འབྲུག་རྒྱལ་ཁབ་ཀྱི་ཆགས་ཚུལ།
དེ་ལ་དང་པོ་སྨན་ལྗོངས་རྒྱལ་ཁབ་འདིའི་ཆགས་ཚུལ་ལས་བརྩམས་ཏེ་རབ་བཏགས་དང་ཟོལ་བསྟོད་སོགས་མ་ཡིན་པར་རང་བཞིན་བརྗོད་པའི་ལམ་ནས་མདོ་ཙམ་སྨོས་ན། སྤྱིར་འཛམ་བུ་གླིང་འདི་ཉིད་བྱང་ནས་ལྷོའི་མཐར་དུམ་བུ་བཅུ་གཉིས་སུ་བཅད་པའི་དབུས་རྡོ་རྗེ་གདན་གྱི་བྱང་ཕྱོགས། རི་རབ་ཀྱི་ངོས་ནས་རིམ་པ་བཞིན་རི་བོ་གངས་ཅན་དང་། ཤཱམྦྷ་ལ་དང་། རྒྱ་ནག་དང་། ལི་ཡུལ་དང་། ཁ་བ་ཅན་དང་། འཕགས་པའི་ཡུལ་ཏེ་ཡུལ་ཆེན་དྲུག་ཏུ་བཅད་པའི་ནང་ཚན། ལྔ་པ་བོད་ཁ་བ་ཅན་གྱི་ལྷོ་ཕྱོགས། དྲུག་པ་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས། འཕགས་བོད་གཉིས་ཀྱི་དབར་གདོད་ནས་ཕྲིན་ལས་ཀྱི་གནས་སུ་ལྷུན་གྱིས་གྲུབ་པའི་སྦས་པའི་ཡུལ་ལྗོངས་ཆེན་པོ་འདི་ཉིད་ཆགས་པ་སྟེ། དེ་ཡང་བཀོད་པའི་ཁྱད་པར་ཕྱི་རོལ་ནས་རྡོ་རྗེ་ལ་སོགས་པ་མཚོན་ཆ་སྣ་ཚོགས་ཀྱིས་གཏམས་པའི་བྲག་རི་དང་། ནགས་ཚལ་སྟུག་པོ་ཁྲོ་བོའི་རལ་པ་གནམ་དུ་གཟེངས་པ་ལྟ་བུའི་ས་འཛིན་མངོན་པར་མཐོ་བའི་རི་བོ་ཕན་ཚུན་བསྣོལ་བ་མང་པོས་ཀུན་ནས་ཡོངས་སུ་བསྐོར་བའི་རི་སུལ་རྣམས་སུ།
སྒོ་འཕྲང་གི་སྲུང་མ་ལྟ་བུའི་གཅན་གཟན་གཏུམ་པོ་སྣ་ཚོགས་པས་ང་རོ་སྒྲོག་པ། ནང་དུ་ལྗོན་ཤིང་སྣ་ཚོགས་པའི་ནགས་འདོད་ལྷའི་སྐྱེད་ཚལ་ལྟར་བཀྲ་བ་རྣམས་སུ། ལྷའི་དྲང་སྲོང་ལྟ་བུའི་རི་དྭགས་སྣ་ཚོགས་བག་ཡངས་སུ་རྩེ་བ། ལྷ་ཤིང་ལྗོན་པའི་ལྡིང་ཁང་རྣམས་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་བྱ་རིགས་སྣ་ཚོགས་པས་ཆོས་དབྱངས་རྒྱུན་དུ་སྒྲོག་པ། བར་དུ་སྨན་སྣ་མེ་ཏོག་རིགས་མི་འདྲ་བའི་དྲི་བསུང་ཞིམ་པོ་ཕྱོགས་བརྒྱར་འཐུལ་བ་ལ། རྐང་དྲུག་གཞོན་ནུ་རྣམས་ཀྱང་དུས་ལ་མི་ལྟོས་པར་ནམ་གཞར་མཆོད་པའི་བྱ་བ་ལ་བརྩོན་པ་ལྟ་བུའི་གླུ་དབྱངས་ལེན་པ། མདོར་ན་གསང་སྔགས་གྲུབ་པའི་རིག་འཛིན་ཞིང་གི་བཀོད་པ་ཡོངས་སུ་རྫོགས་པའི་ཡུལ་ལྗོངས་འདི་ཉིད་རྒྱལ་ཁབ་གཞན་དང་མི་འདྲ་སྟེ། དང་པོ་བསྐལ་པ་ཆགས་དུས་ནས་ཕུན་སུམ་ཚོགས་པའི་བཀོད་པ་དེ་དག་ལྷུན་གྲུབ་ཏུ་བྱུང་བ་མ་གཏོགས་རྒྱལ་ཁབ་གཞན་ལྟར་སྔོན་མཚོ་ཡང་མ་ཆགས་ཤིང་། ལངྐའི་རི་བོ་མ་ལ་ཡ་དང་མཚུངས་པར་སོ་སྐྱེ་ཕལ་པ་གཞན་གྱིས་བགྲོད་པར་དཀའ་བའི་སྦས་གནས་ཁྱད་པར་ཅན་ཞིག་ཡིན་པས་སོ།།
ཇི་ལྟར་ཞེ་ན། སྔོན་བྱང་ཆུབ་སེམས་དཔའ་རྣམས་མ་ངེས་པའི་ཕུང་པོ་ལ་བརྟེན་ནས་སྤྲ་དང་། དོམ་དང་བསེ་རུ་དང་། ཀུན་འཁོར་དང་། ཀྲི་ས་ར་དང་། སྣ་དགོ་ལ་སོགས་པའི་རི་དྭགས་སྣ་ཚོགས་པའི་གཟུགས་ཀྱིས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པའི་ཡུལ་ཡིན་པས་ཕལ་པའི་སྤྱོད་ཡུལ་ལས་འདས་པ་ཞིག་གོ །དེ་ལྟར་འཕགས་ཆེན་བྱང་ཆུབ་སྤྱོད་པའི་གནས་ཡིན་པ་ཡང་། རྒྱལ་བའི་མཛད་བརྒྱའི་སྐྱེ་རབས་དག་ལས། སྔོན་བདག་ཅག་གི་སྟོན་པ་འདི་ཉིད་རྒྱལ་པོ་དོན་གྲུབ་དང༌། ཐམས་ཅད་སྒྲོལ་དང་། གཙུག་ན་ནོར་བུ་དང༌། དྲི་མེད་ཀུན་ལྡན་སོགས་སུ་སྐྱེ་བ་བཞེས་དུས། རྒྱལ་སྲིད་སྤངས་ནས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཚེ། དབུས་གྱུར་ཚལ་ནས་བྱང་དུ་དཔག་ཚད་བརྒྱ་འདས་པའི་ནགས་འདབས་སུ་ཏིང་ངེ་འཛིན་གྱི་ཟས་ལ་བརྟེན་ཏེ་དཀའ་ཐུབ་དགྱེས་པའི་ཚུལ་གྱིས་གནས་སོ་ཞེས་གསུངས་པས། དེ་དུས་ཁ་ཆེ་བལ་བོད་རྣམས་སུ་མཚོ་མ་བྲི་བས་ནགས་ཀྱང་མེད། དེ་ནི་ད་ལྟའི་འབྲས་འབྲུག་འདི་གཉིས་ཀྱི་ས་ཆའི་ཁུལ་དུ་ཡིན་པར་གོར་མ་ཆག།
ལྷོ་འབྲུག་ཆོས་འབྱུང་ལས་བཤུས།




0 Comments
ཐུགས་འཆར་བཀོད་གནང་།