གསར་པ།

6/recent/ticker-posts

མངོན་པ་རྣམ་འབྱེད་ཀྱི་དྲིས་ལན།


༡) རྒྱ་གར་སྐད་དུ་ཨ་བྷི་དྷརྨ་བི་བྷརྻ་ཀཱ་རི་ཀ། ཞེས་པ་བོད་སྐད་དུ་སྒྱུརད་ནས་བྲིས?

ཞུ་ལན) རྒྱ་གར་སྐད་དུ་ཨ་བྷི་དྷརྨ་བི་བྷརྻ་ཀཱ་རི་ཀ། ཞེས་པ་བོད་སྐད་དུ་ཆོས་མངོན་པ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ཞེས་སྒྱུར་བའོ། །

༢) མངོན་པ་རྣམ་འབྱེད་ཀྱི་མཆོད་བརྗོད་ཀྱི་གཞུང་དང་བརྩམ་པར་དམ་བཅའི་གཞུང་ངོས་བཟུང་ནས་མངོན་པ་རྣམ་འབྱེད་ཀྱི་བསྟན་བཅོས་འདི་མདོར་བསྡུས་ན་དོན་ཚན་དུ་ཞིག་གི་ནང་དུ་བསྡུས་ནས་བསྟན་པ་ཡིན?

ཞུ་ལན) མངོན་པ་རྣམ་འབྱེད་ཀྱི་མཆོད་བརྗོད་ཀྱི་གཞུང་ནི། སྒྲུབ་བྱེད་གོམས་ལས་མི་གནས་མྱང་འདས་དབྱིངས། །ཉིད་ཞུགས་ལམ་གསུམ་དེ་ལ་ཕྱག་བྱས་ནས། ། ཞེས་པ་དང་། བརྩམ་པར་དམ་བཅའི་གཞུང་ནི། ཀུན་ལས་བཏུས་པ་འདིར་ཆུད་འདིས་དེ་ནི། །རྣམ་པར་འབྱེད་པས་མན་ངག་ཉིད་དུ་བཤད། ། ཞེས་པ་དེ་ཡིན་ལ། མངོན་པ་རྣམ་འབྱེད་ཀྱི་བསྟན་བཅོས་འདི་མདོར་བསྡུས་ན་དོན་ཚན་རྣམ་པ་བཅུ་དྲུག་གི་ནང་དུ་བསྡུས་ནས་བསྟན་པ་ཡིན་ནོ། །

༣) བདག་གི་གཞི་ལྔ་བརྗོད་ཕྱིར་དང་།།ཞེས་པའི་སྐབས་བདག་གི་འཁྲུལ་པའི་གཞི་ལྔ་ངོས་ཟུངས?

ཞུ་ལན) བདག་གི་གཞི་ལྔ་བརྗོད་ཕྱིར་དང་།།ཞེས་པའི་སྐབས་བདག་གི་འཁྲུལ་པའི་གཞི་ལྔ་ནི། གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་པར་ཤེས་པའི་ཕུང་པོ་སྟེ་ཕང་པོ་ལྔ་ཡིན་ནོ། །

༤) ཕུང་པོ་ལྔའི་མཚན་ཉིད་བསྟན་པའི་རྩ་ཚིག་མ་ནོར་བ་ཁོད?


ཞུ་ལན) ཕུང་པོ་ལྔའི་མཚན་ཉིད་བསྟན་པའི་རྩ་ཚིག་ནི། རེག་ཡུལ་དཔྱད་གཟུགས་རུང་མྱོང་བ། །འདུས་ཏེ་ཤེས་བྱེད་དམིགས་ལ་སེམས། །མངོན་པར་འདུ་བྱེད་དོན་ངོ་ཙམ། ། རྣམ་པར་ཤེས་བྱེད་གཟུགས་སོགས་མཚོན། ། ཞེས་གསུངས་སོ། །

༥) གཟུགས་ཀྱི་རྣམ་གཞག་བཤད་སྐབས་ རྒྱུའི་གཟུགས་བཞི་དང་ འབྲས་བུའི་གཟུགས་བཅུ་གཅིག་ཅེས་པ་གང་དང་གང་ཡིན་ནམ?


ཞུ་ལན) གཟུགས་ཀྱི་རྣམ་གཞག་བཤད་སྐབས་ རྒྱུའི་གཟུགས་བཞི་ནི། ས་། ཆུ་། མེ་། རླུང་སྟེ་འབྱུང་བ་བཞི་ཡིན་པ་དང་། འབྲུས་བུའི་གཟུགས་བཅུ་གཅིག་ནི། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཕྱོགས་གཅིག་ལྕི་བ་ལ་སོགས་པ་དང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སོ། །

༦) གཟུགས་ཀྱི་སྐྱེ་མཆེད་དང་སྒྲའི་སྐྱེ་མཆེད་གཉིས་ཀྱི་མཚན་ཉིད་དང་ དབྱེ་བ་རྣམས་ཚང་བར་བྲིས?


ཞུ་ལན) གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་ཏེ་གྲུབ་པ་མིག་གི་དབང་པོའི་སྤྱོད་ཡུལ་གྱི་དོན་གང་ཡིན་པའོ། དབྱེ་ན། གཞུང་ལས། གཟུགས་འདིར་ཁ་དོག་ཉེར་གཅིག་བཞི། ཞེསགསུངས་པ་ལྟར། ཁ་དོག་གི་གཟུགས། སྔོན་པོ། སེར་པོ། དམར་པོ། དཀར་པོ་སྟེ་བཞི་དང་། དབྱིབས་ཀྱི་གཟུགས་ཉེར་གཅིག་སྟེ། རིང་པོ།༡ ཐུང་ངུ།༢ ལྷམ་པ་སྟེ་གྲུ་བཞི་པ་དང་།༣ ཟླུམ་པོ།༤ རྡུལ་ཕྲ་མོ།༥ རགས་པ།༦ ཕྱལ་ལེ་བ།༧ ཕྱལ་ལེ་བ་མ་ཡིན་པ།༨ མཐོན་པོ།༩ དམའ་བ།༡༠ གྲིབ་མ།༡༡ ཉི་མའི་འོད།༡༢ ཟླ་བ་དང་ནོར་བུ་སོགས་ཀྱི་སྣང་བ།༡༣ མུན་པ།༡༤ སྤྲིན།༡༥ དུ་བ།༡༦ རྡུལ་འཁྲིག་པ།༡༧ ཁུག་རྣ།༡༨ མངོན་པར་སྐབས་ཡོད་པ་དང་།༡༩ རྣམ་པར་རིག་བྱེད་ཀྱི་གཟུགས་དང་།༢༠ རྒྱན་གི་གཟུགས་ནམ་མཁའི་ཁ་དོག་སྟེ་ཉི་ཤུ་རྩ་གཅིག་གོ།༢༡ སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་ཏེ་གྲུབ་པ་རྣ་བའི་དབང་པོའི་གཟུང་བའི་དོན་གང་ཡིན་པའོ། དབྱེ་ན། སྒྲ་ནི་བཅུ་གཅིག། ཞེས་གསུངས་པ་ལྟར། ཡིད་དུ་འོང་བའི་སྒྲ།༡ ཡིད་དུ་མི་འོང་བའི་སྒྲ།༢ གཉི་ག་མ་ཡིན་པ་བར་མའི་སྒྲ།༣ ཟིན་པའི་རྒྱུ་ལས་བྱུང་བའི་སྒྲ།༤ མ་ཟིན་པའི་རྒྱུ་ལས་བྱུང་བའི་སྒྲ།༥ ཟིན་མ་ཟིན་གཉི་ག་ལས་བྱུང་བའི་སྒྲ་རྔ་སྒྲ་ལྟ་བུ།༦ འཇིག་རྟེན་ཕལ་པ་རྣམས་ལ་གྲགས་པའི་སྒྲ།༧ འཕགས་པ་རྣམས་ཀྱིས་ཐ་སྙད་བཏགས་པ་གྲུབ་པས་བསྟན་པའི་སྒྲ།༨ མུ་སྟེགས་བྱེད་ཀྱིས་ཀུན་བརྟགས་པའི་སྒྲ།༩ འཕགས་པས་མཐོང་བ་ལ་སོགས་པའི་ཐ་སྙད་བཏགས་པའི་སྒྲ།༡༠ འཕགས་པ་མ་ཡིན་པས་མཐོང་བ་ལ་སོགས་པས་ཐ་སྙད་བཏགས་པའོ། །༡༡

༧) ཆོས་ཀྱི་སྐྱེ་མཆེད་གཟུགས་ལྔ་རེ་རེ་བཞིན་ངོས་ཟུངས?


ཞུ་ལན) ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་ནི། བསྡུས་པ་ལས་གྱུར་པའི་གཟུགས། མངོན་པར་སྐབས་ཡོད་པའི་གཟུགས། ཡང་དག་པར་བླངས་པ་ལས་བྱུང་བའི་གཟུགས། ཀུན་བརྟགས་པའི་གཟུགས། དབང་འབྱོར་བའི་གཟུགས་བཅས་ལྔ་ཡིན་ནོ། །

༨) ཉེར་སྤྱོད་ཐ་སྙད་འདོགས་དངོས་ཕྱིར།།ཞེས་པ་ནས་ཐམས་ཅད་ཕལ་པའི་འདུ་བྱེད་དོ།།ཞེས་པའི་བར་གྱི་རྩ་ཚིག་བྲིས་ནས་ཚོར་འདུའི་ཕུང་པོ་ལོགས་སུ་སྨོས་པའི་རྒྱུ་མཚན་ཡང་བྲིས?


ཞུ་ལན) རྩ་ཚིག་ནི། ཉེར་སྤྱོད་ཐ་སྙད་འདོགས་དངོས་ཕྱིར། །ཚོར་འདུ་ཕུང་པོ་ལོགས་སུ་སྨོས། །གཞན་རྩོད་རྩ་བར་གྱུར་སོགས་འདོད། །དེ་མིན་རྣམས་དང་ལྡན་པ་མིན། །ཐམས་ཅད་ཕལ་པའི་འདུ་བྱེད་དོ། ། ཞེས་གསུངས་པ་དང་། ཚོར་འདུའི་ཕུང་པོ་ལོགས་སུ་སྨོས་པའི་རྒྱུ་མཚན་ནི། གཞུང་ལས། ཉེར་སྤྱོད་ཐ་སྙད་འདོགས་དངོས་ཕྱིར། །ཚོར་འདུ་ཕུང་པོ་ལོགས་སུ་སྨོས། ། ཞེས་གསུངས་པ་ལྟར་ ཚོར་བ་ནི་ཉེ་བར་སྤྱོད་པའི་གཞི་དང་། འདུ་ཤེས་ནི་ཐ་སྙད་འདོགས་པའི་གཞི་ཡིན་པས་ལོགས་སུ་སྨོས་པ་ཡིན་ནོ།

༩) སེམས་བྱུང་གི་ངེས་ཚིག་དང་ ཀུན་མཁྱེན་གྱིས་སེམས་དང་སེམས་བྱུང་ངོ་བོ་གཅིག་ཐ་དད་གང་ཡིན་པར་བཞེད་འདུག་གམ?


ཞུ་ལན) སེམས་བྱུང་གི་ངེས་ཚིག་ནི། སེམས་ལ་རག་ལས་ཤིང་སེམས་ལས་སྐྱེས་པའམ། སེམས་ལས་འཐོན་ཞིང་སེམས་ལ་བརྟེན་ནས་བྱུང་བས་ན་སེམས་བྱུང་ཞེས་བྱའོ། ཀུན་མཁྱེན་གྱིས་སེམས་དང་སེམས་བྱུང་ངོ་བོ་གཅིག་ཐ་དད་གང་ཡིན་པར་བཞེད་འདུག་ཞེ་ན། གཞུང་ལས། དེ་གཉིས་དཔྱད་དཀའ་ཡིད་བརྟན་པའི། ། ལུང་དང་རིགས་པས་ཐ་དད་གྲུབ། ། ཞེས་གསུངས་པ་ལྟར་ ཀུན་མཁྱེན་གྱིས་སེམས་དང་སེམས་བྱུང་ངོ་བོ་ཐ་དད་དུ་བཞེད་འདུག་ལགས། །

༡༠) ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ་ དགེ་བའི་ས་མང་བཅུ་གཅིག་རྩ་ཉོན་དྲུག་པོ་བསྟན་པའི་རྩ་ཚིག་ཞོག?


ཞུ་ལན) དེ་རྣམས་བསྟན་པའི་རྩ་ཚིག་ནི། ཚོར་འདུ་སེམས་པ་ཡིད་བྱེད་རེག ། ཀུན་འགྲོ་འདུན་མོས་དྲན་ཏིང་ཤེས། ། ཡུལ་ངེས་དད་དང་ངོ་ཚ་ཤེས། ། ཁྲེལ་ཡོད་མ་ཆགས་ཞེ་སྡང་མེད། ། གཏི་མུག་མེད་བརྩོན་སྦྱངས་བག་ཡོད། ། བཏང་སྙོམས་རྣམ་མི་འཚེ་རྣམས་དགེ། ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། ། མ་རིག་ཐེ་ཚོམ་ལྟ་རྩ་ཉོན། ། ཞེས་གསུངས་སོ། །

༡༡) སེམས་བྱུང་ལ་རྫས་བཏགས་ཀྱི་ཁྱད་པར་ཀུན་མཁྱེན་གྱིས་གསུངས་པ་ལྟར་བྲིས་ནས་ཁམས་གང་དུ་སེམས་བྱུང་དུ་ཡོད་པ་དང་ སེམས་གང་གི་འཁོར་དུ་སེམས་བྱུང་དུ་ཡོད་པ་ཡིན་ནམ་རྩ་ཚིག་བྲིས??


ཞུ་ལན) སེམས་བྱུང་ལ་རྫས་བཏགས་ཀྱི་ཁྱད་པར་ཀུན་མཁྱེན་གྱིས་གསུངས་པ་ནི། གཞུང་ལས། དང་པོ་བཅུ་དང་དགེ་བའི་བདུན། །རྩ་ཉོན་ལྔ་ནི་རྫས། ཞེས་གསུངས་པ་ལྟར། ཀུན་འགྲོ་ལྔ་དང་། ཡུལ་ངེས་ལྔ་སྟེ་བཅུ་དང་། གཏི་མུག་མེད་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་མ་གཏོགས་པའི་དགེ་བ་བདུན་དང་། ལྟ་བ་མ་གཏོགས་པའི་རྩ་ཉོན་ལྔ་སྟེ་བསྡོམས་ཉི་ཤུ་རྩ་གཉིས་ནི་རང་རྐྱང་ཐུབ་པའི་རྫས་ཡིན་ནོ། བཏགས་ཡོད་ནི། གཞུང་ལས། ལྷག་མ། །བཏགས་ཡོད། ཞེས་གསུངས་པ་ལྟར། དགེ་བ་ལྷག་མ་བཞི་དང་། ཉོན་མོངས་པའི་ལྟ་བ་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུ་དང་། གཞན་འགྱུར་བཞི་དང་བཅས་ཉི་ཤུ་རྩ་དགུ་ནི་བཏགས་ཡོད་ཡིན་ནོ། ། ཁམས་གང་དུ་སེམས་བྱུང་དུ་ཡོད་པའི་རྩ་ཚིག་ནི། འདོད་ན་མེད་སྦྱངས་པ། ། གཟུགས་ན་དྲུག་གསུམ་གཅིག་གཉིས་མེད། །ཁྱད་པར་ཅན་ནས་རྟོག་པ་དང་། །གཉིས་ནས་སྤྱོད་དང་གཡོ་སྒྱུ་ཡང་། །ཞེས་གསུངས་པ་དང་། སེམས་གང་གི་འཁོར་དུ་སེམས་བྱུང་དུ་ཡོད་པ་ཡིན་པའི་རྩ་ཚིག་ནི། འདོད་དགེའི་སེམས་ལ་རྫས་བཅུ་དྲུག །མ་འདྲེས་མི་དགེར་བཅུ་གཅིག་དང་། །འདྲེས་དང་བསྒྲིབས་ལ་བཅུ་གསུམ་དང་། །མ་བསྒྲིབས་ལ་བཅུ་གཙོ་ཆེར་ཡིན། ཞེས་གསུངས་སོ། །

༡༢) ལྡན་མིན་འདུ་བྱེད་ཀྱི་ངོ་བོ་དང་དབྱེ་བ་ལ་ག་ཚོད་ཡོད་རྩ་བ་ལས་གསུངས་པ་ལྟར་བྲིས་ ལྡན་མིན་འདུ་བྱེད་ནི་གང་གིས་སྒོ་ནས་བཤད་པ་ཡིན་ནམ?


ཞུ་ལན) ལྡན་མིན་འདུ་བྱེད་ཀྱི་ངོ་བོ་ནི། གཞུང་ལས། གཟུགས་སེམས་སེམས་བྱུང་གནས་སྐབས་ལ། །བཏགས་པ་དེ་ཉིད་དང་གཞན་དུ། །བརྗོད་མེད་ལྡན་པ་མིན་འདུ་བྱེད། ། ཞེས་གསུངས་པ་ལྟར་ གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་གྱི་གནས་སྐབས་ཀྱི་ཆ་ལ་བཏགས་པ་གང་ཞིག་ གཟུགས་སོགས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའོ། །
དབྱེ་ན་ཉི་ཤུ་རྩ་གསུམ་ཡོད་དེ། གཞུང་ལས། ཐོབ་དང་འདུ་ཤེས་མེད་སྙོམས་འཇུག །འགོག་སྙོམས་འདུ་ཤེས་མེད་པ་དང་། །སྲོག་དབང་རིགས་མཐུན་སྐྱེ་རྒ་གནས། །མི་རྟག་མིང་ཚིག་ཡི་གེའི་ཚོགས། ། སོ་སྐྱེ་འཇུག་པ་སོ་སོར་ངེས། འབྱོར་འབྲེལ་མགྱོགས་པ་གོ་རིམ་དུས། ཡུལ་གྲངས་ཚོགས་པའོ། ཞེས་གསུངས་པ་དང་། ལྡན་མིན་འདུ་བྱེད་ནི་གང་གིས་སྒོ་ནས་བཤད་པ་ཡིན་ཞེ་ན། གཞུང་ལས། གནས་དང་ནི། ། ངོ་བོ་གདགས་པ་གསུམ་གྱིས་སོ། ། ཞེས་གསུངས་པ་ལྟར་ གནས་དང་ངོ་བོ་དང་མིང་གདགས་པ་གསུམ་གྱི་སྒོ་ནས་བཤད་པ་ཡིན་ནོ། །

༡༣) ཆོས་ཁམས་བཅུ་དྲུག་ངོས་ཟུངས་ནས་ཁམས་ཀྱི་གྲངས་ངེས་ལ་རྩོད་པ་སྤོང་ཚུལ་དང་ མིག་སོགས་ཁམས་དྲུག་ལ་མུ་བཞི།།ཞེས་པའི་སྐབས་མིག་དང་མིག་གི་ཁམས་གཉིས་ལ་མུ་བཞི་བརྩི་ཚུལ་ཇི་ལྟར་ཡིན་ནམ་མ་ནོར་བ་བྲིས?


ཞུ་ལན) ཆོས་ཁམས་བཅུ་དྲུག་ནི། གཞུང་ལས། གཟུགས་ལྔ་ཕུང་གསུམ་འདུས་མ་བྱས། །བཅུ་དྲུག་ཆོས་ཀྱི་ཁམས་ཡིན་ནོ། །ཞེས་གསུངས་པ་ལྟར། སྔར་བཤད་པའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་དང་། ཚོར་བ། འདུ་ཤེས། འདུ་བྱེད་ཀྱི་ཕུང་པོ་གསུམ་དང་། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་གང་ཡིན་པ་སྟེ་བསྡོམས་རྣམ་པ་བཅུ་དྲུག་ཡིན་ལ། ། ཁམས་ཀྱི་གྲངས་ངེས་ལ་རྩོད་པ་སྤོང་ཚུལ་ནི། གཞུང་ལས། འོ་ན་ཉེར་གཅིག་ཏུ་འགྱུར་རོ། །མཚན་ཉིད་འདྲ་བས་རིགས་གཅིག་དང་། བྱ་བ་གཅིག་པས་ཁམས་གཅིག་ཉིད། །ཞེས་གསུངས་པ་ལྟར། ཁམས་བཅོ་བརྒྱད་དུ་བསྟན་པ་མི་འཐད་དེ། མིག་དང་རྣ་བ་དང་སྣ་ལ་གཉིས་གཉིས་ཡོད་པས་ཉི་ཤུ་རྩ་གཅིག་ཏུ་འགྱུར་བའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། གཉི་གའང་མཚན་ཉིད་འདྲ་བས་རིགས་གཅིག་པའི་ཕྱིར་དང་། སྤྱོད་ཡུལ་ཡང་གཅིག་ལ་འཇུག་པའི་ཕྱིར་དང་། རང་རང་གི་རྣམ་ཤེས་བསྐྱེད་པར་བྱ་བའང་གཅིག་པའི་ཕྱིར་ན་ཁམས་རེ་རེར་འཇོག་པའོ། །ལུས་ཀྱི་རྟེན་མཛེས་པའི་དོན་དུ་གཉིས་གཉིས་སུ་གྲུབ་པ་སྟེ། མིག་ལ་སོགས་པ་གཉིས་ཡོད་ཀྱི། །རིགས་དང་སྤྱོད་ཡུལ་བྱ་བ་རྣམས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །མཛེས་བྱའི་དོན་དུ་གཉིས་བྱུང་ངོ་། །ཞེས་པ་ལྟར་རོ། ། མིག་དང་མིག་གི་ཁམས་གཉིས་ལ་མུ་བཞི་བརྩི་ཚུལ་ནི། མིག་ཡིན་ལ་མིག་གི་ཁམས་མ་ཡིན་པ་ནི། དགྲ་བཅོམ་པ་ཐ་མ་མྱ་ངན་ལས་འདའ་ཁ་མའི་མིག་གོ། མིག་གི་ཁམས་ཡིན་ལ་མིག་མ་ཡིན་པ་ནི། སྒོ་ངའི་ནང་ན་འདུག་པ་དང་། ནུར་ནུར་པོར་གྱུར་པའི་སྐབས་སོ་དང་མིག་ཐོབ་ཀྱང་ཞར་བར་གྱུར་བ་རྣམས་སོ། གཉིས་ཀ་ཡིན་པ་ནི། མིག་ཐོབ་ལ་མ་ཉམས་པའི་གནས་སྐབས་ཀྱི་མིག་དང་། གཉིས་ཀ་མ་ཡིན་པ་ནི། ལྷག་མེད་དུ་མྱ་ངན་ལས་འདས་པའི་སྐབས་དང་། གཟུགས་མེད་ཁམས་དུ་སྐྱེས་པའི་ཕྱིར་མི་འོང་འཕགས་པའི་རྒྱུད་ལ་མིག་གི་ངོ་བོའང་འགགས་ཤིང་ས་བོན་ཡང་མ་ལུས་པ་སྤངས་པ་ལྟ་བུའོ། །

༡༤) ཕུང་ཁམས་སྐྱེ་མཆེད་ཀྱི་གོ་རིམ་བསྟན་པའི་རྩ་ཚིག་བྲིས?


ཞུ་ལན) ཕུང་ཁམས་སྐྱེ་མཆེད་ཀྱི་གོ་རིམ་བསྟན་པའི་རྩ་ཚིག་ནི། གནས་དང་གནས་པ་རྟེན་བརྟེན་པ། །ཀུན་ཉོན་རྣམ་པར་བྱང་ཉིད་ཀྱི། །ཕུང་པོ་གོ་རིམ་བཞིན་དུ་བླགས། །དབང་པོའི་ཁམས་སྐྱེ་འཇིག་རྟེན་མཐུན། །དེ་རྒྱུར་བྱས་ཡུལ་གནས་བརྟེན་ལ། །རྟེན་འབྱུང་རྣམ་ཤེས། ཞེས་གསུངས་སོ། །

༡༥) མིག་སོགས་དབང་པོས་ཡུལ་འཛིན་ཚུལ་ལ་ཁྱད་པར་ཡོད་མེད་ཀུན་མཁྱེན་གྱིས་གསུངས་པ་ལྟར་བྲིས?


ཞུ་ལན) མིག་སོགས་དབང་པོས་ཡུལ་འཛིན་ཚུལ་ལ་ཁྱད་པར་ཡོད་དེ། གཞུང་ལས། མིག་རྣ་ཡིད་གསུམ་མ་ཕྲད་པར། །སྣ་ལྕེ་ལུས་ཕྲད་དེ་གསུམ་མཉམ། །མིག་རྣས་ཆུང་མཉམ་ཆ་གསུམ་དང་། །དབར་ཤེས་ད་ལྟ་རང་མཚན་ཉིད། ། ཡིད་ཤེས་དུས་གསུམ་གཉིས་ཀ་འཛིན། །ཞེས་གསུངས་པ་ལྟར། མིག་དང་རྣ་བ་ཡིད་གསུམ་རང་རང་གི་ཡུལ་དང་མ་ཕྲད་ཅིང་མ་རེག་པར་འཛིན་པ་དང་། སྣ་དང་ལྕེ་ལུས་གསུམ་རང་རང་གི་ལུས་དང་བར་མེད་པར་ཕྲད་ཅིང་རེག་ནས་འཛིན་པའམ་དུས་མཉམ་འཛིན་པ་དང་། དབང་ཤེས་ལྔ་དུས་ད་ལྟར་གྱི་ཡུལ་རང་གི་མཚན་ཉིད་ཅན་ཁོ་ན་དབང་པོ་གཞན་དང་ཐུན་མོང་མ་ཡིན་པར་རང་རང་གི་གཟུང་དོན་སོ་སོར་འཛིན་པ་དང་། ཡིད་ཤེས་ཀྱིས་སོ་སོ་བ་རང་གི་མཚན་ཉིད་དང་། ཐུན་མོང་བ་སྤྱིའི་མཚན་ཉིད་ཅན་གྱི་དུས་གསུམ་པོ་ཐམས་ཅད་པ་སྟེ་རང་མཚན་དང་སྤྱི་མཚན་གཉིས་ཀ་འཛིན་པ་ཡིན་ནོ། །

༡༦) རྟེན་འབྲེལ་མཚན་ཉིད་ཡན་ལག་དབྱེ།།ཞེས་སོགས་ཀྱི་སྐབས་ རྟེན་འབྲེལ་གྱི་མཚན་ཉིད་དང་ དབྱེ་བ་བཅུ་གཉིས་པོ་སོ་སོའི་ངོ་བོ་དང་བཅས་བྲིས?


ཞུ་ལན)རྟེན་འབྲེལ་གྱི་མཚན་ཉིད་ནི། གཞུང་ལས། གཡོ་མེད་མི་རྟག་ནུས་པའི་རྐྱེན། །ཞེས་གསུངས་པ་ལྟར།དབང་ཕྱུག་དང་ཚངས་པའི་ཀུན་སློང་ངམ་བློའི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་། བདག་རྟག་པ་སོགས་མེད་པས་སྐྱེ་ལྡན་འཇིག་པར་ངེས་པ་མི་རྟག་པའི་རྐྱེན་ལས་བྱུང་བ་དང་། གཡོ་བ་མེད་ཅིང་མི་རྟག་པ་ལས་འབྱུང་ཡང་རྐྱེན་གང་རུང་རུང་ལས་འབྲས་བུ་ཐམས་ཅད་འབྱུང་བ་མ་ཡིན་པར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལྟར། རང་རང་གི་འབྲས་བུ་སྐྱེད་ནུས་པའི་རྐྱེན་ལས་འབྱུང་བའོ། དབྱེ་བ་བཅུ་གཉིས་པོ་སོ་སོའི་ངོ་བོ་ནི། མ་རིག་པའི་ངོ་བོ་ནི། ཡང་སྲིད་ཀྱི་རྒྱུ་ལས་ཀུན་ནས་སློང་ནུས་གང་ཞིག་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ། འདུ་བྱེད་ཀྱི་ངོ་བོ་ནི། ཡང་སྲིད་འཕེན་པར་ནུས་པའི་སྒོ་གསུམ་གྱི་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་རྣམས་སོ། ། རྣམ་ཤེས་ཀྱི་ངོ་བོ་ནི། བག་ཆགས་དང་ལྡན་པའི་ཀུན་གཞི་སྟེ། དེའང་ས་བོན་བཞག་ཙམ་རྒྱུ་དུས་ཀྱི་རྣམ་ཤེས་དང་། ནུས་པ་བརྟས་ནས་སྐྱེ་གནས་སུ་ཁྲིད་པའི་ཚེ་འབྲས་བུའི་དུས་ཀྱི་རྣམ་ཤེས་སོ། ། མིང་གཟུགས་ཀྱི་ངོ་བོ་ནི། མིང་དང་གཟུགས་ཞེས་པ་ཀུན་གཞིའི་རྣམ་ཤེས་མངལ་དུ་ཞུགས་པ་ལས་གྲུབ་པའི་མིང་བཞི་དང་གཟུགས་ཀྱི་ཕུང་པོ་དབང་པོ་མ་དོད་ཀྱི་བར་རྣམས་སོ། ། སྐྱེ་མཆེད་ཀྱི་ངོ་བོ་ནི། སྐྱེ་མཆེད་དྲུག་དང་ཞེས་པ་དེར་མིང་དང་གཟུགས་འཕེལ་བ་ལས་མིག་ལ་སོགས་པའི་དབང་པོ་དྲུག་ཚང་བའོ། ། རེག་པའི་ངོ་བོ་ནི། ཡུལ་དབང་ཤེས་གསུམ་འདུས་ནས་བདེ་སོགས་འབྱུང་བ་དང་མཐུན་པའི་དབང་པོའི་འགྱུར་བ་ཡུལ་ཡོངས་སུ་གཅད་པ་སྟེ་མིག་གི་འདུས་ཏེ་རེག་པ་ལ་སོགས་པའོ། ། ཚོར་བའི་ངོ་བོ་ནི། རིག་པ་ལ་བརྟེན་ནས་སིམ་པ་དང་གདུང་བ་དང་གཉི་ག་མ་ཡིན་པ་ཉམས་སུ་མྱོང་བ་སྟེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་ལ་སོགས་པའོ། །སྲེད་པའི་ངོ་བོ་ནི། ཚོར་བས་བདེ་སོགས་མྱང་བ་རྣམས་ལ་བླང་དོར་དུ་འདོད་ཆགས་ཤིང་ཞེན་པ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པ་རྣམས་སོ། །ལེན་པའི་ངོ་བོ་ནི། སྲེད་པ་འཕེལ་བ་ལས་དངོས་སུ་བླང་དོར་གྱི་སྒོ་ནས་རྩོད་ཅིང་ཡང་སྲིད་ཉེ་བར་ལེན་པར་བྱེད་པ་སྟེ། འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་རྣམས་ཡིན་ལ། དང་པོས་འདོད་པ་དང་། གཞན་གསུམ་གྱིས་ཁམས་ཐམས་ཅད་དུ་སྡུག་བསྔལ་འགྲུབ་པར་བྱེད་པའོ། །སྲིད་པའི་ངོ་བོ་ནི། ཀུན་གཞིའི་རྣམ་ཤེས་ཉེར་ལེན་དང་བཅས་པ་ལས། ལས་ཀྱི་ས་བོན་ནུས་པ་མཐུ་ཆེན་དུ་འཕེལ་ནས། ཡང་སྲིད་སྐྱེ་བ་བསྐྱེད་ངེས་སུ་གྱུར་པ་སྟེ། མདོ་ལས། འགྲོ་བ་རྒྱུད་ལྔའི་སྲིད་པ་དང་བར་དོའི་སྲིད་པ་དང་ལས་ཀྱི་སྲིད་པ་རྣམས་གསུངས་པ་ལས། འདི་ནི་ལས་ཀྱི་སྲིད་པ་ཡིན་ལ།དབྱེ་ན་ཁམས་གསུམ་གྱི་སྲིད་པ་གསུམ་མོ། །སྐྱེ་བའི་ངོ་བོ་ནི། ལས་ཀྱི་སྲིད་པ་སྟོབས་ལྡན་ལས་ཕུང་པོ་གསར་དུ་མངོན་པར་འགྲུབ་པ་སྟེ་སྲོག་དང་བཅས་པར་སྐྱེ་བའོ། །རྒ་ཤིའི་ངོ་བོ་ནི། སྐྱེས་ཕྱིན་ཆད་ལང་ཚོ་འགྱུར་བ་དང་བཅས་ཤིང་མཐར་སྲོག་ཀྱང་འགགས་པའོ། །

༡༧) རྐྱེན་བཞི་བསྟན་པའི་རྩ་ཚིག་བྲིས་ནས་ སོ་སོའི་མཚན་ཉིད་དང་ མཚན་གཞི་ རྐྱེན་བཞི་གསུངས་པའི་དགོས་པ་བཅས་བྲིས?


ཞུ་ལན) རྐྱེན་བཞི་བསྟན་པའི་རྩ་ཚིག་ནི། རྒྱུ་དང་དེ་མ་ཐག་དམིགས་པ། །བདག་པོ་འབྲས་བུ་སྐྱེད་བྱེད་རྒྱུ། ཞེས་གསུངས་པ་དང་། སོ་སོའི་མཚན་ཉིད་ནི། འབྲས་བུའི་ངོ་བོ་སྐྱེད་པ་རྒྱུའི་རྐྱེན་དང་། ཁྱད་པར་ཤེས་རིག་ཕྱི་མ་སྐྱེད་པ་དེ་མ་ཐག་པའི་རྐྱེན་དང་། ཤེས་པ་ཡུལ་གྱི་རྣམ་ལྡན་སྐྱེས་པ་དམིགས་པའི་རྐྱེན་དང་། འབྲས་བུ་འབྱུང་བ་ལ་དབང་བྱེད་པ་བདག་པོས་ཀྱང་རྐྱེན་གྱི་མཚན་ཉིད་ཅན་དུ་བལྟའོ། མཚན་གཞི་ནི། ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱང་རྐྱེན་དུ་བལྟའོ། །རྐྱེན་བཞི་གསུངས་པའི་དགོས་པ་ནི། ཆོས་རྣམས་བདག་གི་རྒྱུ་ལས་བྱུང་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །

༡༨) དབང་པོའི་མཚན་ཉིད་བསྟན་པའི་རྩ་ཚིག་བྲིས་ནས་ ཀུན་ནས་ཉོན་མོངས་དབང་པོ་བཅུ་བཞི་དང་ རྣམ་བྱང་གི་དབང་པོ་བརྒྱད་པོ་མ་འདྲེས་པར་བྲིས?


ཞུ་ལན) དབང་པོའི་མཚན་ཉིད་བསྟན་པའི་རྩ་ཚིག་ནི། ལྷག་པར་དབང་བྱེད་ཕྱིར་དབང་པོ། ། ཞེས་གསུངས་པ་དང་། ཀུན་ནས་ཉོན་མོངས་དབང་པོ་བཅུ་བཞི་ནི། མིག་སོགས་དབང་པོ་དྲུག་དང་། ཕོ་མོའི་དབང་པོ་དང་། སྲོག་གི་དབང་པོ་དང་། བདེ་སོགས་ཚོར་བ་ལྔ་བཅས་བཅུ་བཞི་ཡིན་པ་དང་། རྣམ་བྱང་གི་དབང་པོ་བརྒྱད་པོ་ནི། དད་སོགས་ལྔ་དང་། ཀུན་ཤེས་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་ལྡན་པའི་དབང་པོ་བཅས་བརྒྱད་ཡིན་ནོ། །

༡༩) ཇི་ལྟར་ དུ་ཞིག་ ཅི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བརྟག་པ་ཡིན་ནམ?


ཞུ་ལན) ཇི་ལྟར་ དུ་ཞིག་ ཅི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བརྟག་ཅེ་ན། གཞུང་ལས།རང་གི་མཚན་ཉིད་ཁོ་ནས་སྡུག། །ཞེས་གསུངས་པ་ལྟར། མཚན་ཉིད་ནི། ལུས་སེམས་ལ་དངོས་སུ་གནོད་པའི་སྡུག་བསྔལ་གྱི་ཚོར་བའི་རང་གི་མཚན་ཉིད་ཅན་ནམ་བདག་ཉིད་ནི་སྡུག་བསྔལ་དངོས་ཡིན་པའི་ཕྱིར་དང་། གང་ལ་བརྟེན་ནས་སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་ཡུལ་ཡིད་དུ་མི་འོང་བ་དང་། དེ་དང་ཕྲད་པའི་དབང་པོ་དང་། དེ་དང་མཚུངས་ལྡན་གྱི་སེམས་དང་། སེམས་བྱུང་སྐྱེས་པ་རྣམས་ཀྱི་རང་གི་མཚན་ཉིད་ནི། སྡུག་བསྔལ་གྱི་རྒྱུ་ཡིན་པ་ཉིད་ཀྱིས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བལྟའོ། །མཚན་གཞི་ནི།ཐམས་ཅད་ཀྱི་ཕྱོགས་གཅིག་ནི་སྡུག་བསྔལ་གྱི་ཚོར་བ་རྒྱུ་དང་བཅས་པས་བསྡུས་པ་དག་གོ །དགོས་པ་ནི། དེའང་ཆོས་གསུམ་གྱི་ཆར་བསྟན་པས་བདག་སྡུག་བསྔལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །

༢༠) ལྡན་པའི་ངོ་བོ་དང་དབྱེ་བ་བསྟན་པའི་རྩ་ཚིག་བྲིས?


ཞུ་ལན) ལྡན་པའི་ངོ་བོ་དང་དབྱེ་བ་བསྟན་པའི་རྩ་ཚིག་ནི། ལྡན་པ་འཕེལ་གྲིབ་ལ་བཏགས་གང་། ། ས་བོན་དབང་དང་ཀུན་འབྱུང་ལྡན། ། ཞེས་གསུངས་སོ། །

༢༡) བདེན་པ་རྣམ་པ་ངེས་པ་ཞེས་པ་གང་ཡིན་ངོས་ཟུངས་ནས་སྲིད་པ་ལྔ་བཅུ་རྩ་བརྒྱད་པོའི་རྐང་གྲངས་མ་ནོར་བ་བྲིས?


ཞུ་ལན) བདེན་པ་རྣམ་པར་ངེས་པ་གང་ཞེ་ན། གཞུང་ལས། བདེན་པ་རྣམ་ངེས་སྡུག་ཀུན་དང་། །འགོག་ལམ་འཕགས་པའི་བདེན་པའོ། །ཞེས་གསུངས་པ་ལྟར། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པའོ། ། སྲིད་པ་ལྔ་བཅུ་རྩ་བརྒྱད་པོའི་རྐང་གྲངས་ནི། ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་བཅས་དམྱལ་ཁམས་བཅོ་བརྒྱད་དང། ཉི་ཚེ་བའི་དམྱལ་བ་དང་།དུད་འགྲོ་དང་། ཡི་དྭགས་དང་། མི་ལ་ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་དང་། ལྷ་ལ་ཡང་ རྒྱལ་ཆེན་རིས་བཞི། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། གཟུགས་ཁམས་ལ་ ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་དང་།འོད་ཆུང་བ་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་པ། འབྲས་བུ་ཆེ་བ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་དང་། གཟུགས་མེད་ཁམས་ལ་ ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྣམས་སོ། །

༢༢) བསྐལ་པ་འཇིག་པའི་ཚུལ་གྲངས་དང་གོ་རིམ་བཅས་མ་ནོར་བར་བྲིས?


ཞུ་ལན) གཞུང་ལས། མེས་བདུན་ཆུས་གཅིག་ཚར་བདུན་མཐར།། མེ་བདུན་དེ་ནས་རླུང་གིས་སོ། །བསམ་གཏན་གསུམ་རིམ་མེ་ཆེ་རླུང་། །བཞི་པ་ལྷན་ཅིག་འབྱུང་འགག་པས། །ཞེས་གསུངས་པ་ལྟར། བསྐལ་པ་འཇིགས་ཚུལ་དེ་ཡང་གྲངས་དང་གོ་རིམ་གྱི་དབང་དུ་བྱས་ན། ཇི་སྐད་དུ། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཡང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་པ་ལྟར་མེས་འཇིག་པ་ལན་བདུན་བདུན་གྱི་རྗེས་སུ་ཆུས་འཇིག་པ་ལན་རེ་རེ་འབྱུང་ཞིང་། དེ་ལྟར་མེ་ཡིས་བཞི་བཅུ་རྩ་དགུ་དང་། ཆུས་བདུན་ཐལ་ནས། སླར་ཡང་མེས་ལན་བདུན་འཇིག་ལ། དེ་ཐམས་ཅད་ཀྱི་རྗེས་སུ་རླུང་གིས་ལན་གཅིག་འཇིག་སྟེ། དེ་ལྟ་བུའི་བསྐལ་ཆེན་དྲུག་ཅུ་རྩ་བཞི་ལ། མེས་འཇིག་པ་ནི་ལྔ་བཅུ་རྩ་དྲུག་དང་། ཆུས་འཇིག་པ་བདུན་དང་། རླུང་གིས་འཇིག་པ་གཅིག་གོ །རྡོ་རྗེ་གདན་དང་བྱ་རྒོད་ཕུང་པོའི་རི་དང་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནི་དེ་དག་གིས་མི་འཇིག་པར་ཡང་གསུངས་སོ། །

༢༣) ཀུན་འབྱུང་གི་བདེན་པ་ཞེས་པ་གང་ཡིན་ངོས་ཟུངས་ནས་ཀུན་སྦྱོར་དགུ་པོ་རེ་རེ་བཞིན་བྲིས?


ཞུ་ལན) ཀུན་འབྱུང་གི་བདེན་པ་གང་ཞེ་ན། ཉོན་མོངས་པ་ཐམས་ཅད་དང་། ཉོན་མོངས་པས་ཀུན་ནས་བསླངས་པའི་དབང་གིས་བྱུང་བའི་ལས་ཟག་པ་དང་བཅས་སྟེ། གང་ལས་སྡུག་བསྔལ་ཀུན་འབྱུང་བ་རྣམས་སོ། །ཀུན་སྦྱོར་དགུ་པོ་ནི། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་། མ་རིག་པའི་ཀུན་ཏུ་སྦྱོར་བ་དང་། ལྟ་བའི་ཀུན་ཏུ་སྦྱོར་དང་། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་། ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང་། སེར་སྣའི་ཀུན་ཏུ་སྦྱོར་བའོ། །

༢༤) འཆིང་བ་གསུམ་ངོས་ཟུངས་ནས་གང་གིས་གང་ལ་འཆིང་བའི་ཚུལ་དང་ཀུན་དཀྲིས་བརྒྱད་རེ་རེ་བཞིན་བྲིས?


ཞུ་ལན)འཆིང་བ་གསུམ་ནི། འདོད་ཆགས་ཀྱི་འཆིང་བ་དང་། ཞེ་སྡང་གི་འཆིང་བ་དང་། གཏི་མུག་གི་འཆིང་བའོ། །གང་གིས་གང་ལ་འཆིང་བའི་ཚུལ་ནི། འདོད་ཆགས་ཀྱི་འཆིང་བས་ནི། བདེ་བས་ཚོར་བ་ལ་ཕྲ་རྒྱས་འཕེལ་བས་ན་འགྱུར་བའི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །ཞེ་སྡང་གི་འཆིང་བས་ནི། སྡུག་བསྔལ་གྱི་ཚོར་བ་ལ་ཕྲ་རྒྱས་འཕེལ་བས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །གཏི་མུག་གི་འཆིང་བས་ནི། ཚོར་བ་བཏང་སྙོམས་པ་ལ་ཕྲ་རྒྱས་འཕེལ་བས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། ། ཀུན་དཀྲིས་བརྒྱད་ནི། རྨུགས་པ་དང་། གཉིད་དང་། རྒོད་པ་དང་།འགྱོད་པ་དང་། ཕྲག་དོག་དང་། སེར་སྣ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པའོ། །

༢༤) མཐོང་སྤང་བརྒྱ་རྩ་བཅུ་གཉིས་དང་སྒོམ་སྤང་བཞི་བརྒྱ་དང་བཅུ་བཞིའི་གྲངས་འདྲེན་སོ་སོར་ངོས་ཟུངས?


ཞུ་ལན) མཐོང་སྤང་བརྒྱ་རྩ་བཅུ་གཉིས་ནི། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་དང་བཅུ་གཉིས་ཡོད་ལ། དེ་ཡང་། སྔར་ལྟར་ལྟ་བ་ལྔ་དང་ལྟ་མིན་ལྔ་སྟེ་ཉོན་མོངས་པ་བཅུ་པོ་དེ་དག་འདོད་པའི་ཁམས་ན་སྡུག་བསྔལ་དང་། ཀུན་འབྱུང་། འགོག་པ། ལམ་བཅས་བཞི་ལ་བྱེ་བྲག་མེད་པར་བཅུ་རེ་སྦྱར་བས་བཞི་བཅུ་ཐམ་པ་དང་། གཟུགས་ཀྱི་ཁམས་ན་བདེན་པ་བཞི་ལ་ཁོང་ཁྲོ་མ་གཏོགས་པའི་དགུ་དགུ་སྦྱར་བས་དགུ་བཞི་སུམ་ཅུ་རྩ་དྲུག་དང་། དེ་བཞིན་དུ་གཟུགས་མེད་པའི་ཁམས་ནའང་སུམ་ཅུ་རྩ་དྲུག་སྟེ་ཁམས་གོང་མ་གཉིས་ལ་བདུན་ཅུ་རྩ་གཉིས་དང་། དེའི་སྟེང་འདོད་པའི་ཁམས་ཀྱི་བཞི་བཅུ་བསྣན་པས་བརྒྱ་དང་བཅུ་གཉིས་སོ། ། སྒོམ་སྤང་བཞི་བརྒྱ་བཅུ་བཞི་ནི། དེ་ཡང་འདོད་པའི་ཁམས་ན་ཉོན་མོངས་པ་དྲུག་པོ་འདི་རྣམས་རེ་རེ་ལ་ཆེན་པོའི་ཆེན་པོ། ཆེན་པོའི་འབྲིང་། ཆེན་པོའི་ཆུང་ངུ། འབྲིང་གི་ཆེན་པོ། འབྲིང་གི་འབྲིང་། འབྲིང་གི་ཆུང་ངུ། ཆུང་ངུའི་ཆེན་པོ། ཆུང་ངུའི་འབྲིང་། ཆུང་ངུའི་ཆུང་ངུ་བཅས་དགུ་དགུར་ཕྱེ་བས་དགུ་དྲུག་ལྔ་བཅུ་རྩ་བཞི་དང་། གཟུགས་ཀྱི་ཁམས་སུ་བཤད་མ་ཐག་པའི་ལྔ་པོ་དེ་རྣམས་བསམ་གཏན་དང་པོ་ལ་སྔར་ལྟར་ཆེན་པོའི་ཆེན་པོ་སོགས་དགུས་བསྒྱུར་བས་དགུ་ལྔ་བཞི་བཅུ་ཞེ་ལྔ། དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ། བཞི་པ་བཅས་ལའང་བཞི་བཅུ་ཞེ་ལྔ་རེ་རྩིས་པས་བསམ་གཏན་བཞི་ལ་བརྒྱ་དང་བརྒྱད་ཅུ་ཐམ་པ། གཟུགས་མེད་བཞི་ལའང་བཞི་བཅུ་ཞེ་ལྔ་ཕྲག་བཞི་སྟེ་བརྒྱ་དང་བརྒྱད་ཅུ་ཐམ་པ་བཅས་དེ་ལྟར་ཁམས་གོང་མ་གཉིས་ལ་སུམ་བརྒྱ་དང་དྲུག་ཅུ་ཐམ་པ། དེའི་སྟེང་དུ་སྔར་འདོད་ཁམས་ཀྱི་སྒོམ་སྤང་ལྔ་བཅུ་རྩ་བཞི་བསྣན་པས་བཞི་བརྒྱ་དང་བཅུ་བཞིའོ། །

༢༥) ལས་རྣམ་པ་གཉིས་དང་ལྔར་ཕྱེ་ཚུལ་དང་ སེམས་པའི་ལས་ཀྱི་ངོ་བོ་དང་དབྱེ་བ་བཅས་བྲིས?


ཞུ་ལན) ལས་རྣམ་པ་གཉིས་དང་ལྔར་ཕྱེ་ཚུལ་ལས་ གཉིས་སུ་ཕྱེ་ན་བསམ་པའི་ལས་དང་སེམས་པའི་ལས་ཡིན་པ་དང་། རྣམ་པ་ལྔར་ཕྱེ་ན། མིག་ལ་སོགས་པ་དམིགས་པའི་ལས་དང་། ས་ལ་སོགས་པ་བྱེད་པའི་ལས་དང་།བསམ་པ་སྔོན་དུ་བཏང་བའི་ལུས་ལ་སོགས་པའི་རྩོལ་བའི་ལས་དང་། གསེར་མགར་སོགས་ཀྱིས་རྒྱན་ལ་སོགས་པར་བསྒྱུར་བའི་ལས་དང་། འཕགས་པའི་ལམ་ལ་སོགས་པ་འཐོབ་པའི་ལས་སོ། ། སེམས་པའི་ལས་ཀྱི་ངོ་བོ་ནི། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། དབྱེ་ན། བསོད་ནམས་དང། བསོད་ནམས་མ་ཡིན་པ་དང་མི་གཡོ་བའོ། །

༢༦) བསམ་པའི་ལས་ལ་ངོ་བོ་དང་རྟེན་གྱི་སྒོ་ནས་དབྱེ་བ་དང་ མི་དགེ་བའི་ལས་ལམ་བཅུ་བསྟན་པའི་རྩ་ཚིག་བྲིས?


ཞུ་ལན) བསམ་པའི་ལས་ཀྱི་ངོ་བོ་ནི། དབང་པོ་དང་བཅས་པའི་ཁོག་པ་ནི་བསགས་པས་ན་ལུས་ཏེ། དེ་གཡོ་བར་བྱེད་པ་ཉིད་ཀྱིས་ན་ལས་དང་། དོན་བརྗོད་པས་ན་ངག་གི་ལས་དང་། རྣམ་པར་ཤེས་པས་ན་ཡིད་དེ་ལུས་ངག་མི་འཇུག་པའི་དུས་ཀྱི་དེ་མཚུངས་ལྡན་གྱི་ལས་སོ། །རྟེན་གྱི་སྒོ་ནས་དབྱེ་ན། ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་གསུམ་མོ། ། མི་དགེ་བའི་ལས་ལམ་བཅུ་བསྟན་པའི་རྩ་ཚིག་ནི། སྲོག་གཅོད་མ་བྱིན་ལེན་ལོག་གཡེམ། ། རྫུན་དང་ཕྲ་མ་ཚིག་རྩུབ་འཁྱལ། ། བརྣབ་སེམས་གནོད་སེམས་ལོག་ལྟ་བཅུ། ། གཞི་བསམ་སྦྱོར་ཉོན་ཟིན་ལས་ལམ། ། ཞེས་གསུངས་སོ། །

༢༧) སེམས་ཡིད་རྣམ་ཤེས་གསུམ་གྱི་གོ་དོན་ཁ་གསལ་བྲིས་ནས་ཆོས་ཁམས་ཞེས་པ་ཇི་ལྟ་བུ་ལ་ཟེར་རམ་ དེའི་དབྱེ་བ་བཅས་ཞུ?


ཞུ་ལན) སེམས་ཀྱི་གོ་དོན་ནི། གཞུང་ལས།རྣམ་ཕུང་སེམས་དེ་རྣམ་ཤེས་སོ། ཀུན་གཞི་རྣམ་སྨིན་ལེན་རྣམ་ཤེས། །ཞེས་གསུངས་པ་ལྟར། རྣམ་པར་ཤེས་པའི་ཕུང་པོ་ལ་སེམས་དང་ཡིད་དང་ཀུན་གཞི་རྣམ་ཤེས་གསུམ་ཡོད་པ་ལས། ཀུན་གཞི་བསགས་པ་དང་། ཉོན་ཡིད་ནི་དོན་ལ་སེམས་པ་དང་། འཇུག་ཤེས་ནི་སྣ་ཚོགས་ལ་དམིགས་པས་ན་སེམས་ཞེས་བྱ་བ་ཡིན་ནོ། ཀུན་གཞི་ནི། དེ་དག་བག་ཆགས་བསགས་ཕྱིར་སེམས། །རྣམ་སྨིན་གྱི་བག་ཆགས་བསགས་པ་དང་། ཞེས་གསུངས་པ་ལྟར། བག་ཆགས་བསྒོར་རུང་བའི་རྣམ་པར་ཤེས་པ་དང་། འཁོར་བ་དང་མྱང་ངན་ལས་འདས་པའི་རྟེན། ངོ་བོ་རིག་པ་ཞིག་ལ་བཞག་པ་ཡིན་ནོ། ། ཡིད་ཀྱི་ག་དོན་ནི། དུས་རྟག་ཏུ་གསལ་བའི་རྣམ་པར་ངར་རློམ་པའི་བདག་ཉིད་ཅན་ཡིན་པས་ན་ཉོན་མོངས་པ་ཅན་གྱི་ཡིད་བཞག་པ་ཡིན་ནོ། ཉོན་མོངས་པའི་ཡིད་དེར་བརྟེན་པའི་འཇིག་ལྟ། ཆགས་པ། ང་རྒྱལ། བདག་ཏུ་རྨོངས་པའི་མ་རིག་པ་དང་མཚུངས་པར་ལྡན་པའི་ཉོན་མོངས་ཅན་ཡིན་པ་དང་། ཉོན་ཡིད་དེས་ཀུན་གཞི་དེར་དམིགས་པ་དང་། དེ་ཡང་དོན་དམ་ཤེས་པའི་ལམ་མངོན་གྱུར་དང་། འགོག་པའི་སྙོམས་པར་འཇུག་པ་དང་། མི་སློབ་པའི་ས་རུ་མི་འབྱུང་ལ། དེ་དག་མ་གཏོགས་པའི་དགེ་མི་དགེ་ལུང་མ་བསྟན་གྱི་གནས་སྐབས་ཐམས་ཅད་དུ་འགྲོ་བ་ཡིན་ནོ། ། རྣམ་ཤེས་ཀྱི་གོ་དོན་ནི། ཡུལ་སྣ་ཚོགས་རྣམ་པར་རིག་ཅིང་རྒྱུན་མི་བརྟན་པར་གྱུར་པའོ། ། ཆོས་ཁམས་ཞེས་པ་ནི། ངོས་འཛིན་གསལ་པོར་རྙེད་མ་སོང་། དབྱེ་ན། སྔར་བཤད་པའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་དང་། ཚོར་བ། འདུ་ཤེས། འདུ་བྱེད་ཀྱི་ཕུང་པོ་གསུམ་དང་། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་གང་ཡིན་པ་སྟེ་བསྡོམས་རྣམ་པ་བཅུ་དྲུག་ཡིན་ནོ། །

༢༨) ལུས་དང་ཡོངས་སུ་གཟུང་གཉིས་ཀྱིས།།འདས་དང་ད་ལྟའི་ཉེར་སྤྱོད་དྲུག།འཛིན་ཕྱིར་ཞེས་པའི་གཞུང་གི་བསྟན་དོན་བྲིས་ནས་སྐྱེ་མཆེད་བཅུ་གཉིས་སུ་གྲངས་ངེས་པར་བསྟན་པའི་རྩ་ཚིག་ཀུན་མཁྱེན་གྱི་གསུངས་པ་ལྟར་བྲིས?


ཞུ་ལན) གཞུང་འདིའི་བསྟན་དོན་ནི། མིག་ལ་སོགས་པའི་ལུས་དབང་པོ་དྲུག་གི་རྟེན་བྱས་པ་དང་། ཡོངས་སུ་གཟུང་བ་ཡུལ་དྲུག་གི་དམིགས་པ་བྱས་ནས། འདས་པའི་ཉེར་སྤྱོད་བཟུང་འཛིན་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་འཛིན་བཞིན་པའི་རྣམ་པར་ཤེས་པ་དྲུག་འབྲས་བུ་འཛིན་པའི་ཕྱིར་ན་བཅོ་བརྒྱད་དུ་བཞག་པ་ཡིན་ཞེས་པའི་དོན་ནོ། ། སྐྱེ་མཆེད་བཅུ་གཉིས་སུ་གྲངས་ངེས་པར་བསྟན་པའི་རྩ་ཚིག་ནི། གཉིས་ཉིད་མ་འོངས་པའི། །རྣམ་ཤེས་དྲུག་གི་སྐྱེ་སྒོའི་ཕྱིར། ཞེས་གསུངས་སོ། །

༢༩ གཟུགས་ཀྱི་ཕུང་པོའི་མཚན་ཉིད་ངོས་ཟུངས་ནས་དེ་བསྟན་པའི་རྩ་ཚིག་བྲིས?


ཞུ་ལན) གཟུགས་ཕུང་གི་མཚན་ཉིད་ནི། གནོད་པ་བྱ་རུང་བ་དང་ཡུལ་བརྟག་ཏུ་རུང་བ་རྣམ་གཉིས་ཀྱིས་གཟུགས་སུ་ཡོད་པའོ། དེ་བསྟན་པའི་རྩ་ཚིག་ནི། རེག་ཡུལ་དཔྱད་གཟུགས་རུང་། ཞེས་གསུངས་སོ། །

༣༠) མིག་གི་ཁམས་ཀྱི་མཚན་ཉིད་དང་ གཟུགས་ཀྱི་ཁམས་ཀྱི་མཚན་ཉིད། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་བཅས་སོ་སོར་བྲིས?


ཞུ་ལན) མིག་གི་ཁམས་ཀྱི་མཚན་ཉིད་ནི། གཞུང་ལས། གནས་དང་ཡུལ་དང་རང་མཚན་སྒོས། ཞེས་གསུངས་པ་ལྟར། མིག་ཤེས་ཀྱི་གནས་བྱས་པས་ཉེར་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ། དེ་བཞིན་རྣ་བའི་ཁམས་སོགས་ལ་ཡང་སྦྱར་བར་བྱའོ། གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་ནི། མིག་ཤེས་ཀྱིས་དམིགས་པར་བྱས་ནས་ཉེར་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ། དེ་བཞིན་སྒྲའི་ཁམས་སོགས་ལ་ཡང་སྦྱར་བར་བྱའོ། མིག་གི་རྣམ་པར་ཤེས་པའི་མཚན་ཉིད་ནི། མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ཀྱི་ངོ་བོ་རིག་ཅིང་ཉེར་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིག་པའོ། །

Post a Comment

0 Comments