་མཚན་གྱི་དངོས་དང་། བཤད་པ་རྒྱུ་མཚན་གྱི་དངོས་མིང་གཉིས། དང་པོ་ནི། ཀ་བ་དང་བུམ་པ་ལྟ་བུ། གཉིས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྟ་བུའོ། །གཉིས་པ་བཏགས་མིང་ལ། འདོད་རྒྱལ་དང་རྗེས་སྒྲུབ་གཉིས། དང་པོ་དངོས་མིང་དོན་གཅིག །གཉིས་པ་རྗེས་སྒྲུབ་ལ་དབྱེ་ན། འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་པ་བཏགས་པའི་རྗེས་སྒྲུབ། རིགས་དང་བྱེད་ལས་ཀྱི་བཏགས་པ་མཐུན་པའི་རྗེས་སྒྲུབ། ཕྱིན་ཅིག་ལོག་ཏུ་བཏགས་པ་ལོག་པའི་རྗེས་སྒྲུབ་རྣམས་སོ། །རྣམ་དབྱེ་ཡིན་ན་ཚིག་ཕྲད་ཡིན་པས་ཁྱབ་བམ་ཞེ་ན། ཁྱབ་སྟེ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པའི་ནང་གསེས་ཡིན་པའི་ཕྱིར། ཚིག་ཕྲད་ཡིན་ན་རྣམ་དབྱེ་ཡིན་པས་ཁྱབ་བམ་ཞེ་ན། མི་ཁྱབ་སྟེ་སླར་བསྡུ་སོགས་ཚིག་ཕྲད་བཅུ་གཅིག་པོ་རྣམ་དབྱེ་མ་ཡིན་པའི་ཕྱིར། ཕྲད་ཅེས་པ་མིང་སྔ་ཕྱི་མཚམས་སྦྱོར་བྱེད་ཡིན་པས་ན་ཕྲད་ཅེས་ཟེར་རོ། །རྣམ་དབྱེ་ཞེས་པ། ངོ་བོ་ཙམ་སོགས་ཀྱི་རྣམ་པ་གཙོ་བོར་དབྱེ་བས་ན་རྣམ་དབྱེ་ཟེར་རོ། རྣམ་དབྱེ་དེ་ལ་དབྱེ་བ་བདུན་ཡོད། དེ་ལས་དང་པོའི་ངེས་ཚིག་ནི། མིང་ངམ་ངོ་བོ་ཙམ་གྱི་རྣམ་པ་གཙོ་བོར་དབྱེ་བས་ན་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ། ལས་དང་བྱ་བའི་རྣམ་པ་གཙོ་བོར་དབྱེ་བས་ན་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ། བྱེད་པའི་རྣམ་པ་གཙོ་བོར་དབྱེ་བས་ན་རྣམ་དབྱེ་གསུམ་པ་བྱེད་སྒྲ། ཡུལ་ལམ་དེ་དང་འབྲེལ་བའི་ལས་ལ་ཕན་པའི་རྣམ་པ་གཙོ་བོར་དབྱེ་བས་ན་རྣམ་དབྱེ་བཞི་པ་དགོས་ཆེད། བྲལ་གཞི་དང་བྲལ་ཆོས་ཀྱི་རྣམ་པ་གཙོ་བོར་དབྱེ་བས་ན་རྣམ་དབྱེ་ལྔ་པ་འབྱུང་ཁུངས། འབྲེལ་གཞི་དང་འབྲེལ་ཆོས་ཀྱི་རྣམ་པ་གཙོ་བོར་དབྱེ་བས་ན་རྣམ་དབྱེ་དྲུག་པ་འབྲེལ་སྒྲ། རྟེན་གཞི་དང་བརྟེན་ཆོས་རྣམ་པ་གཙོ་བོར་དབྱེ་བས་ན་རྣམ་དབྱེ་བདུན་པ་རྟེན་གནས་སོ།། །།རྟགས་ཀྱི་འཇུག་པའི་མུ་བཞི་ནི་འདི་ལྟ་སྟེ། བདག་ལ་འཇུག་གཞན་ལ་མི་འཇུག་པའི་མུ། གཞན་ལ་འཇུག་བདག་ལ་མི་འཇུག་པའི་མུ། བདག་གཞན་གཉིས་ཀ་ལ་འཇུག་པའི་མུ། བདག་གཞན་གཉིས་ཀ་ལ་མི་འཇུག་པའི་མུ་དང་བཞི་ལས། དང་པོ་བདག་ལ་འཇུག་གཞན་ལ་མི་འཇུག་པའི་མུ་སྔོན་འཇུག་གི་མོ་འ་ཡིག་ཡིན་པ་དང་། གཉིས་པ་གཞན་ལ་འཇུག་བདག་ལ་མི་འཇུག་པ་ནི་སྔོན་འཇུག་གི་ཕོ་བ་ཡིག་ཡིན་པ་དང་། གསུམ་པ་བདག་གཞན་གཉིས་ཀ་འཇུག་པ་ནི་མ་ནིང་ག་ད་གཉིས་དང་སྔོན་འཇུག་གི་མོ་མ་ཡིག་ཡིན་པ་དང་། བཞི་པ་བདག་གཞན་གཉིས་ཀ་མི་འཇུག་པ་ནི་མིང་རྐྱང་འཕུལ་བའི་སྔོན་འཇུག་རྣམས་སོ། །ཞེས་པའང་དགེ་རིན་པས་སོ།། །།


0 Comments
ཐུགས་འཆར་བཀོད་གནང་།