འབྲུག་པའི་མི་རབས་བྱུང་ཚུལ།
དེ་བཞིན་མི་རབས་ཀྱི་བྱུང་ཚུལ་ཀྱང་སྔར་རྒྱ་གར་གྱི་ཡུལ་ཆགས་པ་ལས་བྱུང་ཟེར་བ་དང་། ཕྱིས་བོད་དམག་གིས་རྒྱ་གར་བསློག་སྟེ་ཡུལ་ཉམས་དགའ་བས་མི་ལོག་ཟེར་ཡུལ་ཆགས་པར་བཤད་པ་རྣམས་ཕྱིས་འབྱུང་གི་ལོ་རྒྱུས་ཙམ་ཡིན་པས། དང་པོའི་གནས་ཚུལ་ལ་དཔག་ན། འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས་པས་རྒྱ་བོད་གཉིས་ནས་ཆེད་དུ་འོང་དགོས་པའི་ངེས་པའང་མེད་དེ། སྤྱིར་མི་ལ་སྐྱེས་གནས་བཞི་ཡོད་པར་བཤད་པའི་ཕྱིར་དང་། ཁྱད་པར་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་བརྟེན་ནས་བཞུགས་པ་རྣམས་ཀྱང་། གདུལ་བྱ་སེམས་ཅན་ལ་ལྟོས་ནས་གང་གདུལ་གྱི་གཟུགས་སུ་སྤྲུལ་པ་མ་གཏོགས་གདུལ་བྱ་མེད་ན་འདུལ་བྱེད་མི་འབྱུང་། དེ་ལྟ་བུའི་འདུལ་བྱེད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུད་འགྲོར་གྱུར་པའི་གདུལ་བྱ་དེ་རྣམས་ཀྱི་རྒྱུད་སྦྱངས་ནས་ལས་མཐུན་དག་པ་རྣམས་རིམ་གྱིས་འགྲོ་བ་མིར་མི་འགྱུར་བའི་ངེས་པ་ག་ལ་ཡོད། དཔེར་ན་ཨྱོན་ཡུལ་གྱི་ཀླུ་རྣམས་མིར་གྱུར་པ་བཞིན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་ཀྱི་རོལ་བ་ལས་བྱུང་བ་མིན་ནམ་སྙམ་མོ།།
སྣོད་བཅུད་ཆགས་པའི་དུས་རབས།
དེ་དག་གི་དུས་ཀྱི་ངེས་པའང་སྔོན་བསྐལ་པ་བཟང་པོ་འདི་ཉིད་སྣོད་ཡས་རིམ་བཅུད་མས་རིམ་དུ་ཆགས་པ་ནས། དང་པོ་ཚེ་ལོ་དཔག་མེད་རྫོགས་ལྡན་གྱི་དུས་སུ་དུད་འགྲོ་ལ་སོགས་པ་སེམས་ཅན་དམན་པའི་མིང་ཡང་མེད། དེ་ནས་ཆགས་པའི་བསྐལ་པ་རྫོགས་ཏེ་ཚེ་ལོ་བརྒྱད་ཁྲི་པར་རྩོད་ལྡན་གྱི་འགོ་བརྩམས་པ་ནས་བཟུང་། མི་དགེ་རིམ་པར་སྤྱོད་པའི་དབང་ལས་དུད་འགྲོ་ལ་སོགས་པའི་ངན་འགྲོ་རིམ་པར་བྱུང་སྟེ་གནས་བསྐལ་འགོ་ཚུགས་པ་ནས། འདིར་ཡང་དང་པར་དུད་འགྲོའི་གླིང་དུ་ཆགས་ནས་ཡུན་རིང་པོར་སོང་བ་ལས། འཛམ་བུ་གླིང་པའི་ཚེ་ལོ་བཞི་ཁྲི་མར་འགྲིབ་ཀྱི་སྐབས་ཙམ་ནས་བདག་ཅག་གི་སྟོན་པ་འདི་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སྤྱོད་པའི་ཡུལ་དུ་བཟུང་།
དེ་ནས་རིང་པོར་མ་ལོན་པར་མིའི་འགྲོ་བ་བྱུང་བས་ཁ་ཁྲ་མོན་པ་ཞེས་པའི་མིང་ཐོགས། དེ་རྣམས་ལ་དང་པོ་མི་མ་ཡིན་གྱིས་དབང་བྱས་ཏེ་ཡུན་རིང་དུ་གནས་པ་ལས། ཚེ་ལོ་ཉི་ཁྲིར་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཡེ་ཤེས་མགོན་པོའང་སྐྱེ་བརྒྱུད་འཇིག་རྟེན་དང་མཐུན་པར་བཤད་པའི་སྐབས་འོད་སྲུང་ལ་སོགས་པའི་དྲུང་དུ་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ཚུལ་བསྟན། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་སྲུང་བར་ཞལ་གྱིས་བཞེས། དེ་དུས་བཤད་པའི་གད་བརྒྱངས་བཅུ་གཉིས་ཀྱིས་བདུད་རྣམས་བཏུལ་ནས་སྣང་སྲིད་ཀྱི་ལྷ་སྲིན་ཐམས་ཅད་འཁོར་དུ་བསྡུ་བའི་ཚེ། མོན་པའི་ཡུལ་འདི་ལ་སོགས་པ་ནས་མོན་པ་ནག་པོ་བརྒྱ་ཡང་འཁོར་དུ་བསྡུ་བར་བཤད་པས། མི་རབས་ནི་རིང་མོ་ཞིག་ནས་བྱུང་བ་འདྲ་ཞིག་སྣང་།
དེ་ནས་ཚེ་ལོ་བརྒྱ་པའི་དུས་སུ་བདག་ཅག་གི་སྟོན་པ་འདི་ཉིད་འཇིག་རྟེན་དུ་བྱོན། རྡོ་རྗེ་གདན་དུ་སངས་རྒྱས་ནས། ཞག་བདུན་ཕྲག་དང་པོར་བྱང་ཆུབ་ཀྱི་བདུད་རྩིར་བསྟེན། གཉིས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས། གསུམ་པར་རྒྱ་མཚོའི་བར་དུ་འཆགས། བཞི་པར་སྟོང་གསུམ་རིང་དུ་འཆགས་པ་ནས་གྲངས་མེད་ཞིང་གི་ཕ་རོལ་བྱང་ཕྱོགས་འོད་གསལ་གྱི་འཇིག་རྟེན་ལ་སོགས་པའང་སྐུ་དངོས་ཀྱི་ཞབས་ཀྱིས་བཅགས་པར་གསུངས་ན། རང་རེའི་ལྗོངས་འདིར་ཞབས་ཀྱིས་མ་བཅགས་པའི་སྐལ་ཆད་ཅན་དུ་ལུས་པ་ག་ལ་འགྱུར། སྐུ་དངོས་ཀྱི་ཞབས་པད་བསྟི་བར་མཛད་པའི་དབང་གིས་སླར་ཉི་མའི་སྙིང་པོའི་མདོ་སྡེ་གསུངས་པའི་སྐབས། སྟོན་པ་འཁོར་དང་བཅས་པའི་གནས་གསུམ་ལས་འོད་ཟེར་བཀྱེས་ནས། བྱང་ཕྱོགས་ཀྱི་རི་ཀླུང་ནགས་ཁྲོད་ཡུལ་ལྗོངས་འདི་དག་ལ་ཕོག་ནས་དམ་པའི་ཆོས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས། མ་འོངས་པ་ན་སངས་རྒྱས་ཀྱི་བསྟན་པ་དང་། དགེ་འདུན་གྱི་སྡེ་དང་། གཙུག་ལག་ཁང་སོགས་འབྱུང་བར་ལུང་བསྟན། མཐར་དེ་དག་གི་མཆོད་པ་ནི་ང་ཉིད་ཀྱིས་བཞེས་སོ་ཞེས་ཞལ་བཞེས་མཛད་པ་ཡང་། གཙོ་བོ་མཐའ་འཁོབ་མོན་གྱི་འགྲོ་བ་རྣམས་ལ་དགོངས་པར་མངོན་ནོ།།
གང་ལས་ཤེས་སྙམ་ན། དེའི་ཤེས་བྱེད་ལུང་འདིའི་འཕྲོར། རི་དང་ནགས་ཁྲོད་དང་། དགོན་པ་དང་། ཡུལ་ལྗོངས་དང་། ནགས་འདབས་གང་དུའང་རུང་སྟེ། ད་ལྟ་དང་མ་འོངས་པའི་དུས་ན་ཐར་པ་དོན་དུ་གཉེར་བ་དགེ་སློང་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། གཅོམ་བསྐྱུངས་པ་དག་དང་། ནང་དུ་ཡང་དག་འཇོག་སོགས་འབྱུང་བར་འགྱུར་རོ་ཞེས་རྒྱ་ཆེར་བཀྲལ་ཏེ་གསུངས་པས་སོ།།
སྐྱབས་རྗེ་དགེ་རིན་པའི་ལྷོ་འབྲུག་ཆོས་འབྱུང་ལས་བཤུས།


1 Comments
རྗེ་བླ་མ་ཁྱེད་རང་མཁྱེན་ནོ།།
ReplyDeleteཐུགས་འཆར་བཀོད་གནང་།