གུ་རུ་རིན་པོ་ཆེ་བོད་དུ་བྱོན་ཚུལ།
དེ་ནས་སློབ་དཔོན་ཆེན་པོ་ཕྱག་རྒྱའི་རིག་འཛིན་གྱི་ས་ལ་བྱོན་པའི་ཚུལ་སྟོན་པའི་བར། འཛམ་བུ་གླིང་གི་ཡུལ་གྲུ་ཐ་དད་པ་རྣམས་སུ་མི་ལོ་སུམ་སྟོང་དྲུག་བརྒྱའི་ཡུན་ལ་མཆོག་གི་མཚན་བརྒྱད་དང་སྤྲུལ་པའི་མཚན་བཞི་བཅུ་སོགས་སུ་གྲགས་ཏེ་འགྲོ་དོན་བསྐྱངས། འོ་ན་སྟོན་པའི་འདས་ལོ་དང་འགལ་ལོ་སྙམ་ན། དེ་ནི་འཕགས་ཡུལ་པ་རྣམས་ཉི་མའི་བགྲོད་པ་རེ་ལ་ལོ་རེ་བརྩི་བའི་དབང་གིས་སོ། །དེ་ནས་བྱང་ཕྱོགས་ཁ་བ་ཅན་གྱི་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གིས་སྤྱན་དྲངས་ཏེ། སྟོན་པའི་འདས་ལོ་ཆིག་སྟོང་དྲུག་བརྒྱ་བརྒྱད་ཅུ་གྱ་བརྒྱད་དང་། སྤྱི་ལོ་བརྒྱད་བརྒྱ་བཅུ་པ་ལྕགས་སྟག་ལ་བོད་ཀྱི་གདུལ་བྱའི་དོན་དུ་བྱོན།
བོད་ཀྱི་ལྷ་སྲིན་མཐུ་བོ་ཆེ་ཐམས་ཅད་རྫུ་འཕྲུལ་བཀོད་པ་ཆེན་པོས་དམ་ཚིག་ཕྱག་རྒྱ་གཉན་པོའི་ཟིལ་འོག་མནན། ཟན་ཡངས་མི་འགྱུར་ལྷུན་གྲུབ་ཀྱི་གཙུག་ལགཁང་བཞེངས་ནས་རྒྱལ་བསྟན་བོད་ནུ་དྲངས་པའི་སྐབས་ཙམ་ན། དབང་བསྐུར་ལན་གཅིག་མཛད་དུས་མཁར་ཆེན་བཟའ་རྒྱལ་པོའི་དབང་ཡོན་དུ་བཞེས་པ་དང་། གཞན་ཡང་བྱེ་ཐང་ཕལ་ཆེར་ཚལ་དང་ནེའུ་གསིང་དུ་བསྒྱུར་བ་དང་། ཆུ་མེད་པ་རྣམས་སུ་ཆུ་དང་། གྲམ་པ་ཞིང་སར་བསྒྱུར་བ་སོགས་སྤྲུལ་བསྒྱུར་ངོ་མཚར་ཅན་མངོན་སུམ་དུ་མཛད་པའི་ཚེ། བདུད་བློན་སྡིག་ཅན་རྣམས་ཀྱིས་འདི་ནི་ཧ་ཅང་མཐུ་དང་རྫུ་འཕྲུལ་ཆེ་བས་རྒྱལ་སྲིད་འཕྲོག་དོགས་ཡོད་ཅེས་གྲོས་འདེབས། སློབ་དཔོན་ལ་གསེར་ཕུལ་ཏེ་མཛད་པའི་འཕྲོ་བཤོལ་ལ་སླར་རྒྱ་གར་དུ་བྱོན་པར་གསོལ་བ་བཏབ་པས། བྱོན་པར་ཞལ་གྱིས་བཞེས་ཏེ་བོད་དུ་རིང་མཐའ་ཡང་ལོ་ངོ་བཅུ་གཉིས་ཙམ་ལས་མ་བཞུགས་ཞེས་མ་དག་སྣང་ངོར་མང་ཡུལ་ལ་ཐོག་ནས། སྐྱེལ་མི་རྣམས་ཀྱི་མཐོང་ཡུལ་དུ་ནམ་མཁའ་ལ་འཕུར་ཏེ་སྲིན་ཡུལ་དུ་གཤེགས་པའི་ཚུལ་བསྟན།
འོན་ཀྱང་སྐུ་དངོས་གཞོ་སྟོད་ཏི་སྒྲོ་བྲག་དང་། མཆིམས་ཕུ་བྲག་དམར་དཔལ་གྱི་བྲེ་གུར་དུ་གསང་བ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལས་ཅན་རྒྱལ་པོ་རྗེ་འབངས་རྣམས་སྨིན་པར་མཛད། དེ་ནས་ཡོན་མཆོད་ལྐོག་ཏུ་བཀའ་བགྲོས་ཏེ་ཕྱིས་སུ་དབོན་སྲས་བདུད་ཀྱི་སྤྲུལ་པས་བསྟན་པ་བསྣུབ་ཏུ་དགོངས་ནས། སློབ་དཔོན་སྐུ་དངོས་དང་མཚོ་རྒྱལ་སོགས་ལས་ཅན་གྱི་འཁོར་དང་བཅས། དབུས་གཙང་ཕྱོགས་སུ་སྒྲུབ་གནས་ཉེར་གཅིག་དང་། མངའ་རིས་སྟོད་དུ་གངས་བྲག་ཉི་ཤུ། མདོ་ཁམས་སྨད་དུ་གནས་ཆེན་ཉེར་ལྔ་སོགས་སྟོད་སྨད་བར་གསུམ་གྱི་སྦས་ཡུལ་ཐམས་ཅད་ལ། གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང་། བྱིན་རླབས་ཀྱི་མཚན་ཀ་མི་ཉམས་པའི་ཕྱིར་ཆོས་ནོར་ཟབ་གཏེར་དཔག་ཏུ་མེད་པས་གངས་བྲག་རི་མཚོ་ཐམས་ཅད་བཀང་བར་མཛད།
ལྷོ་འབྲུག་ཆོས་འབྱུང་ལས།


0 Comments
ཐུགས་འཆར་བཀོད་གནང་།