༄༅། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ཡེ་ཤེས་ཀྱི་ངོ་བོ་ཉིད། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ཀྱང་བླ་མ་རིན་ཆེན་ཡིན། །འཁོར་བའི་རྒྱ མཚོ་མ་སྟོངས་བར། །འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཛད། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །བཀའ་བརྒྱུད་ཀྱང་བླ་མ་རིན་ཆེན་ཡིན། །འདས་དང་མ་འོངས་ད་ལྟ་རུ། །སྐུ་ཡི་བཀོད་པ་བསམ་མི་ཁྱབ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཡི་དམ་ཡང་བླ་མ་རིན་ཆེན་ཡིན། །གཟུགས་སྐུའི་སྣང་བ་སྣ་ཚོགས་པ། །མཐའ་དག་མ་ལུས་རྫོགས་པར་མཛད། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །མཁའ་འགྲོ་ཡང་བླ་མ་རིན་ཆེན་ཡིན། །སྐྱེ་མེད་ཆོས་སྐུའི་ངང་དུ་བཞུགས། །སྣང་བ་བདེ་སྟོང་དུ་བྱིན་གྱིས་རློབས། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་སྐྱོང་ཡང་བླ་མ་རིན་པོ་ཆེ། །སངས་རྒྱས་བསྟན་ལ་གནོད་བྱེད་པའི། །མི་དགེ་བའི་རྒྱུ་འབྲས་རྡུལ་དུ་རློག །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །གདམས་ངག་ཀྱང་བླ་མ་རིན་ཆེན་ཡིན། །གནས་ལུགས་སྤྲོས་བྲལ་ཆོས་སྐུ་རུ། །བྱིན་གྱིས་བརློབ་ཅིང་མངོན་དུ་མཛད། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཉམས་ལེན་ཡང་བླ་མ་རིན་ཆེན་ཡིན། །ལུས་སྲོག་ཆོས་ཀྱི་ཕྱོགས་སུ་འདོར། །ཆོས་བརྒྱད་ཚེ་འདིར་མཁའ་ལྟར་དག །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཉམས་མྱོང་ཡང་བླ་མ་རིན་ཆེན་ཡིན། །སེམས་བྱུང་ལས་དང་ཉོན་མོངས་དག །སེམས་ཉིད་ཟག་མེད་བདེ་བར་ཤར། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །སྒྲུབ་ཐབས་ཀྱང་བླ་མ་རིན་ཆེན་ཡིན། །སྣང་སྲིད་སྐུ་གསུམ་གྱི་དཀྱིལ་འཁོར་ལ། །ཐུན་དུ་མ་བཟུང་རྒྱུན་ཆད་མེད། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །བསྙེན་པ་ཡང་བླ་མ་རིན་ཆེན་ཡིན། །དུས་གསུམ་སངས་རྒྱས་ཐུགས་བསྐུལ་བའི། །གསོལ་འདེབས་སྔགས་ཀྱི་ང་རོ་སྒྲོག །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །དཔེ་ཆ་ཡང་བླ་མ་རིན་ཆེན་ཡིན། །གསུང་རབ་བཀའ་དང་བསྟན་བཅོས་རྣམས། །སྤྱོད་ལམ་རྣམ་ཐར་ཆོས་སུ་སྟོན། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཐབས་ལམ་ཡང་བླ་མ་རིན་ཆེན་ཡིན། །ཟབ་ལམ་བླ་མའི་མོས་གུས་ཀྱིས། །ཕུན་སུམ་ཚོགས་པའི་རྟེན་འབྲེལ་འགྲིག །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །སྒྲིབ་སྦྱོངས་ཀྱང་བླ་མ་རིན་ཆེན་ཡིན། །ཐུགས་དགོངས་ཆོས་ཉིད་རྒྱ་མཚོ་ལ། །སྤང་བྱའི་ཉེས་ལྟུང་ངང་གིས་དག །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །འགྲོ་དོན་ཡང་བླ་མ་རིན་ཆེན་ཡིན། །མཁྱེན་བརྩེ་ནུས་པར་ལྡན་པ་ཡིས། །གདུལ་བྱ་འཁོར་བ་དོང་སྤྲུག་མཛད། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོསརྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྒྱལ་ཁམས་ཀྱི་སྤྲང་པོ་བློ་བདེ་བདག །མི་གཅིག་ཆོས་གཅིག་ཡོན་ཏན་གཅིག །ས་གཅིག་ལམ་གཅིག་འབྲས་བུ་གཅིག །ཀུན་གོ་གཅིག་གིས་ཆོད་པ་ནི། །མོས་གུས་དཀར་པོ་ཆིག་ཐུབ་ཡིན། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཀུན་མཁྱེན་ཡང་བླ་མ་རིན་ཆེན་ཡིན། །ཀུན་ཁྱབ་བླ་མ་རིན་ཆེན་ཡིན། །ཀུན་འདུས་ཀྱང་བླ་མ་རིན་ཆེན་ཡིན། །གསོལ་འདེབས་གཅིག་པུས་ཆོག་པ་འདི། །གནད་རྣམས་གཅིག་ཏུ་དྲིལ་བ་ལགས། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །སྐྱབས་བྲལ་བ་མེད་ལ་སྐྱབས་སུ་མཆི། །སྐྱབས་འགྲན་ཟླ་བྲལ་ལ་སྐྱབས་སུ་མཆི། །སྐྱབས་འགྱུར་བ་མེད་ལ་སྐྱབས་སུ་མཆི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །སྐྱབས་གཉེན་གཅིག་པོ་ལ་སྐྱབས་སུ་མཆི། །སྐྱབས་མི་མཛད་གཏེར་ལ་སྐྱབས་སུ་མཆི། །མཚན་ལྡན་བླ་མས་བྱིན་གྱིས་རློབས། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་རིན་པོ་ཆེའི་སྐུ་དྲིན་གྱིས། །སྤྲང་མོས་གུས་ཀྱི་གཤོག་སྒྲོ་ནང་ནས་རྒྱས། །དཀར་བརྒྱུད་ཀྱི་བསྟན་པ་མཁའ་ལ་ལྡིང་། །འཁོར་འདས་གཉིས་མེད་ཀྱི་ནམ་འཕང་སྤྱོད། །ཕ་རྗེས་བུ་ཡིས་ཟིན་པར་ཤོག །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །གསོལ་འདེབས་ཡོན་ཏན་ཀུན་འབྱུང་འདི། །ཚེ་གཅིག་སངས་རྒྱས་རྟེན་འབྲེལ་ཡིན། །ཆིག་ཆོག་རྒྱལ་པོ་ངོ་མཚར་ཆེ། །བན་བུན་མང་པོ་མེད་པར་ཤོག །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །བླ་མ་དུས་གསུམ་སངས་རྒྱས་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་ནས་ཀྱང་། །ཚེ་འདི་བློ་ཡིས་ཐོངས་པ་དང་། །རྟག་ཏུ་བླ་མ་བསྒྲུབ་པར་ཤོག །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སྤྱིལ་དཀར་བས་མཛད་པའོ།། །།
🙏🙏🙏🙏🙏🙏🙏🙏🙏🙏🙏

0 Comments
ཐུགས་འཆར་བཀོད་གནང་།