༄༅། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །
ལན་གསུམ། འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང༌། །བརྩེ་བས་གཞན་དོན་ཡལ་བ་མི་འདོར་བར། །ནུས་པས་བདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །
སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ཕན་སངས་རྒྱས་མྱུར་འགྲུབ་ཤོག །
ཅེས་ལན་གསུམ། ཚད་མེད་བཞི་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །
ཅེས་ལན་གསུམ། དངོས་གཞི་ལྷ་བསྐྱེད་ནི། སྐད་ཅིག་རང་ཉིད་བཅོམ་ལྡན་སྨན་གྱི་བླ། །སྐུ་མདོག་བེེེེཌཱུརྱ་ཡི་རི་བོ་འདྲ། །ཕྱག་གཡས་མཆོག་སྦྱིན་མཐིལ་ན་ཨ་རུ་ར། །གཡོན་པ་མཉམ་བཞག་སྟེང་ན་ལྷུང་བཟེད་འཛིན། །ཞབས་གཉིས་སྐྱིལ་ཀྲུང་ཆོས་གོས་རྣམ་གསུམ་གསོལ། །སྣང་སྟོང་བར་སྣང་འཇའ་མཚོན་བཞིན་དུ་གསལ། ། ཐུགས་ཀར་ཟླ་སྟེང་ༀ་མཐར་སྔགས་ཀྱིས་བསྐོར། །འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་གྱུར། །
བཟླ་བྱའི་སྔགས་ནི། ཏདྱ་ཐཱ། ༀ་བྷེེ་ཥ་ཛྱེ་བྷེ་ཥ་ཛྱེ། མཧཱ་བྷེ་ཥ་ཛྱེ། རཱ་ཛ་ས་མུངྒ་ཏེ་སྭཱཧཱ།
ཞེས་ཅི་ནུས་བཟླས། དགེ་བསྔོ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །
སྨོན་ལམ་ནི། ཧཱུྃ། བཅོམ་ལྡན་སྨན་གྱི་རིགས་ཀྱི་ལྷ་ཚོགས་ལ། །ཕྱག་འཚལ་མཆོད་བསྟོད་ཕུལ་བའི་བསོད་ནམས་ཀྱིས། །དུག་ལྔ་ལས་བྱུང་ནད་རིགས་ཀུན་ཞི་ནས། །ཡང་དག་བདེ་བའི་གོ་འཕང་ཐོབ་པར་ཤོག །བཅོམ་ལྡན་སྐུ་ཡི་རིཊ་ཀྱི་ལྷ་ཚོཊ་རྣམས། །གཏི་མུག་རྣམ་པར་དག་པའི་བྱིན་རླབས་ཀྱིས། །དེ་ལས་བྱུང་བའི་ནད་རིགས་ཀུན་ཞི་ནས། །མཐར་ཐུག་ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག །བཅོམ་ལྡན་གསུང་གི་རིགས་ཀྱི་ལྷ་ཚོགས་རྣམས། །འདོད་ཆཊ་རྣམ་པར་དག་པའི་བྱིནརླབས་ཀྱིས། །དེ་ལས་བྱུང་བའི་ནད་རིགས་ཀུན་ཞི་ནས། །མཐར་ཐུག་སོར་རྟོག་ཡེ་ཤེས་རྟོགས་པར་ཤོག །
བཅོམ་ལྡན་ཐུགས་ཀྱི་རིགས་ཀྱི་ལྷ་ཚོགས་རྣམས། །ཞེ་སྡང་རྣམ་པར་དག་པའི་བྱིན་རླབས་ཀྱིས། །དེ་ལས་བྱུང་བའི་ནད་རིགས་ཀུན་ཞི་ནས། །མཐར་ཐུག་མེ་ལོང་ཡེ་ཤེས་རྟོགས་པར་ཤོག །བཅོམ་ལྡན་ཡོན་ཏན་རིགས་ཀྱི་ལྷ་ཚོགས་རྣམས། །ང་རྒྱལ་རྣམ་པར་དག་པའི་བྱིན་རླབས་ཀྱིས། །དེ་ལས་བྱུང་བའི་ནད་རིགས་ཀུན་ཞི་ནས། །མཐར་ཐུག་མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག །བཅོམ་ལྡན་འཕྲིན་ལས་རིགས་ཀྱི་ལྷ་ཚོགས་རྣམས། །ཕྲག་དོག་རྣམ་པར་དག་པའི་བྱིན་རླབས་ཀྱིས། །དེ་ལས་བྱུང་བའི་ནད་རིགས་ཀུན་ཞི་ནས། །མཐར་ཐུག་བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག །རྫོགས་སངས་རྒྱས་དང་ལུང་རྟོགས་དམ་པའི་ཆོས། །བྱང་སེམས་དགེ་འདུན་བཀའ་སྡོད་ཆོས་སྐྱོང་ཚོགས། །དྲང་སྲོང་སྨན་གྱི་རིག་འཛིན་བདེན་པའི་མཐུས། །རིམས་ནད་མ་ལུས་མྱུར་དུ་ཞི་གྱུར་ཅིག །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་། །ཆོས་ཅན་རྒྱུ་འབྲས་བསླུ་མེད་བདེན་པའི་སྟོབས། །བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག །ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །བཀྲ་ཤིས་ནི། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེེཌཱུརྱ་ཡི་འོད་ཀྱི་བཀྲ་ཤིས་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་དང༌། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། །།དྲིན་ཅན་རྩ་བའི་བླ་མ་སྐྱབས་རྗེ་རྡོ་རྗེ་འཆང་བ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པའི་གསུང་རྩོམ་བྱིན་ཅན་ཡིན་ནོ།། དགེའོ།།
0 Comments
ཐུགས་འཆར་བཀོད་གནང་།