གསར་པ།

6/recent/ticker-posts

སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལས་བརྩམས་པའི་དྲིས་ཚིག་དཔྱིད་ཀྱི་ཕོ་ཉ།

༄༅། །སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལས་བརྩམས་པའི་དྲིས་ཚིག་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །

སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལས་བརྩམས་པའི་དྲིས་ཚིག་དཔྱིད་ཀྱི་ཕོ་ཉ།

༄༅། །རིན་ཆེན་རྣམ་གསུམ་མཆོག་ལ་གུས་བཏུད་ནས། །ནང་པའི་ཆོས་རྣམས་ཀུན་ལ་འཇུག་པའི་སྒོ། །སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལས། །བརྩམ་པའི་གནད་དོན་འགའ་ཞིག་ཞུ་བར་སྤྲོ། །ཆོས་འདི་གང་ལ་ཞུ་ན་འབྲུག་གཞུང་དུ། །ཆོས་རྒྱལ་ཆེན་པོའི་ཕྲིན་ལས་ཉག་གཅིག་གིས། །ཆོས་སྤྱོད་རྣམ་བཅུ་ཀློག་པ་ཐོས་བསམ་པའི། །ཆོས་གྲྭ་སྟོན་འཁོར་ཕུན་ཚོགས་ལྔ་ལྡན་གྱི། །ཆོས་ཚུལ་གཙང་མ་མང་དུ་སྤེལ་བ་ཡིས། །ཆོས་གཞི་ཚུགས་ལ་སྙིང་ནས་ཡི་རངས་པས། །ཆོས་ཀྱི་དྲི་བ་དེ་རུ་ཞུ་ལགས་ན། །ཆོས་མཐུན་ཡང་དག་གཏམ་གྱི་ཞུ་ལན་སྩོལ། །ཐོག་མར་ཡི་གེ་དབྱངས་གསལ་གཉིས་ཕྱེ་བའི། །བོད་དུ་གྲགས་པའི་དབྱངས་ཀྱི་ཡི་གེ་ནི། །ལྔའམ་བཞི་རུ་གང་ཞིག་ངེས་པར་འདྲི། །དང་པོ་ལྟར་ན་མཁན་པོ་ཐུ་མི་ཡི། །སུམ་ཅུ་པ་ལས་དབྱངས་ཡིག་ཨི་སོགས་བཞིར། །བཤད་པ་དང་ནི་དངོས་འགལ་མ་གྱུར་ཏམ། །གཉིས་པ་ལྟར་ན་དཔལ་ཁང་ལོ་ཙཱ་བས། །དབྱངས་ལྔ་ཡ་ར་ལ་ཝའི་འདོགས་གསུངས་ན། །དེ་ཡི་དགོངས་པ་གང་ཞིག་ཡིན་པར་སྨྲོས། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས་ཀ་ལ། །མིང་གཞིར་འཇོག་པའི་ཐ་སྙད་ཡོད་དམ་མེད། །ཡོད་ན་ཡི་གེའི་སྔོན་རྗེས་མིང་གསུམ་གྱི། །རྣམ་གཞག་གསལ་བྱེད་ཁོ་ནར་མཛད་བཞིན་དུ། །དབྱངས་ལ་མིང་གཞིའི་ཐ་སྙད་ཇི་ལྟར་བྱེད། །མེད་ན་མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡིན་ཕྱིར་ཡི་གེ་རྣམས་ལ་མིང་གཞི་ཞེས། །གྲགས་པས་དབྱངས་རྣམས་ཡི་གེ་མིན་པར་ཐལ། །སུམ་ཅུ་པ་ལས་ཕྲད་དང་རྣམ་དབྱེ་ཞེས། །གཉིས་སུ་ཕྱེ་ནས་བཤད་ན་ཚིག་ཕྲད་དང་། །རྣམ་དབྱེ་སོ་སོར་ཡོད་དམ་མེད་པར་འདྲི། །དང་པོ་ལྟར་ན་ལ་དོན་སུ་སོགས་དང་། །ཨི་ལྡན་གི་སོགས་རྣམས་ནི་རྣམ་དབྱེ་རུ། །གཏོགས་ཕྱིར་ཚིག་ཕྲད་མིན་པའི་སྐྱོན་དུ་འགྱུར། །གཉིས་པ་ལྟར་ན་རང་དབང་ཅན་སོགས་དང་། །རྣམ་དབྱེ་ཅན་སོགས་ཚེགས་ཀྱིས་ཕྱེ་བ་རྣམས། །ངལ་བ་དོན་མེད་པ་ཡི་ལས་སུ་འགྱུར། །ལ་དོན་ནང་གསེས་ན་ལ་གཉིས་ཀྱིས་འདིར། །དེ་ཉིད་དོན་ལ་འཇུག་གམ་མི་འཇུག་འདྲི། །འཇུག་ན་དེ་ཡིས་ལས་བྱ་རོ་གཅིག་པའི། །དོན་ལས་ཉམས་ནས་ལས་ཆེད་གནས་གཞི་སོགས། །གཞན་དང་གཞན་དུ་འགྱུར་བ་མཐོང་ངམ་ལྟོས། །མི་འཇུག་ན་ནི་རྩ་བའི་གཞུང་ཉིད་ལས། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན་གསུངས་ན། །དེ་ཡི་དགོངས་པ་དེ་ཡང་གང་ཞིག་ཡིན། །རྒྱུ་མཚན་ཅན་རྣམས་རྣམ་དབྱེ་གསུམ་པ་ཡི། །དོན་དུ་འགྱུར་རམ་མི་འགྱུར་གང་ཡིན་འདྲི། །དང་པོ་ལྟར་ན་བྱེད་པོས་བྱ་བ་དེར། །དངོས་སམ་ཤུགས་ཀྱིས་བྱེད་པ་མ་སྟོན་པར། །རྒྱུ་མཚན་ཙམ་གྱིས་བྱེད་སྒྲར་འགྱུར་ན་ནི། །བྱེད་པ་པོ་ཞེས་བཏགས་པ་དོན་མེད་འགྱུར། །གཉིས་པར་ལྟར་ན་རྒྱུ་མཚན་དེ་ཉིད་ཀྱིས། །དེ་ལྟར་སྒྲུབ་ལ་བྱེད་པ་པོ་ཉིད་དང་། །མཚུངས་པར་སྟོན་ན་གསུམ་པ་ཅིས་མི་འགྱུར། །གཞན་ཡང་དེ་སྒྲ་ཐ་སྙད་དངོས་པོ་དུས། །གསུམ་གྱིས་དབྱེ་བ་འདི་ལ་ཐ་སྙད་དང་། །དངོས་པོ་ཞེས་འདི་གཅིག་གམ་ཐ་དད་འདྲི། །དང་པོ་ལྟར་ན་སྐབས་འདིར་ཐ་སྙད་དང་། །དངོས་པོ་ཞེས་པའི་རྣམ་གཞག་སོ་སོ་རུ། །འབྱེད་པ་འདི་དང་ཁས་ལེན་འགལ་བར་འགྱུར། །གཉིས་པ་ལྟར་ན་ཐ་སྙད་མིང་ཡིན་པས། །དངོས་པོ་རྣམས་ལ་ཐ་སྙད་བཏགས་པ་ལས། །ཤེས་བརྗོད་འཇུག་པར་བྱེད་ན་དངོས་པོ་དང་། །མིང་གཉིས་སོ་སོར་འབྱེད་པ་ཇི་ལྟར་འཐད། །གཞན་ཡང་ཅི་ཇི་སུ་རྣམས་སྤྱི་སྒྲ་རུ། །འདོད་དང་མི་འདོད་ལུགས་དེ་གང་ཡིན་འདྲི། །འདོད་ན་དེ་ཡང་གཞུང་ལས་མ་བསྟན་པའི། །ཁྱད་ཆོས་ཟབ་ཀྱང་ཁུངས་དང་མ་འབྲེལ་ན། །བློ་ལྡན་སུ་ཞིག་དེ་ལ་ཡིད་རྟོན་བྱེད། །མི་འདོད་ཅེ་ན་གང་སྒྲ་ཕལ་ཆེར་ལ། །ཅི་སོགས་མཚུངས་པར་འཇུག་པའི་ལུགས་འདི་ལ། །མཁས་རྣམས་ཕྱག་བཞེས་མཐུན་པར་མཛད་འདི་ཅི། །དེ་ལས་སུ་ནི་གང་ཟག་ཁོ་ན་ལ། །འཇུག་ཅེས་ཀུན་ལ་རླུང་ལྟར་གྲགས་ན་ཡང་། །སྤྱོད་འཇུག་ལུང་གིས་བརྟག་གཞིར་མཛད་འདུག་ན། །སྤྱོད་འཇུག་ལུང་ནས་དྲངས་པའི་སུ་སྒྲ་དེ། །བེམས་པོར་འཇུག་གམ་ཤེས་པར་འཇུག་ཅེས་འདྲི། །དང་པོ་ལྟར་ན་བེམས་པོའི་དངོས་རྣམས་ལ། །ཉོན་མོངས་ལྡན་ན་དེ་ལྟའི་སུ་སྒྲ་ཡང་། །བརྟག་གཞིར་འདུག་མོད་དེ་འདྲ་ཤེས་བྱ་ལ། །ནམ་ཡང་མི་སྲིད་སྲིད་པར་མི་འགྱུར་རོ། །གཉིས་པ་ལྟར་ན་ལུང་དེ་མི་མཐུན་ཕྱོགས། །ཉོན་མོངས་ཅན་གྱི་སེམས་ལ་འཇུག་ན་ནི། །ཤེས་ལྡན་གང་ཟག་ཁོ་ནར་འཇུག་ཚུལ་འདིར། །བརྟག་གཞིར་མཛད་ཀྱང་བརྟག་དོན་མེད་པ་འདྲ། །ཞལ་ལས་ཅན་ལྡན་གཉིས་པོ་བདག་པོའི་སྒྲར། །འདོད་དང་མི་འདོད་གཉིས་པོ་གང་ལྟར་སྨྲ། །འདོད་ན་བདག་སྒྲ་ཤེས་ཅན་ཉིད་ལས་གཞན། །བེམས་པོར་འཇུག་པ་གཞུང་ལས་མ་བསྟན་ཏོ། །མི་འདོད་ཅེ་ན་ལྡན་པའི་ཆོས་གང་ཞིག །གང་ལ་ལྡན་པའམ་ཡོད་པར་མཚུངས་པའི་ཕྱིར། །དད་ཅན་དད་ལྡན་ནོར་ཅན་ནོར་ལྡན་སོགས། །བདག་སྒྲ་དངོས་དང་ཁྱད་པར་མེད་པས་ན། །བདག་སྒྲའི་ཁོངས་སུ་མི་བསྡུ་རྒྱུ་མཚན་ཅི།། །།གཞན་ཡང་རྟགས་ཀྱི་འཇུག་པའི་གཞུང་ལས་ནི། །ཕོ་ནི་འདས་དང་གཞན་བསྒྲུབ་ཞེས་པའི་དོན། །སྔོན་འཇུག་བ་ནི་དུས་འདས་ཁོ་ན་དང་། །བྱ་ཡུལ་གཞན་དངོས་བསྒྲུབ་པ་མ་གཏོགས་པ། །དེ་ལས་གཞན་དུ་འཇུག་པ་ཡོད་མེད་འདྲི། །ཡོད་ན་ཕོ་ནི་ཞེས་པ་ངེས་བཟུང་དང་། །བཅས་པས་གཞུང་ལས་དམ་བཅའ་མཛད་བཞིན་དུ། །ད་དུང་གཞན་དུ་འཇུག་པ་ཁས་ལེན་ན། །མཁན་པོའི་གཞུང་ལ་ཅོ་འདྲི་བྱེད་པར་འགྱུར། །མེད་ན་བཀུར་བ་བྱེད་དང་བཟླས་པར་བྱེད། །བསྔགས་པ་བྱེད་དང་བགྲང་བར་བྱེད་ལ་སོགས། །དེ་དག་བྱེད་པའི་ལས་ལ་འཇུག་པའི་ཚུལ། །མང་པོ་གཞན་དང་གཞན་ལས་མཐོང་བཞིན་དུ། །མེད་ཅེས་ཨུ་ཚུགས་བྱེད་ཀྱང་འགོག་ནུས་ཅི། །བྱེད་པའི་ལས་ལ་འཇུག་ན་བྱེད་པ་པོར། །མི་འཇུག་དབང་མེད་སོང་བས་སྔོན་འཇུག་གི། །བ་ནི་བདག་ལ་འཇུག་པ་མི་འདོད་བཞིན། །འཇུག་པར་སོང་ན་ཁྱེད་ཅག་ཅི་སྟེ་སྨྲ། །གཞན་ཡང་སྔོན་འཇུག་བ་ནི་འདས་པ་རུ། །འཇུག་ཚེ་འདས་པའི་དོན་ནི་སྔོན་འཇུག་གིས། །སྟོན་པར་བྱེད་དམ་ཡང་འཇུག་ཁོ་ནས་སམ། །ཅི་སྟེ་གཉིས་ཀས་སྟོན་ནམ་གང་ཡིན་འདྲི། །དེ་ལ་དང་པོ་ལྟར་ན་འདས་པ་དང་། །བྱ་ཡུལ་འབྱེད་མི་ཤེས་པའི་སྐྱོན་དུ་འགྱུར། །གཉིས་པ་ལྟར་ན་འདས་པ་སྐུལ་ཚིག་དང་། །ཁྱད་པར་མེད་ཅིང་བ་ཡིག་དོན་མེད་འགྱུར། །གསུམ་པ་ལྟར་ན་ལམ་བཀག་མདུན་བཀུག་སོགས། །ཡང་འཇུག་མེད་ཀྱང་འདས་པ་ཚད་མ་གྲུབ། །སྡིག་པ་སྤངས་དང་དྲི་མ་སྦྱངས་པ་སོགས། །བ་ཡི་སྔོན་འཇུག་མེད་ཀྱང་འདས་པར་གོ། །ཚུལ་འདི་འགལ་འདུའི་དྲྭ་བར་མི་འཁོར་བའི། །ལན་ཞིག་ཡོད་ན་ད་གཟོད་སྨྲ་བས་རིགས། །གཞན་ཡང་མ་ནིང་གཉིས་ཀ་ད་ལྟར་ཆེད། །ཅེས་གསུངས་མ་ནིང་ག་ད་གཉིས་པོ་ཡང་། །ད་ལྟའི་དུས་ལ་འཇུག་པར་གཞུང་ལས་བཤད། །དེ་ལ་གཞན་དུ་འཇུག་པ་ཡོད་མེད་འདྲི། །ཡོད་ན་རྩ་བའི་དམ་བཅའ་ཉིད་དང་འགལ། །མེད་ན་ཁུ་བ་གཞིབས་དང་ཤིང་སོགས་གཏུབས། །ཐག་པ་དཔྱངས་སོགས་ཡང་འཇུག་ས་ཡིག་གི། །ནུས་པས་འདས་པར་འཇུག་པའི་ཚུལ་ལ་གཟིགས། །ཕྱིས་སུ་གཅག་བྱའི་རྡོ་དང་དགབ་བྱའི་གོས། །གཅག་པར་འགྱུར་དང་དགབ་པར་འགྱུར་བ་སོགས། །བྱ་ལས་མ་འོངས་དུས་ལ་བསྡུ་བས་ན། །དུས་གསུམ་ཀུན་ལ་འཇུག་པ་གསལ་བཞིན་དུ། །ད་ལྟ་ཁོ་ནར་དམིགས་སུ་བཀར་འདི་ཅི། །མོ་ནི་བདག་དང་མ་འོངས་ཕྱིར་ཞེས་པ། །སྔོན་འཇུག་འ་ནི་བདག་ལ་འཇུག་པ་ལས། །བྱ་ཡུལ་གཞན་ལ་འཇུག་གམ་མི་འཇུག་འདྲི། །འཇུག་ན་རྩ་བའི་ཁུངས་དང་དངོས་སུ་འགལ། །མི་འཇུག་ཅེ་ན་འོག་ཏུ་འཛུལ་བར་བྱ། །ལས་ལ་འབད་པར་བྱ་དང་འཇུག་པར་བྱ། །སྐད་ཆ་འདྲི་བར་བྱ་སོགས་བྱ་ལས་ལ། །འཇུག་པར་མཐོང་ན་བྱ་བར་མི་འཇུག་གང་། །བདག་གཞན་གཉིས་ཀར་འཇུག་པ་འདོད་དམ་ཅི། །འ་ནི་ད་ལྟ་བ་དང་མ་འོངས་པའི། །དུས་གཉིས་མ་གཏོགས་འདས་པར་འཇུག་མི་འཇུག །འཇུག་ན་རྩ་བའི་གཞུང་ལས་དེ་མ་བཤད། །མི་འཇུག་ཅེ་ན་འཕུར་ཟིན་འབར་ཟིན་སོགས། །ཚིག་གྲོགས་ཙམ་གྱིས་འགྱུར་བར་མཚུངས་པས་ན། །དུས་གསུམ་མཉམ་འཇུག་ཟེར་ན་དེ་ལ་ལན། །སྙིང་ཚིམ་ནུས་པར་འདེབས་མཁན་ཡོད་ན་ནི། །དེའི་ཞབས་ཁོ་བོའི་གཙུག་ཏུ་མཆོད་དོ་ལོ། །མིང་མཐའ་འདྲེན་དང་བརྗོད་བདེ་འདྲེན་པ་གཉིས། །གང་ཞིག་གཙོ་ཞེས་འདྲི་ལ་ཇི་ལྟར་སྨྲ། །སྔ་མ་གཙོ་ན་དེ་ཡིས་མ་ཁྱབ་པར། །ལྷག་མ་འཇིག་རྟེན་གྲགས་པའི་ཉེར་སྤྱོད་དང་། །བསྟུན་ནས་འདྲེན་ཅེས་གསུངས་པའི་དགོས་པ་ཅི། །ཕྱི་མ་གཙོ་ན་ཚེགས་དང་བཅས་པ་ཡི། །སྒོ་ནས་རང་རང་རྟགས་མཚུངས་འདྲེན་དགོས་པའི། །ཤེས་བྱེད་སྨྲ་ལ་དགོས་པ་གང་ཞིག་ཡོད། །དེ་ལྟར་ཞུས་པའི་དོན་ལ་དཔྱད་མཛོད་དང་། །སྐྱེས་དང་སྦྱངས་པའི་བློ་ནོར་སྤེལ་ཕྱིར་དང་། །དོགས་པའི་ཚང་བསལ་ཆེད་དུ་མ་གཏོགས་པ། །སྡང་དང་ཕྲག་དོག་མ་ལགས་བཟོད་མཛད་རིགས། །གལ་ཏེ་འདི་ལ་ཁྲོའམ་དྭང་བའི་བློ། །གང་ཞིག་སྐྱེས་ཀྱང་དོན་མེད་མ་གྱུར་ཅིག །འདི་ལ་ངེས་ཤེས་བརྙེས་པའི་དགེ་བ་གང་། །ནང་གི་དེ་ཉིད་རིག་པའི་རྒྱུ་རུ་བསྔོ།། །།ཅེས་པ་འདིའང་དང་པོའི་ལས་ཅན་རྣམས་ཀྱི་བློ་སྐྱེད་ཀྱི་ཆེད་དུ་ཤཱཀྱའི་བཙུན་པ་དགེ་རིན་པས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།

Post a Comment

0 Comments